Web Toolbar by Wibiya
 
འབྲི་སྐལ་བཟང་།

132433 170479326324339 8377093 oནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན། འབྲི་སྐལ་བཟང་།

ནགས་ཤོད་འབྲི་ལྗོངས་ཕྱུག་མོ་ནས་ལང་ཚོའི་འཕེལ་ཁ་རྒྱས་ཤིང་འཕགས་ཡུལ་ལྷོ་ཡི་ཕྱོགས་སུ་རིག་པའི་གནས་ལ་བརྩོན་པའི་འབྲི་སྐལ་བཟང་གི་ལོ་རྒྱུས་ལས་སློབ་ཁྲིད་དང་ལས་ཀའི་ཉམས་མྱོང་།བགྲོ་གླེང་དང་ཟབ་སྦྱོང་ལ་བཅར་བ་བཅས་ཀྱི་སྐོར།

རྡ་སར་༧གོང་ས་མཆོག་དབུ་བཞུགས་ཐོག་ལུས་དང་སེམས་ཞེས་པའི་བགྲོ་གླེང་ལ་བཅར། ཝ་ཎ་མཐོ་སློབ་ཏུ་ྋགོང་ས་མཆོག་དབུ་བཞུགས་ཀྱི་བགྲོ་གླེང་ལ་བཅར། སྤྱི་ལོ་ ༢༠༠༡ ལོར་ཚན་རིག་གི་ཟབ་སྦྱོང་ལ་ཕྱིན། དངོས་ཁམས་རིག་པ་དང་། སྐྱེས་དངོས་རིག་པ། ཨང་རྩིས་རིག་པ་བཅས་གཙོ་བོའི་སློབ་ཚན་དང་། གནམ་རིག་དང་འཁོར་ཡུག་གི་སྐོར་སོགས་དེང་རབས་ཀྱི་ཤེས་བྱའི་རྣམ་གྲངས་ཁག་ལ་བརྩོན་པ་བྱས། ཟབ་སྦྱོང་ལོ་ལྔ་པ་གྷོ་པལ་པུལ་བོད་ཁྱིམ་སློབ་གྲྭར་འཚོག་སྐབས་ཚན་རིག་ལ་མཁས་པའི་ཤཱཀྱའི་དགེ་སྦྱོང་ཞེས་འཁོད་པའི་ལག་ཁྱེར་ཐོབ། མུ་མཐུད་ཚན་རིག་སྣེ་ཁྲིད་ཀྱི་ཟབ་སྦྱོང་འཛིན་གྲྭར་ཞུགས། སྔོན་གྱི་སློབ་ཚན་རྣམས་ལ་བསྐྱར་སྦྱོང་ལྟ་བུ་དང་། དབང་རྩ་རིག་པ་དང་གནམ་རིག་སོགས་ཀྱི་སྐོར་ལ་སྦྱངས། ཟབ་སྦྱོང་ལོ་བཅུ་པ་སྦེར་གཞིས་རྫོང་གསར་ལ་འཚོག་སྐབས་ཚན་རིག་སྣེ་ཁྲིད་སློབ་ཐོན་པ་ཞེས་འཁོད་པའི་ལག་ཁྱེར་ཐོབ། མུ་མཐུད་ཨེ་མོ་རི་ཞེས་པའི་ཨ་རིའི་མཐོ་སློབ་ཞིག་དང་བོད་གཞུང་དཔེ་མཛོད་ཁང་ཟུང་འབྲེལ་གྱི་སྒོ་ནས་གོ་སྒྲིག་གནང་བའི་ལོ་ལྔའི་འཆར་གཞི་ཅན་གྱི་འཛིན་གྲྭར་ཞུགས། སློབ་ཚན་མཐར་ཕྱིན་པའི་ལག་ཁྱེར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ནས་དངོས་སུ་ཐོབ་པའི་སྐལ་བ་ཐོབ། དགའ་ཤར་སློབ་གྲྭར་བོད་ཀྱི་བརྡ་སྤྲོད་རིག་པའི་སྐོར་དང་རྒྱལ་རབས་ཆོས་འབྱུང་བཅས་སློབ་ཁྲིད་བྱས། མོན་གྷོ་སློབ་གྲྭར་འཛིན་གྲྭ་བཅུ་གཅིག་དང་བཅུ་གཉིས་བོད་ཡིག་ཆེད་སྦྱོང་འཛིན་གྲྭར་བརྡ་སྤྲོད་རིག་པའི་སྐོར་སློབ་ཁྲིད་དང་། འཛིན་གྲྭ་བཅུ་པ་ཡན་གྱི་སློབ་མ་རྣམས་ལ་ནང་ཆོས་དང་རྒྱལ་རབས་ཆོས་འབྱུང་སོགས་ངོ་སྤྲོད་བྱས། དགའ་ཤར་ཤེས་ཡོན་ཚོགས་ཆུང་དུ་དཀྱིལ་འཁོར་བྲིས་ཐིག་དང་གར་འཆམ་སོགས་སློབ་ཁྲིད་བྱས། དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་འདོན་སྒྲིག་སྐབས་ཀྱི་ཞུ་སྒྲིག་པ་བྱས། དགའ་ཤར་སློབ་གྲྭའི་སློབ་དེབ་ཕྱོགས་སྒྲིག་སྐབས་ཀྱི་ཞུ་དག་པ་དང༌གློག་ཀླད་དུ་འཇུག་པོ། དགའ་ཤར་གྲྭ་ཚང་གི་རྒྱུགས་སྤྲོད་ཆེན་མོའི་སྐབས་བརྒྱ་ཆ་སྤྲོད་མཁན་དང་ལྟ་རྟོག་པ་བཅས་བྱས། དགའ་ཤར་གྲྭ་ཚང་གི་བོད་དྲུང་། དགའ་ཤར་དཔེ་མཛོད་ཁང་དུ་གསུང་རབ་དཔར་སྐྲུན་གྱི་ལས་རིམ་ཁག་གཅིག་གི་ཞུ་དག་པ། དགའ་ཤར་ལྷོ་པ་ཁང་ཚན་གྱི་དབུ་མཛད་བཅས་བྱས། རྡ་ས་གངས་སྐྱིད་དུ་ཚན་རིག་འགྲེམས་སྟོན་སྐབས་འགྲེལ་བཤད་བྱེད་པོ། མོན་གྷོ་འབྲས་སྤུངས་སུ་ཚན་རིག་འགྲེམས་སྟོན་སྐབས་འགྲེལ་བཤད་བྱེད་པོ་བཅས་བྱས། མོན་གྷོ་སློབ་གྲྭ་དབུས་མའི་ནང་དུ་ནང་ཆོས་དང་ཚན་རིག་སྐོར་གྱི་གཏམ་བཤད་དང་དྲི་བར་ལན་འདེབས་ཀྱང་བྱས། སྤྱི་ལོ་ ༢༠༡༠ དང་ ༢༠༡༢ སོ་སོར་དགའ་ཤར་གྲྭ་ཚང་གིས་མངགས་པ་བཞིན་སིང་གྷ་པོར་འགྲོ་ཕན་གླིང་ཆོས་ཚོགས་སུ་ཐེངས་གཉིས་ཕྱིན། གཙོ་བོར་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། དེ་མིན་ས་གནས་དེའི་ཡུལ་སྲོལ་གོམས་གཤིས་དང་གནའ་དེང་གི་བསམ་བློའི་ཁ་ཕྱོགས། དེང་རབ་ཀྱི་ལྟ་བ་དང་སྲོལ་རྒྱུན་དད་ཞེན་བཅས་ཀྱི་སྐོར་ལ་རྒྱུས་ལོན་གང་ཐུབ་བྱས། སྤྱི་ལོ་ ༢༠༡༢ ལོར་བོད་གཞུང་དཔེ་མཛོད་ཁང་གིས་ལམ་སྟོན་བཞིན་ཨ་རིའི་གྲོང་ཁྱེར་སེན་ཧྥི་རན་སིས་སི་ཀོ་ཞེས་པར་ཕྱིན་ནས་ཨིག་སི་པི་ལོ་ར་ཊུ་རིམ་ཞེས་པའི་འགྲེམ་སྟོན་ཁང་ཆེན་མོའི་ནང་དུ་དབང་པོ་ལྔ་དང་ཡུལ་ལྔའི་སྐོར་ནང་ཆོས་དང་ཚན་རིག་སོ་སོའི་འདོད་སྟངས་སྐོར་གྱི་འགྲེམས་སྟོན་སྐབས་འགྲེལ་བཤད་བྱེད་པོ་བྱས། ཟུར་དུ་མཁས་དབང་བརྒྱ་ཕྲག་ཙམ་མཉམ་འཛོམས་ཐོག་སྔགས་ཕྱོགས་འདོན་ཆ་དང་སྒྲ་དབྱངས་བཅས་ཀྱི་སྐོར་འགྲེལ་བཤད་དང་དྲི་བར་ལན་འདེབས་བཅས་བྱས། དེ་མིན་དབང་རྩའི་ཚན་རིག་གི་བསྟི་གནས་འགའ་ཞིག་ལ་ཕྱིན་ནས་དབང་རྩའི་སྐོར་དང་། སྒོམ་གྱི་ནུས་པས་དབང་རྩ་ལ་འགྱུར་བ་འགྲོ་སྟངས་ཀྱི་སྐོར་ལ་གོ་རྒྱ་བསྐྱེད། ལྷག་པར་དུ་གྷོ་གྷལ་གནམ་དཔྱད་ཁང་གི་འབབས་ཚུགས་ཁག་ལ་སྐོར་བསྐྱོད་དང་དེ་འབྲེལ་གྱི་ཤེས་བྱ་ཁག་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་ཐོབ། སྤྱི་ལོ་༢༠༡༦ ལོར་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ཆེད་ནོར་ཝེ་རྒྱལ་ཁབ་ལ་ཕྱིན། ཞོར་དུ་ཧོ་ལེན་དང་། བྷེལ་ཇམ། ཕ་རན་སི་བཅས་ལ་ཕྱིན་ནས་རྒྱལ་ཁབ་དེ་དག་གི་གྲགས་ཅན་གྱི་ས་གནས་དང་འགྲེམ་སྟོན་ཁང་སོགས་ལ་ལྟ་སྐོར་དང་ས་གནས་དེ་དག་གི་ཡུལ་སྲོལ་གོམས་གཤིས་དང་། ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ་སྤྱི་ཚོགས་ཀྱི་གནས་སྟངས་སྐོར་ལ་རྒྱུས་ལོན་གང་ཐུབ་བྱས། སྤྱི་ལོ་ ༢༠༡༣ ནས་ ༢༠༡༦ བར་ལོ་བཞིའི་རིང་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་དང་། བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་ཟབ་སྦྱོང་གོ་སྒྲིག་བྱས། སྤྱི་ལོ་ ༢༠༡༣ ལོར་ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་རིམ་སྙན་ངག་འགྲན་རྩོམ་ཆེན་པོ་གོ་སྒྲིག་བྱས། སྤྱི་ལོ་ ༢༠༡༥ ལོར་དགའ་ཤར་ཚན་རིག་སྡེ་ཚན་དུ་ཨ་རིའི་ཨེ་མོ་རི་མཐོ་སློབ་དང་བོད་གཞུང་དཔེ་མཛོད་ཀྱི་ལས་འཆར་བཞིན་ཟླ་བ་གཅིག་རིང་གི་ཚན་རིག་ཟབ་སྦྱོང་གོ་སྒྲིག་བྱས། དགའ་ཤར་གྲྭ་ཚང་གི་སྒྲིག་གཞི་རྩོམ་སྒྲིག་པ། མོན་གྷོ་ལོ་རྒྱུས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ། ལྷོ་མཐའི་ཁ་བ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ། ༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་གྱི་རྩོམ་སྒྲིག་པ་བཅས་བྱས། ༼   ད་ལྟའི་སྐབས།༽  སྤྱི་ལོ་ ༢༠༠༩ ལོར་ནགས་ལྷ་རྩོམ་སྒྲིག་ཁང་གསར་དུ་བཙུགས་པ་ནས་བཟུང་ད་ལྟའི་བར་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་གྱི་ལས་ཀ་བྱེད་བཞིན་པ་དང་། ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཅེས་པའི་དྲ་རྒྱ་འཛིན་སྐྱོང་བ། དགའ་ཤར་ཚན་རིག་སྡེ་ཚན་གྱི་དྲུང་ཆེ། སྦྲ་སོག་འབྲི་གསུམ་མཉམ་སྒྲིལ་ཚོགས་པའི་ཚོགས་གཞོན། ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ། སྦྲ་སོག་འབྲི་གསུམ་དུས་དེབ་ཀྱི་རྩོམ་སྒྲིག་པ། དགའ་ཤར་ཚན་རིག་སྡེ་ཚན་གྱི་དུས་དེབ་རྩོམ་སྒྲིག་པ། དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གིས་མངགས་པ་བཞིན་སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ཚིག་དང་འགྲེལ་ཚིག་བསྡུ་སྒྲིག་གི་རྩོམ་སྒྲིག་པ། བོད་གཞུང་དཔེ་མཛོད་ཁང་གི་ལམ་སྟོན་བཞིན་དབང་པོ་ལྔ་དང་ཡུལ་ལྔའི་སྐོར་ལ་ཉམས་ཞིབ་བྱེད་བཞིན་པ་བཅས་ཡིན།

 

ལོ་རྒྱུས་འདི་ཐེངས་ 768 བཀླགས་འདུག