Web Toolbar by Wibiya
 
ནགས་ཤོད་སྐལ་རྒྱན།

galgyan1

ནགས་ཤོད་སྐལ་རྒྱན། 

 

སེར་ལྷོ་སྐལ་བཟང་རྒྱལ་མཚན་ནི་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་དུ་གྲགས་པའི་ནང་ཚན་ནགས་ཤོད་འབྲི་རུ་རྗེའུ་ཆུང་གྲོང་དུ་ཕ་དགའ་བ་དང༌། མ་འཛུམ་མོ་གཉིས་ཀྱི་རིགས་རྒྱུད་དུ་སྐྱེས།

བྱིས་པའི་རྩེ་རྒོད་ཀློང་ནས་རྩམ་ཟན་བོད་པའི་ མངར་སྐྱུར་འཚོ་བས་ལང་ཚོའི་མྱུ་གུ་རིམ་བཞིན་བརྟས།    བཤོལ་དུ་མེད་པའི་ལས་དབང་ཞིག་གིས་རང་ལོ་བཅུ་དྲུག་སྟེང་དགེ་བའི་བཤེས་གཉེན་སྐལ་བཟང་བསླབ་གསུམ་ཞལ་སྔ་ནས་གཙུག་ཕུད་བཞེས།    བཅུ་བདུན་སྐབས་ཁྱུང་སྤྲུལ་སྐལ་བཟང་བསྟན་འཛིན་ལགས་ཀྱི་ཞལ་སྔ་ནས་རབ་ཏུ་བྱུང༌། ཆོས་མིང་སྐལ་བཟང་རྒྱལ་མཚན་ཞེས་བསྩལ། ཞང་ཞུང་པ་ཆོས་དབང་གྲགས་པའི་གདན་ས་འབྲི་རུ་དགོན་དུ་སྒྲིག་ཞུགས་བྱས། སློབ་དཔོན་དགེ་ལེགས་རྒྱལ་མཚན་དང༌།  བསྟན་འཛིན་འཕྲིན་ལས་གཉིས་ཀྱི་ཞལ་སྔ་ནས་གསང་བདེ་འཇིགས་གསུམ། ཀུན་རིག་བསྐང་གསོ་སོགས་དགོན་དེའི་འདོན་ཆོག་སྦྱང་བརྩོན་གྱིས་རྒྱུགས་འབུལ་ཞུས༌།  ༡༩༩༣/༩ /༡༡   ཉིན་འཕགས་ཡུལ་དུ་ཐོན་ཏེ་དཀའ་ཚེགས་དུ་མའི་ལམ་འཕྲང་བརྒྱུད་ལོ་གཅིག་གི་རྗེས་སྟེ ༡༩༩༤ ལོར ྋ གོང་ས་མཆོག་གི་གསེར་ཞལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ་སྟེ། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་སེར་བྱེས་མཁས་སྙན་གྲ་ཚང་དུ་སྒྲིག་ཞུགས་བྱས། 

         སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་མཆོག་དང༌། མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་མཆོག  །རྒན་བསྟན་འཛིན་ཡོན་ཏན་མཆོག་ལ་སོགས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱི་བཀའ་དྲིན་ལས།   མི་ལོ་ཉེར་གཅིག་རིང་རིགས་ལམ་ནས་གཞུང་ཆེན་བཀའ་པོད་ལྔ་ལ་སློབ་གཉེར་མཐར་སོན་བྱས༢༠༠༤ ལོར་ཕར་ཕྱིན་སློབ་མཐར་སོན་པའི་རབ་འབྱམས་པའི་ཕྱག་ཁྱེར་དང༌། ༢༠༠༨ ལོར་དབུ་མ་མཐར་སོན་གྱི་རབ་འབྱམས་པའི་ཕྱག་ཁྱེར་བླངས། ལོ་ངོ་དེ་དག་ཏུ་ ྋ གོང་ས་མཆོག་གི་ཞལ་སྔ་ནས་དབང་ལུང་མན་ངག་མཐའ་ཡས་པར་གནང་་བའི་སྐལ་བཟང་བགོ་སྐལ་བླ་མེད་ཐོབ།   སློབ་གཉེར་ཀྱི་ཞོར་དུ་དཔེ་ཁྲིད་དང༌།  སུམ་རྟགས་སོགས་འཆད་ཁྲིད་བྱས། གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་དུ་ཉིན་གསུམ་རིང་གྲྭ་ཚང་གཉིས་ཀྱི་མཁས་དབང་ཉི་ཤུ་ཙམ་འདུས་པའི་བརྡ་སྤྲོད་བགྲོ་གླེང་ཐོག་རྩོམ་ཤོག་སྒྲོག་སྦྱང་དང་དྲི་བ་དྲིས་ལན་སོགས་ཀྱི་ཆ་ཤས་བླངས།  ལྷོ་མཐའི་ཁ་བ་དང༌།   ཅང་ཤེས་རྨིག་སྒྲ།   ནགས་ལྷའི་སྒྲོན་མེ།   སེར་ལྷོའི་རིག་མཛོད་གསེར་གྱི་ལྡེ་མྀག་སོགས་སུ་དཔྱད་རྩོམ་དང༌།   འབོལ་རྩོམ།   སྙན་རྩོམ། བསྟོད་ཚིག་སོགས་རྩོམ་ཡིག་མང་དུ་སྤེལ། ༢༠༠༧ ནས་ལོ་གཉིས་རིང་ཁམས་ཚན་དབུ་མཛད་ཀྱི་ལས་ཁུར་དང༌། 

        ༢༠༠༩ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་སྲི་ཞུ་ལས་དོན་ལོ་གཅིག་ཆབ་རིལ་ལས་ཁུར་ཞུས།  ༢༠༡༢ ལོར་རི་བོ་དགེ་ལྡན་གཙུག་ལག་སློབ་གཉེར་ཁང་ཆེན་མོར་དགེ་ལུགས་རྒྱུགས་སྤྲོད་འཛུལ་ཞུགས་དང༌། ༢༠༡༣ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་ལྷ་རམས་འཛིན་གྲྭར་འཛུལ་ཞུགས་ཀྱིས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བཀའ་རམས་ལོ་རིམ་དང་བཉིས་དང༌། སློབ་དཔོན་ལོ་རིམ་དང་གཉིས་བཅས་རྒྱུགས་འབྲས་མཐར་སོན་དང༌། ལྷ་རམས་ལོ་རིམ་དང་པོའི་རྒྱུགས་སྤྲོད་འགྲོ་བཞིན་ཡོད།  ཞོར་དུ་ ༢༠༡༢ ནས་<<ནགས་ལྷའི་སྒྲོན་མེ་ >>ཞེས་པའི་དུས་དེབ་ལོ་བཞིར་རྩོམ་སྒྲིག་དང༌།  བོད་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་དང་ ། རིག་གཞུང་དང་འབྲེལ་བའི་སྙན་རྩོམ་འགྲན་བསྡུར་སོགས་གོ་སྒྲིག་ཞུས།  ༢༠༡༥ ལོར<<ྋགོང་ས་ ྋསྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་ >> ཞེས་པ་གྱ་སྟོན་སྲུང་བརྩི་ཞུ་བའི་ཆེད་དེབ་ཅིག་རྩོམ་སྒྲིག་དང་ད་ཆར་སྐབས་གཉིས་པའི་ནགས་ལྷ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་དང་ནགས་ལྷ་གནའ་དེང་གཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་འཛིན་སྐྱོང་བའི་ལས་ཁུར་ཞུ་བཞིན་པ་བཅས་སོ།།

ལོ་རྒྱུས་འདི་ཐེངས་ 11176 བཀླགས་འདུག