དགའ་བདེ།
དུས་ཚོད་ནི་སུས་ཀྱང་ལྡོག་ཐབས་མེད་པར་སྐད་ཅིག་སྐད་ཅིག་ཏུ་འདའ་བཞིན་ཡོད་པ་ནི་འཇིག་རྟེན་གྱི་ཆོས་ཉིད་ཅིག་ཡིན་ན་ཡང་།མཚམས་རེ་ཙམ་ལས་དེའི་རིན་ཐང་དང་འགྱུར་ལྡོག་བཅས་ལ་བསམ་གཞིག་བྱེད་པའི་གོམས་གཤིས་ཡོད་མཁན་ཧ་ལམ་ཉུང་ཉུང་ཡིན་ངེས།ང་རང་ཉིད་ལ་མཚོན་ནའང་དེ་ལས་མ་འདས།ད་ཡང་ལོ་ཟླ་རྙིང་པ་ཞིག་ཕར་འདས་ཏེ་གསར་པ་ཞིག་ཚུར་སླེབས་འགོ་བརྩམས་སོང་།ལོ་རྙིང་འདིའི་ནང་ལ་མི་སུ་འདྲ་ཞིག་ཡིན་ན་ཡང་སྐྱུར་ལ་མངར་བའི་འཚོ་བའི་ཁྲོད་ནས་དགའ་སྐྱོའི་ཐོབ་ཤོར་དང་རྒྱལ་ཕམ་ཅི་རིགས་ཤིག་བྱུང་ཡོད་པར་བརྗོད་ག་ལ་དགོས།ང་རང་ཉིད་ལ་མཚོན་ན་ཡང་ལོ་ཟླ་འདི་དག་རིང་ལ་བརྗེད་དུ་མེད་པའི་འཚོ་བའི་རྒྱལ་ཕམ་དང་ཐོབ་ཤོར་དུ་མའང་བྱུང་སོང་།
དེ་སྔོན་ཡིན་ན་རང་ཉིད་ལ་གོམས་གཤིས་ཟེར་ན་འདྲ།དགའ་ཕྱོགས་ལྟ་བུ་གཅིག་ཡོད་པ་ནི།རང་ཉིད་ཀྱི་འཚོ་བའི་ཁྲོད་ནས་དགའ་སྐྱོ་ཆགས་སྡང་གི་གནས་ཚུལ་ཅི་བྱུང་མཚོན་ཐབས་སུ་རྩོམ་ཡིག་གམ་སྙན་ངག་ཚིགས་བཅད་ཤོ་ལོ་ཀ་རེ་ཙམ་བྲིས་ནས་རང་ཉིད་ཀྱི་སྤྱི་ཚོགས་དྲ་ངོས་སུ་འཇོག་བཞིན་ཡོད་མོད།རིམ་གྱིས་དེ་ཡང་འབྲི་གོམས་མེད་པའི་སྣང་ཚུལ་དང་འདྲ་བར་འཇའ་ཡལ་བ་གྱུར།འཚོ་བའི་ཁ་ཕོར་འཚོལ་ཆེད་དུ་སོ་སོའི་དགའ་ཕྱོགས་དང་འབྲེལ་བའི་གནད་དོན་མང་པོ་ཞིག་ཀྱང་ལོ་ཟླ་འགྱུར་བ་དང་ལྷན་དུ་རིམ་གྱིས་མེད་པར་གྱུར།འོན་ཏེ་དེ་རིང་ངས་ཞོགས་པའི་གཉིད་ཐུན་དེ་བཙན་གྱིས་བསྐྱུར་ནས་སེམས་ཁོང་ནས་རང་ཉིད་ཀྱི་ཨ་ཁུ་དམ་པ་ཁོང་དང་འབྲེལ་བའི་རྗེས་དྲན་ཞིག་བྱེད་འདོད་བྱུང་།
ཏག་ཏག་དེ་རིང་ནས་ཡར་བརྩིས་པའི་ཉིན་གསུམ་གྱི་སྔོན་ཏེ་སྤྱི་ལོ་༢༠༢༦ཟླ་༢ཚེས་༡༡ཉིན་དགོང་མོའི་ཁ་ལག་རོལ་རྗེས།ང་དང་ཆུང་མ་གཉིས་རང་རང་ས་ནས་ཁ་པར་ལ་ལྟ་བཞིན་བསྡད།མཚམས་ཤིག་ནས་ཆུང་མས་ཅི་ཡིན་མེད་པར་མོ་རང་གིས་ཁ་པར་དེ་ངའི་ལག་ཏུ་ཚུར་སྤྲོད་བཞིན་དུ།“ཁྱོད་རང་གི་ཨ་ཁུ་གྲོངས་འདུག་”ཅེས་མགོ་མཇུག་མེད་པའི་སྐད་ཆ་ཞིག་བཤད་བྱུང་།ང་རང་ཡང་སྐབས་དེར་གནས་ཚུལ་གཞན་གྱི་ནང་ལ་གཡེངས་ཡོད་པས་ཆུང་མར་མགོ་མཇུག་མེད་པའི་སྐད་ཆ་དེ་ཡང་འདྲི་བསྐྱར་འདྲི་བྱས།ང་རང་ལ་ནང་མིའི་གནས་ཚུལ་ཤེས་རྟོགས་བྱེད་སའི་བརྒྱུད་ལམ་ཞིག་མེད་པར་བརྟེན།ཆུང་མའི་ཁ་པར་བརྒྱུད་ནས་ང་རང་གི་གཅེན་མོ་ཞིག་དང་འབྲེལ་བ་མཐུད་དེ་ཡོད་པས།ཏག་ཏག་ཕ་ཡུལ་ནས་ཨ་ཁུ་བདེ་མིན་གྱི་གཏམ་ངན་དེ་ཐོས་བྱུང་།དེ་མ་ཐག་ངའི་མིག་ལམ་དུ་ལྷམ་མེར་ཤར་ཡོང་བ་ནི་ཨ་ཁུའི་སྣང་བརྙན་ཡིན་ལ།ཨ་ཁུ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ཀྱང་སེམས་སུ་རང་དབང་མེད་པར་འཁོར་བྱུང་།ང་ལ་མཚོན་ན་ཨ་ཁུ་ཁོང་ནི་ངའི་བྱིས་དུས་ཀྱི་ཡིད་སྨོན་བྱ་ཡུལ་དང་དམིགས་དཔེ་ལྟ་སའི་མི་ཞིག་ཡིན་པར་མ་ཟད།སྒོས་སུ་རང་ཉིད་ཨ་ཁུ་དང་འགྲོགས་པའི་གནས་ཚུལ་མང་པོ་དྲན་ངོས་སུ་པར་བརྒྱབ་པ་ལྟར་སྣང་བྱུང་བས་ཡིད་སེམས་སྐད་ཅིག་ཉིད་དུ་སྐྱོ་བས་མནར་ཏེ་མིག་ཟུང་མཆི་མས་བརླན་བྱུང་།སྤྱིར་རང་ཉིད་ནི་སེམས་ཆུང་བླ་འདར་ཞིག་དང་།དགའ་སྐྱོའི་ཚོར་བ་སྐྱེན་པོ་ཡོད་མཁན་ཞིག་ཡིན་ན་ཡང་།གནའ་མིའི་གཏམ་དཔེ་ལས་སྐོམ་ཡང་ན་ཆུ་མི་འཐུང་བ་བྲེ་སེར་འབྲོང་དང་།སྡུག་ཀྱང་མིག་ཆུ་མི་གཏོང་བ་སྐྱེས་པ་ཕོ་ཞེས་པའི་སློབ་གསོའི་འོག་ནས་འཚར་ལོངས་བྱུང་བས།རང་ཉིད་ཁོག་ན་མེ་འབར་བཞིན་ཡོད་ན་ཡང་།ཁ་ནས་དུ་བ་མི་གཏོང་བར་སྡུག་སྒོམ་རྒྱག་ཐབས་བྱས།སྒོས་སུ་ཕ་དམ་པ་གྲོངས་སྐབས་སུ་ཨ་མ་རྒན་མོས་ང་ལ་ཁ་ཏ་བསླབ་བྱ་གནང་དོན།སྡུག་ན་མགོ་འཕང་མཐོ་དགོས།སྐྱིད་ན་མགོ་འཕང་དམའ་དགོས་ཞེས་པའི་ཚིག་དག་བསྐྱར་དུ་དྲན་བྱུང་བས།རང་ཉིད་ཀྱི་རང་གཤིས་བཙན་གྱིས་མནན་ནས་བཏང་སྙོམས་སུ་གནས་ཐབས་བྱས།
གང་ལྟར་རྟག་པ་དང་བརྟན་པ་མེད་པའི་དུས་ཀྱི་བཞུར་རྒྱུན་ཁྲོད་ནས་འདི་ལྟར་མི་འདོད་བཞིན་དུ་རང་ཉིད་ལ་སྙིང་ཉེ་ཞིང་དྲིན་ཆེ་བའི་མི་དག་གཅིག་རྗེས་གཉིས་མཐུད་ཀྱིས་འཇིག་རྟེན་གཞན་ཞིག་ལ་ཤོར་འགྲོ་བ་ནི་འཁོར་བའི་ཆོས་ཉིད་ཅིག་ཡིན་པ་དང་།རང་ཉིད་ཀྱང་ཕོ་ལོ་བཞི་བཅུར་སླེབས་ཏེ་ཨ་ཕ་ཞིག་གི་ཚུགས་ཀ་ལ་བསམ་བློ་གཏོང་དུས།དུས་ཚོད་ཀྱིས་ཁྱུར་མིད་གཏོང་བཞིན་པའི་བརྩེ་བའི་མི་དག་ཤོར་འགྲོ་བ་ནི་བསམ་ཤེས་མི་བྱེད་ཀ་མེད་རེད་འདུགཡང་ན་ངས་ཡོད་ཚད་ལས་དབང་ལ་འཁང་ར་བྱ་རྒྱུ་ལས་གཞན་གང་ཡང་ལྷག་མི་འདུག་སྙམ་བྱུང་།
ངའི་དྲན་ཚོད་ལ།ང་རང་བྱིས་པ་ནར་སོན་ལ་མ་སོན་པའི་སྐབས་ཏེ།ཕལ་ཆེར་ལོ་དྲུག་བདུན་ཡས་མས་མཚམས་ཤིག་ལ་ཨ་ཁུའི་ཆུང་མ་ཚེ་ལས་འདས་པས།ཨ་ཁུས་ཡུལ་ཚོའི་ལས་ཀ་དེ་བསྐྱུར་ནས་རང་གི་སྐྱེས་ཡུལ་གྲོང་གསེབ་ཏུ་ལོག་དགོས་བྱུང་བ་རེད།དེ་སྔོན་ཨ་ཁུ་ཁོང་ནི་ཡུལ་ཚོའི་ཚོང་པ་ཞིག་ཡིན་ཚོད་འདུག
ངས་རང་ཉིད་ཕ་ཡུལ་དུ་ཡོད་དུས།རྒན་རབས་པ་ཚོའི་སྐད་ཆར་ཉན་སྤྲོ་བ་ཙམ་ལས།ཁོང་ཚོས་བཤད་པའི་སྐད་ཆའི་ནང་དོན་དང་ལོ་རྒྱུས་ཀྱི་རིན་ཐང་བཅས་ལ་ཡིད་འཇོག་དེ་ཙམ་བྱས་མྱོང་མེད།རྗེས་སུ་དེ་སྔོན་གོ་མྱོང་བའི་རང་གི་ནང་མིའི་སྐྱིད་སྡུག་གི་ལོ་རྒྱུས་ལ་བསམ་བློ་འཁོར་བ་དང་མཉམ་དུ།ཨ་ཁུ་ཁོང་གི་སྐྱིད་སྡུག་འདྲེས་མའི་མི་ཚེའི་ལོ་རྒྱུས་ལ་བསྐྱར་དུ་རྒྱུས་ལོན་དང་།ཐབས་ལམ་འདྲ་མིན་བརྒྱུད་ནས་སྔར་ཨ་ཁུ་ཁོང་དང་འབྲེལ་བའི་ཐོས་མྱོང་བའི་སྐད་ཆ་དག་གི་མགོ་ཁུངས་བཙལ་བ་ཡིན།ད་གཟོད་ང་རང་བྱིས་དུས་ཡིད་སྨོན་བྱེད་སའི་ཨ་ཁུ་ཁོང་ནི་མི་དཀྱུས་མ་ཞིག་མ་ཡིན་པ་ཤེས་སོང་ལ།རང་ཉིད་ཀྱིས་ཡིད་སྨོན་བྱ་ཡུལ་གྱི་ཨ་ཁུ་ཁོང་ལྟ་བུ་ཞིག་ཡོད་པར་སྤོབས་སེམས་ཤིག་ཀྱང་སྐྱེས།རྒྱ་དམག་བོད་དུ་སླེབས་རྗེས་སྔ་རྗེས་སུ་བོད་ཁམས་སུ་དགུ་གཉིས་ཀྱི་དམག་འཁྲུག་རིམ་པ་བྱུང་བའི་དགུ་ཕྱི་མའི་སྐབས་དེར།ཏག་ཏག་ཨ་ཁུ་ཁོང་ཕོ་ལོ་བཅོ་བརྒྱད་ལ་སླེབས་ཡོད་པས།ཕ་ཡུལ་གྱི་བཅོ་བརྒྱད་དྲུག་ཅུའི་དམག་སྐུལ་ནང་ཞུགས་དགོས་བྱུང་ཡོད་ལ།དཔའ་རྟགས་འདི་ཡིན་ཟེར་བ་ཞིག་ཡོད་མེད་མི་ཤེས་ཀྱང་།དུས་སྐབས་དེའི་ལོ་རྒྱུས་སམ་ཕོ་དར་མ་ཞིག་གི་ལང་ཚོའི་རིན་ཐང་ལ་གཞིགས་ན།ཆེས་ཐོག་མར་དགྲ་ཁ་གཏད་ས་དེ་ནོར་མེད་སྙམ་པའི་ང་རྒྱལ་ཞིག་ཀྱང་སྐྱེས།ད་དུང་ཨ་ཁུ་ཁོང་གིས་རྗེས་སུ་རྒྱ་མི་དང་དགྲ་འཐབ་བྱེད་སྐབས།རྒྱ་མིའི་མགོ་ནས་ལག་པ་རེ་རེས་འཇུས་ཏེ་པོ་ལོ་རྩེ་རྩེ་བྱས་མྱོང་ཟེར་བས།དེ་ནི་ཁོང་གིས་འུར་གཏམ་ཡིན་མིན་ཆ་མི་འཚལ།ངོ་མཚར་བ་ཞིག་ལ།ཨ་ཁུ་ཁོང་གིས་ལུང་པ་གཞན་གྱི་གནས་རིའི་རྩེ་ནས་རང་གི་རྩམ་པ་འཐག་བྱེད་ཀྱི་རང་འཐག་བླངས་པས།གནས་བདག་ཁྲོས་ཏེ་ཨ་ཁུ་ཚྭ་ལམ་ནས་ཐོག་དམར་རྗེན་པར་ལྷུང་ཡང་ཚེ་སྲོག་ལ་གནོད་སྐྱོན་མེད་པར་ཐར་བར་གྲགས།
ང་རང་ནར་སོན་རྗེས་སུ་ཨ་ཁུའི་ནང་ལ་བཀྲ་མི་ཤིས་པའི་རྐྱེན་ངན་དུ་མ་ཞིག་བྱུང་ནས་ནང་གི་འཚོ་བའི་གནས་བབ་ལ་འགྱུར་ལྡོག་ཆེན་པོ་ཞིག་བྱུང་ཡོད་ན་ཡང་།ཨ་ཁུ་ཁོང་གིས་ད་དུང་རིན་གོང་ཆེ་བའི་རྟ་ཉོས་ནས་དགའ་མོས་བྱེད་བཞིན་པ་མཐོང་མྱོང་།ཨ་ཁུའི་རྟ་དེ་དག་ནི་མི་གཞན་གྱིས་བཞོན་མི་ཕོད་པའི་རྟ་རྒོད་ཁ་ལོ་བསྒྱུར་དཀའ་བ་ཤ་སྟག་ཡིན་པའི་སྣང་བ་སྟེར་གྱི་ཡོད།གོ་ཐོས་སུ་ཨ་ཁུ་ཁོང་གཞོན་དུས་སུ་རྟ་རྩལ་རྒོད་པོ་ཡིན་ཟེར་མཁན་ཞིག་ཡིན་པར་གྲགས།རྗེས་སུ་ཨ་ཁུ་ཁོང་ཆོས་ལ་ཞུགས་ཏེ་སྡིག་སྤོང་དགེ་སྒྲུབ་ཁོ་ན་གནང་ཞིང་།གྲོང་པའི་ལྷ་ཁང་སྟེ།ཚེས་བཅུ་ཉེར་ལྔ་ཚོགས་སའི་ཐུབ་བསྟན་ཆོས་གླིང་དགོན་པ་གསར་བཞེངས་ཀྱི་གཙོ་འགན་བཞེས་མཁན་གྲས་སུ་ཡོད་ཅིང་།ཁོང་གི་ཚེ་མཇུག་གི་ནུས་པ་ཡོད་རྒུ་དགོན་པ་དེ་བདག་གཉེར་དང་འཕེལ་རྒྱས་ཀྱི་ཐོག་ཏུ་བཏང་ཡོད།ད་ཆ་དགོན་པ་དེའི་རྟེན་དང་བརྟེན་པ་ཕུན་སུམ་ཚོགས་པོ་ཞིག་བཞེངས་གྲུབ་ཡོད་པའི་ཁར།ཟླ་རེ་བཞིན་ཆད་མེད་དུ་ཚེས་བཅུ་ཉེར་ལྔ་ཚོགས་བཞིན་ཡོད།དུས་དང་དུས་སུ་སྟག་ཕུའི་གཏེར་གསར་ཞེས་པ་ཡང་འཚོགས་སྲོལ་ཡོད།ངའི་དྲན་ཚོད་ལ།ཨ་ཁུ་ཁོང་ལྷ་ས་སོགས་སུ་ནམ་ཕེབས་ཀྱང་དགོན་པ་འདིའི་ལས་དོན་ཆེ་ཆུང་ཤ་སྟག་གི་ཆེད་དུ་ཡིན་པའི་ཚོར་སྣང་ཡང་བྱུང་།
ང་རང་ཨ་ཁུ་ཁོང་དང་མཉམ་དུ་རོང་འབྲོག་བར་དང་།ནང་གི་ནོར་གཡག་འཚོལ་དུ་ལུང་པ་གཞན་དུ་ཕྱིན་པ།ད་དུང་རྗེས་སུ་ལྷོ་གནས་དང་གཙང་ཕྱོགས་བཅས་སུ་གནས་སྐོར་ལ་འགྲོ་མྱོང་ཞིང་།སྒོས་སུ་ང་རང་ཕ་ཡུལ་དུ་ཡོད་དུས།ཉིན་རེར་ཨ་ཁུའི་ནང་ལ་ཐེངས་རེ་མ་སོང་བའི་དུས་ཤིག་ཕལ་ཆེར་མེད་པས།ཉིན་རྒྱུན་ཨ་ཁུའི་འཚོ་བ་རོལ་སྟངས་དག་ད་ལྟ་ཡང་ངའི་ཡིད་ངོས་སུ་ལྷམ་མེར་གསལ་ཡོང་།
གཞན་ཡང་ང་རང་བཙན་བྱོལ་དུ་གྱར་རྗེས།ཁོང་དང་ཁ་པར་བརྒྱུད་ནས་སྐད་ཆ་བཤད་རྒྱུའི་གོ་སྐབས་ཀྱང་ཐེངས་ཁ་ཤས་བྱུང་།ད་ལྟ་ཨ་ཁུ་ཁོང་དང་འགྲོགས་པའི་ལོ་ཟླ་དག་ཕྱིར་དྲན་བྱེད་དུས།ད་གཟོད་ཨ་ཁུ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་པ་ནི།རིགས་ཞེན་གྱིས་ཕྱུག་པའི་ཕ་ཡུལ་གྱི་ལོ་རྒྱུས་མི་སྣ་ཞིག་མེད་པར་གྱུར་སོང་སྙམ་པའི་སེམས་ཚོར་ཤུགས་དྲག་སྐྱེས།
ཐེངས་ཤིག་ངས་ཁ་པར་བརྒྱུད་ནས་ཁོང་ལ།“ཨ་ཁུ་ཁྱེད་ཆུང་དུས་གཏོར་བཤིག་མང་པོ་བྱས་མྱོང་ཡོད་ས་རེད་”ཅེས་ཀུ་རེའི་ཚུལ་དུ་ལབ་དུས།ཁོང་གིས་ལན་དུ།“འཆི་དུས་སྡུག་པོ་རང་ཡོང་གི་རེད་བསམ་གྱི་མི་འདུགམི་ཚེའི་ནང་མནའ་གཅིག་ཀྱང་ཟ་མྱོང་མེད་”ཅེས་གསུངས་བྱུང་།ད་དུང་གཅེན་མོས་ཟེར་ན།ཨ་ཁུ་ཁོང་ནི་འཆི་བ་ལ་རང་དབང་ཐོབ་པ་དང་གཉིས་སུ་མ་མཆིས་པར་ནང་མི་ལ་ཉིན་གཅིག་ཙམ་ཡང་ཉལ་སར་ནད་གཡོག་བྱེད་དུ་མ་བཅུག་པ་དང་།ཁོང་གི་གྲོགས་པོ་ཞིག་ཐུག་པར་སླེབས་ནས་ཉིན་གཉིས་ཙམ་གྱི་རྗེས་སུ་ཨ་ཁུ་ཁོང་གི་སྐུ་ཚེའི་འཕེན་པ་རྫོགས་སོང་ཟེར།
འདི་ལྟར་མི་ཚེའི་དར་རྒུད་སྣ་ཚོགས་ཤིག་བརྒྱུད་ནས་ཨ་ཁུ་ཁོང་གི་ཚེ་མཇུག་རྫོགས་པ་དང་།ངས་ཕངས་སེམས་དང་འགྱོད་སེམས་མང་པོ་ཞིག་གི་ཀློང་ནས་སྐྱབས་གསུམ་ལ་ཐལ་མོ་སྤྱར་ཞིང་།ཨ་ཁུ་ཁོང་སླར་ཡང་གངས་ཅན་གྱི་ཞིང་དུ་སྐྱེ་བའི་སྨོན་ལམ་འདེབས་བཞིན་ཡོད།ལྷག་པར་དུ་ཁོང་གིས་ཚེ་འདིར་རེ་བའི་མིག་ཟུང་གཏད་པ་དང་།དེའི་སླད་དུ་ལུས་སེམས་ཕངས་མེད་ཀྱིས་ངལ་བ་སྤྱད་མྱོང་ཞིང་།ཉིན་མཚན་དབྱེ་མེད་དུ་སྐོམ་པས་ཆུ་འདོད་པ་བཞིན་རེ་སྒུག་བྱེད་མྱོང་བའི་ཉི་མ་སྟེ།བོད་གཞིས་བྱེས་མཉམ་འཛོམས་ཀྱི་དུས་སྐབས་བཟང་པོ་ཞིག་མངོན་དུ་འགྱུར་བའི་བདེ་འགྲོའི་གནས་སུ་སྐྱེ་བར་སྨོན།