ཁྲོམ་གྲྭ་བར་གྱི་གཡུལ་འགྱེད།ལེའུ་དང་པོ།

སེར་ལྷོ་བ་སྐལ་བཟང་བསྟན་སྐྱོང༌།

གངས་ལྗོངས་ས་ཡི་ཐིག་ལེ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་སྦས་ཡུལ་ནགས་ཤོད་ལུང་པའི་ནང་དུ།ཉེ་བའི་དུས་རབས་ཉི་ཤུ་པའི་ནང་དུ་འཚར་ལོངས་བྱུང་བའི།

གདོང་དམར་གྱི་ཕོ་རྒོད་དཔལ་བཟང་ཆོས་ལྡན་ནམ་ཡོངས་གྲགས་སུ་གྲྭ་ཞར་ཞེས་འབོད་པ།ཁོང་གི་མི་ཚེའི་དར་རྒུད་ལས་འཕྲོས་པའི།ཁྲོམ་གདོང་ཚང་དང་ཁོང་གི་བར་དུ་ཚད་ལས་བརྒལ་བའི་གཡུལ་འགྱེད་བྱས་སྐོར་བརྗོད་པ་ལ།སྟག་ཕུ་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆོས་སྡེ་དགོན་རི་བོ་དཔལ་འབར་གླིང་གི་ཉེ་འདབས་སུ་ཆགས་པའི་འཕེལ་བ་གྲོང་ངམ།ཡུལ་སྐད་དུ་འཕེ་པ་གྲོང་ཞེས་འབོད་པ།གྲོང་དེའི་ནང་དུ་ཕོ་རྒོད་གྲྭ་ཞར་གྱི་ལྟེ་ཁྲག་ཐོག་མར་འཕོས་ཤིང༌།སྐྱེས་མ་ཐག་ཏུ་རྣམ་ཀུན་གྱི་སྐྱེ་བོ་གཞན་དང་མ་འདྲ་བར།མིག་གཅིག་ལས་མེད་ཅིང༌།གཅིག་པོ་དེ་ཡང་ཁྲ་ཆེལ་ལེར་གདངས་ནས་བལྟས་པས།དེར་ཡོད་ཀྱི་སྐྱེ་བོ་ཀུན་གྱིས་ལབ་གླེང་སྣ་ཚོགས་ཤིག་བྱུང་བའི་མཐར།གྲོང་མི་ཀུན་གྱི་བློ་འདྲི་ཡུལ་རྒན་པོ་བསོད་གྲགས་ཞེས་པ་ཞིག་ཡོད།ཁོང་ནི་གེ་སར་སྒྲུང་ལ་རྒྱུས་མངའ་ཤིན་ཏུ་ཆེ་ཞིང༌།ལྔ་བཅུ་ང་དགུའི་ཡར་སྔོན་དུ།གེ་སར་སྒྲུང་པོད་སུམ་བརྒྱ་བརྒལ་བ་ཡོད་པ་བཤད་སྲོལ་ཡོད་པ་བདེན་ན།རྒན་པོ་འདིས་བཀླགས་མ་མྱོང་བ་མེད་ཅེས་ཚིག་ཐག་བཅད་ཆོག།ཁོང་གིས་སྔར་གེ་སར་རྒྱལ་པོས་མི་ནུབ་དར་རྫོང་འབེབས་སྐབས།ཕོ་བདུད་རུ་ཊ་མིག་གཅིག་ཅེས་པ་ཞིག་ལ་ཡང་མིག་གཅིག་ལས་མེད་ཅིང་གཅིག་པོ་དེ་ཡང་སྐྱེ་དུས་དང་འཆི་དུས་གཉིས་ཀར་གདངས་ཏེ་བལྟས་པ་ཞིག་བྱུང་མྱོང་བ།འདི་ཡང་དེ་དང་འདྲ་བས་ཡག་རྟགས་ཤིག་ལར་ནས་མིན།དེ་བས་སྟག་ཕུ་རྡོ་རྗེ་འཆང་ལ་སྤྱན་འབུལ་ཞུ་དགོས་ཞེས་བཤད་པས།ཐམས་ཅད་ཀྱིས་མོས་མཐུན་བྱས།རྡོ་རྗེ་འཆང་མཆོག་ལ་སྤྱན་འབུལ་ཞུས་པས།