Web Toolbar by Wibiya
 
འཇམ་དབྱངས་ཆོས་དར།

Jamyangའཇམ་དབྱངས་ཆོས་དར་ནི་སྤྱི་ལོ་༡༩༨༡ལོར་མདོ་ཁམས་ནགས་ཤོད་འབྲི་རུ་གཡུ་སྣ་གྲོང་དུ་ཕ་ཚེ་རིང་རྡོ་རྗེ་དང་མ་གཡུ་མཚོ་གཉིས་ཀྱི་བུ་རུ་སྐྱེས། རང་ལོ ༨ ནས ༡༧ བར་ཁྲ་རིང་འུར་རྡོ་སྐད་ལ་འཛེར་ནས་ཕྱུགས་རིགས་དཀར་ནག་གི་རྨིག་རྗེས་དེད། རང་ལོ་༡༨ སྐབས་སུ་འབྲོང་སྣ་དགོན་བདེ་ཆེན་དཔལ་འབར་གླིང་གི་དཀའ་བཅུ་མཁྱེན་རབ་ཆོས་གྲགས་སྐུ་མདུན་དུ་སྐྲ་ཕུད་ཕུལ་ནས་འབྲོང་སྣ་དགོན་གྱི་ཆོས་སྒོར་ཞུགས། སློབ་དཔོན་ཐར་འདོད་རྒྱལ་མཚན་མཆོག་བཤེས་གཉེན་དུ་བསྟེན་ནས་དགོན་དེའི་འདོན་ཆོག་ཆ་ལག་དང་བཅས་པ་གར་ཐིགས་དབྱངས་སོགས་སྦྱང་བརྩོན་ལེགས་པར་བྱས། ལྷ་བཟོ་བ་ཆབ་མདོ་འཇམ་དབྱངས་དཔལ་ལྡན་མདུན་ནས་ལྷ་བཟོ་ལོ་གསུམ་སྦྱངས།


རང་ལོ་༢༠ སྐབས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་སྐལ་བཟང་བསླབ་གསུམ་མཆོག་གི་ཞལ་སྔ་ནས་ཀྱིས་མཁན་པོ་མཛད་ནས་གྲངས་ཚང་བ་དད་པའི་དགེ་འདུན་གྱི་དབུས་སུ་ཚིགས་སྔ་མ་དགེ་ཚུལ་དང་ཚིགས་ཕྱི་མ་དགེ་སློང་གི་སྡོམ་པ་ལེགས་པར་མནོས། སྔོན་བསགས་ལས་སྨོན་བཟང་པོའི་མཚམས་སྦྱོར་ཞིག་གིས་སྤྱི་ལོ་༢༠༠༠ལོ་གྲོགས་འགའ་ཞིག་དང་མཉམ་དུ་ཧེ་མ་ལ་ཡི་འཁྱག་རོམ་བརྒལ་ནས་འཕགས་ཡུལ་དུ་འབྱོར། ᨊགོང་ས་ᨊསྐྱབས་མགོན་མཆོག་གི་གསེར་ཞལ་དངོས་སུ་མཇལ་བའི་སྐལ་བཟང་ལེགས་པར་ཐོབ། དེ་ནས་སེར་བྱེས་མཁས་སྙན་གྲྭ་ཚང་གི་ཆོས་སྒོར་ཞུགས་པའི་སྐལ་བཟང་བྱུང་བ་བཞིན་འགོ་བསྡུས་གྲྭ་ཁ་དོག་དཀར་དམར་ནས་བཟུང་བསྡུས་གྲྭའི་གཞུང་ལ་ལོ་གསུམ་རིང་སྦྱང་བརྩོན་དང་། དེ་ནས་རིམ་བཞིན་ཕར་ཕྱིན་གཞུང་ལ་ཐོས་བསམ་སློབ་གཉེར་གྱི་སྐལ་བཟང་དང་དུ་བླངས་ཏེ། ཕར་ཕྱིན་ལ་སྦྱང་བརྩོན་ལྷོད་མེད་བྱས། འཛིན་གྲྭ་གཞུང་རྙིང་སྐབས་སུ་སེར་བྱེས་མཁས་སྙན་གྲྭ་ཚང་གི་
རིགས་ཆུང་རྒྱུགས་སྤྲོད་ཐོག་བློ་གསལ་རིགས་སྨྲའི་ཁྱུ་ཚོགས་ཀྱི་དབུས་སུ་ཨང་ཐོབ་རྩེར་སོན་བཞིན་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་རིགས་ཆུང་ཚོགས་ལངས་ཀྱི་སྐལ་བཟང་མངོན་དུ་བསུས། དེ་ནས་རིམ་བཞིན་ཕར་ཕྱིན་གཞུང་ལུགས་ལོ་བདུན་རིང་སྦྱང་བརྩོན་ལྷོད་མེད་བྱས་འབྲས་སུ་ཕར་ཕྱིན་སློབ་གཉེར་མཐར་སོན་བྱུང་སྟེ།
སྤྱི་ལོ་༢༠༠༩ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་ཕར་ཕྱིན་རབ་འབྱམས་ཀྱི་ཕྱག་ཁྱེར་བླངས། དེ་ནས་རིམ་བཞིན་ཟབ་ལམ་དབུ་མའི་གཞུང་ལ་ཐོས་བསམ་གྱི་སྐལ་བཟང་བྱུང་བ་བཞིན་ལོ་བཞིའི་རིང་དབུ་མའི་གཞུང་ལུགས་སྦྱངས་པ་མཐར་སོན་བྱུང་ནས་སྤྱི་ལོ་༢༠༡༣ལོར་སེར་བྱེས་མཁས་སྙན་གྲྭ་ཚང་གི་མཁས་མང་འདུས་པ་རྒྱ་མཚོའི་དབུས་སུ་དབུ་མ་རབ་འབྱམས་པའི་ཕྱག་ཁྱེར་བླངས། དེ་ནས་ལོ་གསུམ་རིང་འདུལ་བ་སྦྱངས་པ་མཐར་སོན་ནས་ད་སྐབས་མངོན་པ་མཛོད་ལ་སློབ་གཉེར་བྱེད་བཞིན་པ་དང་། སྤྱི་ལོ་ ༢༠༡༦ ལོར་སློབ་གཉེར་གྱི་ཞོར་དུ་ནགས་ལྷ་རྩོམ་སྒྲིག་ཁང་གི་སྐབས་གསུམ་པའི་རྩོམ་སྒྲིག་པའི་ལས་ཁུར་ཞུ་བཞིན་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པའོ།

 

 

ལོ་རྒྱུས་འདི་ཐེངས་ 636 བཀླགས་འདུག