Web Toolbar by Wibiya
 
རྩོམ་བསྡུའི་གསལ་བརྡ། Thursday, 01 October 2015 03:53 PDF Print E-mail

༄༅། །དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།
ཆེད་ཞུ།
ང་ཚོ་ཁ་བ་གངས་ཅན་པའི་རིག་གཞུང་རྣམས་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན།  གནས་པ་གོང་འཕེལ་དུ་འགྲོ་བའི་ཆ་རྐྱེན་ནམ་གཞི་རྩ་གཙོ་བོ་ནི་བོད་ཡིག་འདི་ཡར་རྒྱས་གཏོང་ཐུབ་མིན་ལ་རག་ལས་ཡོད་པའི་ཚུལ་ནི་བསྐྱར་བཤད་དང་ཡང་བཤད་ཅི་ལ་དགོས།  གཙོ་བོར་ང་ཚོས་སྐད་ཡིག་འདི་ཉིད་གཅེས་འཛིན་དང་འདི་ཉིད་ལ་མཐོང་ཆེན་ངེས་པར་བྱ་དགོས་པ་ཡིན།  དེ་ཡང་འཕགས་མཆོག་འཇིག་རྟེན་མགོན་པོའི་དགོངས་གཞི་དང་བཀའ་འབྲེལ་གཉིས་ཐད་ནས་བོད་ཀྱི་རིག་གཞུང་འདི་ཉིད་ཡར་རྒྱས་གཏོང་བ་ལ་བོད་པ་མི་རེ་ངོ་རེས་འགན་འཁུར་དགོས་པའི་བཀའ་སློབ་རབ་དང་རིམ་པ་རང་ཅག་རྣམས་ཀྱི་སྤྱི་བོའི་རྒྱན་དུ་ཕེབས་པ་བཞིན་ཚོགས་པ་དང་ལུང་ཚན་སོ་སོས་ཀྱང་གང་ནུས་དེ་སྒྲུབ་ཀྱི་ཚུལ་དུ་གངས་ཅན་པའི་རིག་གཞུང་འཛིན་སྐྱོང་བྱ་དགོས་པ་སྐབས་བབ་ཀྱི་དོན་ངོ་མ་དེ་ཡིན།  རྒྱུ་མཚན་དེ་དག་ལ་གཞིགས་ནས་མདོ་ཁམས་ནགས་ཤོད་འབྲི་རུ་བ་རྣམས་ཀྱིས་རང་འགན་རང་ཁུར་གྱི་ཚུལ་དུ་བོད་ཡིག་གཙོ་བོར་གྱུར་བའི་བོད་ཀྱི་རིག་གཞུང་རྣམས་འཛིན་སྐྱོང་དང་ཡར་རྒྱས་ལ་དམིགས་ནས་སྤྱི་ལོ་ ༢༠༠༩ ལོར་ནགས་ལྷ་རྩོམ་སྒྲིག་ཁང་གསར་དུ་བཙུགས་ནས་ད་ལྟའི་བར་དཔྱད་རྩོམ་དང་སྒྲུང་རྩོམ།  ནང་ཆོས་དང་ཚན་རིག །ལོ་རྒྱུས་དང་ཆོས་འབྱུང་སོགས་མདོར་ན་གནའ་དེང་གི་ཤེས་བྱའི་གནས་ལ་འགྲེལ་བརྗོད་ཐུབ་པའི་རྩོམ་ཡིག་སྣ་མང་ལས་གྲུབ་པའི་དུས་དེབ། ༼ནགས་ལྷའི་སྒྲོན་མེ།༽ཞེས་པ་འདོན་ཐེངས་དྲུག་ལེགས་གྲུབ་བྱུང་ཡོད།  དེ་བཞིན་༼ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད། ༽ ཅེས་པ་རྩོམ་ཡིག་གི་ལམ་ནས་གོ་རྟོགས་སྤེལ་ཐབས་དང་།  གཞན་ཡང་གཞུང་ཁྲིད་དང་ལམ་སྟོན་བསླབ་བྱ། རིག་གནས་འཆད་ཁྲིད་སོགས་སྒྲ་འཇུག་བྱས་ནས་བོད་ཕྱི་ནང་གང་ས་ནས་ལྟ་ཉན་ཐུབ་པའི་དྲ་རྒྱ་ཞིག་ཀྱང་གཉེར་བཞིན་པ་ཡིན།  དེའི་ཐད་བོད་ཕྱི་ནང་གཉིས་ཀ་ནས་ལེགས་གསོལ་བསྔགས་བརྗོད་གནང་བའི་མཁས་པ་དང་དོན་གཉེར་ཅན་མང་པོ་བྱུང་དང་འབྱུང་བཞིན་ཡོད།  དེ་བཞིན་སྙན་རྩོམ་འགྲན་བསྡུར་དང་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་ཞུས་པ་སོགས་རིག་གཞུང་ལ་ཕན་པའི་ལས་རིམ་དུ་མ་ལ་འབད་བཞིན་པ་ཡིན།  ང་ཚོའི་དམིགས་ཡུལ་དང་རེ་བ་བཞིན་རྩོམ་པ་པོའི་གྲངས་ཚད་དང་། རྩོམ་ཡིག་གི་སྤུས་ཚད་སོགས་གང་ཐད་ནས་ཡར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད་པའི་ཚུལ་ལ་གྲགས་ཅན་གྱི་རྩོམ་པ་པོ་མང་པོ་ཞིག་གིས་བསྔགས་བརྗོད་ཐོབ་ཡོད།  མ་ཚད་འདི་ལོ་ནི་དུས་ཁྱད་པར་ཅན་ཞིག་ཡིན་པས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་ཞུ་སླད༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྣམ་དང་བསྟོད་ཚོགས། གསོལ་འདེབས་དང་ཞབས་བརྟན་སོགས་ལས་གྲུབ་པའི་ཆེད་དེབ་ཅིག་འདོན་འཆར་གྱི་གསལ་བསྒྲགས་སྔོན་སོང་བཞིན་ད་ཆ་ཞུ་སྒྲིག་གི་ལས་རིམ་ལ་འཇུག་བཞིན་པ་ཡིན།  ལས་རིམ་རྣམས་དེ་ལྟར་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ཆེའི་རྩོམ་པ་པོ་རྣམས་དང་དངོས་ཤུགས་བརྒྱུད་གསུམ་ནས་དཔལ་འབྱོར་དང་ལས་ཀའི་ཐད་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་མཁན་རྣམས་ཡིན་པས་ལས་རིམ་འདིའི་ཐོག་མཉམ་ཞུགས་གནང་མཁན་ཚང་མ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། དུས་དེབ་འདོན་ཐེངས་བདུན་པ་འདི་ལོའི་ལམ་རིམ་གསུང་ཆོས་ཀྱི་སྔོན་དུ་བསྒྲིག་འཆར་ཡོད་པས་རྩོམ་པ་པོ་རྣམས་ཀྱིས་རྩོམ་ཡིག་གི་ཚད་དང་བརྗོད་གཞིའི་སྐོར་གསལ་བསྒྲགས་སྔོན་སོང་ལྟར་དང་། རྩོམ་ཡིག་རྣམས་སྤྱི་ལོ་ ༢༠༡༥ ཟླ་བ་ ༡༡ ཚེས་ ༡ ནང་ཚུད་འདི་ག་རྩོམ་སྒྲིག་ཁང་ལ་འབྱོར་ཐུབ་པ་གནང་རོགས་ཞུ། གཞན་ཡང་ང་ཚོའི་དྲ་རྒྱའི་ནང་ལ་འཇུག་རྒྱུའི་རྩོམ་ཡིག་དང་། ཕ་ཡུལ་གྱི་རི་དང་ལུང་པའི་པར་རིས་གསར་པ། གནས་ས་རི་ཁྲོད་སོགས་ཀྱི་པར་དང་ལོ་རྒྱུས། གཞུང་ཁྲིད་དང་བསླབ་བྱ། རིག་གནས་ཀྱི་སྐོར་འཆད་ཁྲིད་ཀྱི་སྒྲ་འཇུག་སོགས་རང་གཞན་ལ་ཕན་པའི་རིགས་ཡོད་ན་དུས་ངེས་མེད་ནགས་ལྷ་རྩོམ་སྒྲིག་ཁང་ལ་འབྲེལ་བ་གནང་རོགས་ཞུ།
སྤྱི་ལོ་ ༢༠༡༥ ཟླ་བ་ ༡༠ ཚེས་ ༡ ཉིན་སྤེལ།
ནགས་ལྷ་རྩོམ་སྒྲིག་ཁང་།
འབྲེལ་གཏུག་གློག་འཕྲིན་ཁ་བྱང་།
This e-mail address is being protected from spambots. You need JavaScript enabled to view it
This e-mail address is being protected from spambots. You need JavaScript enabled to view it
This e-mail address is being protected from spambots. You need JavaScript enabled to view it
འཕྲིན་ཕྲན།
འབྲི་རིང་མཐོང་། This e-mail address is being protected from spambots. You need JavaScript enabled to view it
ནགས་ཤོད་སྐལ་རྒྱན། 9880139237
ནགས་ཧ་ཧ་སྐལ་བཟང་། 860978415

 

རྩོམ་ཡིག་འདི་ཐེངས་ 10031 བཀླགས་འདུག