འདུ་ཤེས་དགུ།

 ནགས་ཤོད་སྐལ་རྒྱན།

ལུས་ལང་ཚོ་དར་བའི་གཞོན་ནུ་ཚོ། ། 
ལུས་བྱད་གཟུགས་དབྱིབས་ལ་མ་ཆགས་ཤིག །
ལུས་ཡུན་རིང་མི་འཚོ་མི་རྟག་ཉིད། །
ལུས་འཚོ་བའི་འོག་རོལ་རྣམ་པར་བམ།།

ལུས་ཤ་ལྤགས་སྲ་མཁྲེགས་མངོན་ཞེན་ཀྱང་།།
ལུས་ཕྱི་ནང་མི་མཚུངས་མི་རྟག་པ།།
ལུས་ནང་དུ་རྣམ་པར་འབུ་ཡིས་གཞིགས།།
ལུས་ཁོང་སྟོང་མགྲོན་ཁང་སྟོང་པ་དངོས།།

ལུས་བྱུག་པའི་དྲི་ཞིམ་མ་ཆགས་ཤིག།
ལུས་རྨ་དགུ་འབྲེལ་བའི་དྲི་ང་བ།།
གནས་ཐ་དད་རྣག་འཛག་རྣམ་པར་གནག།
ལུས་མི་རྟག་མི་གཙང་ཕུང་པོ་སྒོམས།།

ལུས་འདི་དང་དེ་ནས་ཁྲག་འགྱེད་ཅིང་།།
ལུས་ནང་ནས་རབ་ཏུ་ཁྲག་འཛག་པས།།
ལུས་རྒྱན་འཆང་མཛེས་སྡུག་སྙིང་པོ་ཅི།།
ལུས་ཁྲག་གིས་རྣམ་པར་དམར་བ་ཞིག།

ལུས་ཁ་དོག་མཛེས་ཀྱང་ཡུད་ཙམ་ཡིན།།
ལུས་པགས་པའི་རྒུད་པ་མི་རྟག་པ།།
ལུས་མཛེས་པའི་ཁ་དོག་ཆགས་ཞེན་སྤོངས།།
ལུས་གསལ་བར་སྔོ་བས་རྣམ་པར་བསྔོས།།

ལུས་རུས་པ་རུས་ཚིགས་སྦྲེལ་མ་དང་།།
ལུས་མི་སྡུག་ཀེང་རུས་རུས་པའི་ཚོགས།།
ལུས་རྒུད་པའི་ཁ་སོ་ལྷན་གཅིག་འཐོར།།
སོ་རུས་པའི་འབྱོར་ལ་ཆགས་ཞེན་སྤོངས།།

ལུས་ཡན་ལག་ཉིང་ལག་གཞན་དུ་འཐོར།།
ལུས་ཆ་ཅན་ཆ་ཤས་ཀུན་འཐོར་བས།།
ལུས་མཐའ་མ་མི་བརྟན་རྣམ་པར་འཐོར།།
ལུས་ཡན་ལག་སྒེག་པར་མ་ཞེན་ཞིག།

ལུས་ནུ་མ་ལ་སོགས་ཤ་རྒྱས་ཀྱང་།།
ལུས་ཁྱི་སྤྱང་ཕན་ཚུན་རྣམ་པར་ཟོས།།
ལུས་ཡིད་བརྟན་མེད་པའི་མི་རྟག་པ།།
ལུས་ཤ་རྒྱས་མ་ཆགས་འཇིག་པ་ཉིད།།

ལུས་ཁ་དོག་དབྱིབས་ལ་ཆགས་ན་ཡང་།།
ལུས་ཤ་ཞུ་པགས་དབྱིབས་ཀུན་ཏུ་འཁུམས།།
ལུས་བྱད་གཟུགས་མི་རྟག་གཉེར་མས་གང་།།
ལུས་མི་སྡུག་པ་ལ་རྣམ་པར་ཚིག།

ལུས་འདུ་ཤེས་དགུ་པོ་རྣམ་པར་སྒོམས།།
ལུས་ལན་གཅིག་རྙེད་པ་ད་རེས་ཡིན།།
ལུས་དལ་རྟེན་ཡིན་ནོ་སྙིང་པོ་ལོངས།།
ལུས་ཕྱི་ནས་རྙེད་དཀའ་ཡང་ཡང་གསུངས།།

དོན་འདི་ལ་རིགས་པས་དཔྱད་ཙ་ན།།
བདེན་ངེས་པའི་ངེས་ཤེས་ཚད་མ་ཡོད།།
ཡུན་མི་རིང་བསྒོམ་ན་ཉམས་མྱོང་འོངས།།
ལུང་རིགས་པའི་སྒྲུབ་བྱེད་བཙན་པོ་ཡོད།།

བློ་ཆོས་ལ་ཕྱོགས་ན་བསྒོམ་བྱ་ཡིན།།
ཚེ་འདི་སྣང་ལྡོག་བྱེད་མན་ངག་ཡིན།།
ཚིག་མཛེས་པའི་སྡེབ་སྦྱོར་མ་མཆིས་ཀྱང་།།
དོན་བསྒྲིགས་པ་རྒྱལ་བའི་དགོངས་པ་ཡིན།།

 

Related Articles