ཁྲོམ་གྲྭ་བར་གྱི་གཡུལ་འགྱེད།ལེའུ་དང་པོ།

སེར་ལྷོ་བ་སྐལ་བཟང་བསྟན་སྐྱོང༌།

གངས་ལྗོངས་ས་ཡི་ཐིག་ལེ་མདོ་ཁམས་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་སྦས་ཡུལ་ནགས་ཤོད་ལུང་པའི་ནང་དུ།ཉེ་བའི་དུས་རབས་ཉི་ཤུ་པའི་ནང་དུ་འཚར་ལོངས་བྱུང་བའི།

གདོང་དམར་གྱི་ཕོ་རྒོད་དཔལ་བཟང་ཆོས་ལྡན་ནམ་ཡོངས་གྲགས་སུ་གྲྭ་ཞར་ཞེས་འབོད་པ།ཁོང་གི་མི་ཚེའི་དར་རྒུད་ལས་འཕྲོས་པའི།ཁྲོམ་གདོང་ཚང་དང་ཁོང་གི་བར་དུ་ཚད་ལས་བརྒལ་བའི་གཡུལ་འགྱེད་བྱས་སྐོར་བརྗོད་པ་ལ།སྟག་ཕུ་རྡོ་རྗེ་འཆང་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་ཆོས་སྡེ་དགོན་རི་བོ་དཔལ་འབར་གླིང་གི་ཉེ་འདབས་སུ་ཆགས་པའི་འཕེལ་བ་གྲོང་ངམ།ཡུལ་སྐད་དུ་འཕེ་པ་གྲོང་ཞེས་འབོད་པ།གྲོང་དེའི་ནང་དུ་ཕོ་རྒོད་གྲྭ་ཞར་གྱི་ལྟེ་ཁྲག་ཐོག་མར་འཕོས་ཤིང༌།སྐྱེས་མ་ཐག་ཏུ་རྣམ་ཀུན་གྱི་སྐྱེ་བོ་གཞན་དང་མ་འདྲ་བར།མིག་གཅིག་ལས་མེད་ཅིང༌།གཅིག་པོ་དེ་ཡང་ཁྲ་ཆེལ་ལེར་གདངས་ནས་བལྟས་པས།དེར་ཡོད་ཀྱི་སྐྱེ་བོ་ཀུན་གྱིས་ལབ་གླེང་སྣ་ཚོགས་ཤིག་བྱུང་བའི་མཐར།གྲོང་མི་ཀུན་གྱི་བློ་འདྲི་ཡུལ་རྒན་པོ་བསོད་གྲགས་ཞེས་པ་ཞིག་ཡོད།ཁོང་ནི་གེ་སར་སྒྲུང་ལ་རྒྱུས་མངའ་ཤིན་ཏུ་ཆེ་ཞིང༌།ལྔ་བཅུ་ང་དགུའི་ཡར་སྔོན་དུ།གེ་སར་སྒྲུང་པོད་སུམ་བརྒྱ་བརྒལ་བ་ཡོད་པ་བཤད་སྲོལ་ཡོད་པ་བདེན་ན།རྒན་པོ་འདིས་བཀླགས་མ་མྱོང་བ་མེད་ཅེས་ཚིག་ཐག་བཅད་ཆོག།ཁོང་གིས་སྔར་གེ་སར་རྒྱལ་པོས་མི་ནུབ་དར་རྫོང་འབེབས་སྐབས།ཕོ་བདུད་རུ་ཊ་མིག་གཅིག་ཅེས་པ་ཞིག་ལ་ཡང་མིག་གཅིག་ལས་མེད་ཅིང་གཅིག་པོ་དེ་ཡང་སྐྱེ་དུས་དང་འཆི་དུས་གཉིས་ཀར་གདངས་ཏེ་བལྟས་པ་ཞིག་བྱུང་མྱོང་བ།འདི་ཡང་དེ་དང་འདྲ་བས་ཡག་རྟགས་ཤིག་ལར་ནས་མིན།དེ་བས་སྟག་ཕུ་རྡོ་རྗེ་འཆང་ལ་སྤྱན་འབུལ་ཞུ་དགོས་ཞེས་བཤད་པས།ཐམས་ཅད་ཀྱིས་མོས་མཐུན་བྱས།རྡོ་རྗེ་འཆང་མཆོག་ལ་སྤྱན་འབུལ་ཞུས་པས།

བླ་མ་འདི་ལ་ཡུལ་དེའི་མཐོ་དཔོན་པོ་དང༌།དམའ་རྟ་རྫི།བར་ཇག་ཁྲམ་སུ་ཡིན་ཀྱང་ཐུགས་རྗེ་ཆེན་པོའི་སྐུ་དངོས་ཀྱི་འདུ་ཤེས་མི་འཇོག་མཁན་ཞིག་མེད་པ་དང༌།བླ་མ་ཁོང་ལ་ཡང༌།མངོན་ཤེས་རྫུ་འཕྲུལ་ལ་མངའ་བརྙེས་ཅིང༌།གསང་སྔགས་ཀྱི་རྟོགས་པ་མཐོན་པོར་གཤེགས་པའི་མིང་དོན་མཚུངས་པའི་བླ་མ་ཞིག་ཡིན་པས།ཕྲུ་གུ་དེ་ལ་གཟིགས་པ་ཙམ་གྱིས་དཔའ་ངར་ལྡན་པའི་ཕོ་རྒོད་གཏུམ་པོ་ཞིག་ཏུ་འབྱུང་བར་མཁྱེན་ཅིང༌།འདི་དང་ཐོག་ནས་ཆོས་ལ་བློ་ཁ་ཕྱོགས་པ་ཞིག་མ་བྱུང་ན།རྗེས་སོར་ཕུང་དཀྲུགས་ཆེན་པོ་བསླང་སྲིད་པར་དགོངས་ཏེ།རབ་ཏུ་བྱུང་ན་བཟང་ངོ་ཆེ་ཞེས་གསུངས།དེ་ལྟར་ཕ་མ་ཟུང་གིས་རབ་ཏུ་བྱུང་བཅུགས།རིང་མིན་ཞིག་ནས་ཆོས་སྡེ་དགོན་པར་སྒྲིག་ཞུགས་བྱས་ཏེ།སྦྱོར་ཀློག་སོགས་སྦྱངས་པས་རིང་པོར་མི་ཐོགས་པར་ཡི་གེ་ཀློག་ཤེས་པ་བྱུང་བས།གེ་སར་སྒྲུང་ཁོ་ན་བཀླགས་པ་དང༌།དཔའ་རྟུལ་འདན་མ་སོགས་ཀྱི་ལད་ཟློས་ཁོ་ན་བྱས།རང་དང་ན་ཚོད་མཉམ་པའི་གྲྭ་ཆུང་ཚོ་དང་ལྷན་དུ་འཛིན་སྐྱོར་སྦྱོང་སྐབས་སུ་ཡང༌།དཔུང་པ་སུ་རྒོད་དང༌།ཤ་རྒོད་སུ་མཁྲེགས་ཁོ་ན་ཤོད་པ་དང༌།སྐབས་ཤིག་ཏུ་ཤིང་གི་མེ་མདའ་ཐུང་ངུ་ཞིག་བཟོས་ནས།ཚོགས་ལ་འགྲོ་དུས་སུ་མཉམ་དུ་འཁྱེར་ཞིང༌།ཤིང་མདའི་ཁ་དགེ་བསྐོས་ལ་གཏད་དེ་མདའ་བརྒྱག་གི་སྟངས་ཀ་ཁ་ཤས་བྱས་པས།དགེ་བསྐོས་ཀྱིས་ཚུར་ལྟ་དུས་ཤིང་གི་མེ་མདའ་ཟླ་གམ་ལ་ཕྱི་བདར་འགའ་ཤས་བཏང་སྟེ།སྐེད་པར་འཛེར་བ་མཐོང་བས།ཁྲིམས་དབྱུག་ཉི་ཤུ་སུམ་ཅུ་ཙམ་ཞུས་ཀྱང་ལུས་པོ་འགུལ་ཙམ་ཡང་མེད་པ་མ་ཟད།མིག་ལྤགས་ཀྱང་ཟེང་ཙམ་ཡང་མ་བྱས་པས།དེར་ཡོད་རྒན་གཞོན་ཚང་མས་གྲྭ་ཞར་འདི་ལོ་ན་ཕྲ་ཡང་ཤེད་ཤུགས་འགྲན་ཟླ་མེད་པ།དཔའ་རྩལ་ཡང་ཧ་ལས་དགོས་པ་འདུག་པས།ནམ་ཞིག་གི་ཚེ་ཕོ་རྒོད་གཏུམ་པོ་ཇི་འདྲ་ཞིག་ཏུ་ཆགས་ཡོང་ཞེས་ཟེར།ལས་སྣེ་འགའ་ཤས་ཀྱིས་གྲྭ་ཞར་ལ་ཁྲིམས་ཆད་གཏོང་མི་རུང༌།

རྗེས་སོར་འཚར་ལོངས་བྱུང་རྗེས་འཁོན་ལན་ཡང་སློག་སྲིད་པས།དེ་བས་རང་དགར་བཞག་ན་ཉིན་ཞིག་དགོན་པ་ནས་འཐོན་འགྲོ་ཞེས་ཟེར།དེ་སྐབས་དགོན་པའི་ལས་སྣེའི་ཁོང་གཏོགས་མི་ནག་ཅེས་པའི་གྲྭ་པ་ཞིག་ཡོད་པ་ཁོངས་གི་བྱད་གཟུགས་ནི།མགོ་བོ་ཆེ་ལ་གདོང་ཤ་ནག་པ།སྨིན་མ་མཐུག་པོ་བྱ་རྒོད་ཀྱི་སྒྲོ་ལྟར་བརྐྱངས་པ།བྲང་ཞིང་ཆེ་ལ།བྲང་རྩིད་མཐུག་པ།དཔུང་པའི་ཤ་རྒོད་ངར་ལྕགས་ལྟར་མཁྲེགས་པ་སུས་མཐོང་ན་ཡང་ཁོང་ཁྲོ་ལངས་ཡོད་ཤས་ཆེ་སྙམ་པ་ཞིག་ཡོད།རྣམ་ཀུན་ཁོ་པར་དཔའ་རྩལ་འགྲན་ཕོད་མཁན་སུ་ཡང་མེད་པས།ཁོ་པས་བཤད་དོན་ཁྱི་ཕྲུག་ཆུང་ཆུང་ཞིག་ལ་དེ་ཙམ་གྱིས་འཇིགས་མི་དགོས།ཕྱིན་ཆད་ཆོས་ཁྲིམས་གསེར་གྱི་ཐིག་ཤིང་དང་སུ་འགལ་ན་ཁྲིམས་དབྱུག་ཁོ་བོས་བཞུ་དགོས་ཞེས་ཁས་བླངས།གྲྭ་ཞར་གྱིས་མུ་མཐུད་དེ་སྒྲིག་འགལ་གྱི་བྱ་བ་ཁོ་ན་བྱས་པ་མ་ཟད།ཕྱི་ལོག་གི་ཇག་པ་འགའ་ཤས་དང་མནའ་ཤག་གྲོགས་པོ་ཡང་བསྒྲིགས་སྟབས།ཉིན་ཞིག་ལ་ལས་སྣེ་རྣམས་ཀྱིས་གྲྭ་ཞར་ཚོགས་དབུས་སུ་སྐད་བཏང་སྟེ་གྲལ་གྱི་མཐར་ཁ་སྦུབ་ཏུ་བཞག།མི་ནག་གིས་དཔུང་པ་གཡས་བརྫེས་གཡོན་བརྫེས་ཀྱིས།རང་རྒྱུ་བེ་ལས་གྲུབ་ཅིང་རུ་བཞི་གསེར་དང་རག་གན་གྱིས་རྒྱན་པའི་ཁྲིམས་དབྱུག་དམ་ཉམས་ཟིལ་གནོན་དེ་ཉིད་ལག་ཏུ་བླངས་ཏེ།ཁ་ཕོ་ཤིན་ཏུ་ཆེན་པོ་འགའ་འཐེན་བཞིན་དཔའ་རྒོད་འགྱིང་འགྲོས་ཀྱིས་གྲྭ་ཞར་གྱི་འཁྲིས་སུ་སླེབས་ཡོང༌།

གྲྭ་ཞར་གྱི་སེམས་ལ་མི་ནག་ཁྲིམས་དབྱུག་བཞུ་མཁན་མ་སྐུལ་དང་བླངས་བྱས་པ་ལ།ཡིད་མ་རངས་པའི་ཞེ་སྡང་དང༌།མི་ནག་གི་དཔའ་རྩལ་ལས་ཁོ་བོ་དཔའ་རྩལ་ཆེ་སྙམ་པའི་ང་རྒྱལ།མི་ནག་ལ་དཔའ་རྩལ་འགྲན་ཟླ་བྲལ་བའི་སྙན་གྲགས་ཡོད་པ་ལ་འགྲན་སེམས་གསུམ་པོ་དེ་སེམས་ནང་འཚང་རྒྱག་པ་ལྟ་བུར་བྱུང་བས།ཁྲིམས་དབྱུག་འཛད་འདོད་ལར་ནས་མ་བྱུང་བ་མ་ཟད།ཡ་ལན་ཡང་བསློགས་ཏེ།ཕོ་རྒོད་གཉིས་མཚོན་ཆ་སོགས་གང་ཡང་མེད་པར་དཔུང་ཤེད་ཁོ་ནའི་རྒོལ་འཛིངས་འཇིགས་སུ་རུང་བ་ཞིག་བྱས་པས།རྔམ་ཟིལ་གྱིས།དགེ་བརྐོས་ཀྱང་ཅི་བྱ་གཏོལ་མེད་དུ་གྱུར།

དབུ་མཛད་ཀྱི་འདོན་པའི་འཕྲོ་ཡང་ཆད།དགེ་འདུན་བྱིངས་རྣམས་ཀྱིས་ནི་ངང་ཚུལ་འདི་ལྟར་མཐོང་སྟེ།ཞེ་སྡང་དྲག་པོའི་རླུང་གིས་སྐུལ་བའི་ངམ་གནག་སྤྲིན་གྱི་ཁྲོ་གཉེར་བསྡུས།རྩལ་ཆེན་ལུས་ཀྱི་ལྡེམ་འགྱུར་མྱུར་བ་གློག་དམར་ཆར་སྤྲིན་ནང་འཁྱུགས་བཞིན།ངར་རྒོད་དྲག་པོའི་ཤུགས་ཀྱིས་བསླངས་བའི་སྲ་མཁྲེགས་ཁུ་ཚུར་ཐོག་ལྟར་འབེབས།གྲྭ་རྒོད་རྒྱགས་པའི་ཁུ་ཚུར་མཁྲེགས་ཞེས་གྲགས་སྙན་ཐོག་མ་འདི་ནས་འབར།དེ་ལྟར་ཁོ་གཉིས་ཇ་ཡུན་གཅིག་ཙམ་གྱི་རིང་ལ་རྒྱལ་ཕམ་དབྱེར་མ་ཆོད་པའི་སྐབས་དེར།དགོན་པའི་མཁན་པོ་ནས་ཚོགས་གཏམ་ཤུགས་ཆེར་བཏང་བས་སོ་སོར་གྱེས་ཙམ་བྱུང༌།མི་ནག་གིས་གྱེས་ཁར།འདོ་ཆེན་རྟ་ལ་བང་རྩལ་ཡོད་ན།ཨ་ཆེན་ཐང་ལ་ཐང་རྒྱ་ཡོད་རེད།ཅེས་བཤད་པས།གྲྭ་ཞར་གྱི་སེམས་ལ་བཅོས་སུ་མི་རུང་བའི་རྨ་ཁ་ཞིག་བཟོས།དེ་ནས་དགོན་པའི་ལས་སྣེ་རྣམས་ཚོགས་འདུར་བསྐོངས་ནས་གྲྭ་ཞར་གྱིས་ཁྲིམས་ཆད་མ་ཁུར་བ་མ་ཟད།ལས་སྣེ་ལ་ཡང་ལན་བསློགས་པས་གནས་དབྱུང་གཏོང་རྒྱུར་ཐག་ཆོད་དེ་གནས་དབྱུང་བཏང༌།གྲྭ་ཞར་དགོན་ནས་ཕྱིར་དོན་རྗེས།རང་གི་མནའ་ཤག་གྲོགས་པོའི་ཇག་ཚོགས་སུ་ཞུགས།

ཇག་ཚོགས་ཀྱི་ནང་དུ་སྔར་དགོན་པའི་ནང་གི་འཚོ་བ་དང་གཏན་ནས་མི་འདྲ་བར།བྲོ་བཅུད་ལྡན་པའི་ཤ་མར་ཐུད་སོགས་ལ་རྒྱུན་རིང་བག་མེད་ལོངས་སུ་སྤྱད་པས་སྐྱེས་སྟོབས་ཀྱི་རྩལ་ཆེན་གྱི་ལུས་ལ་ཤེད་ཤུགས་ཉིན་རེ་ནས་ཉིན་རེར་ཇེ་རྒྱས་སུ་སོང༌།ཉིན་དང་མཚན་གྱི་དུས་ཚོད་ངེས་པ་མེད་པར་དྲག་རྩལ་སྣ་ཚོགས་འདི་འདྲ་བ་སྦྱངས་ཏེ།རྟ་ཐོག་ནས་མཆོང་སྐབས་རྐང་པ་ས་ལ་མ་རེག་པར་སྤང་གི་སྟེང་དུ་དཀྱིལ་ཀྲུང་བཅས་ནས་འདུག་པ་དང་དུས་མཉམ་དུ་སྣ་ཐ་ཡང་སེན་མོའི་སྟེང་དུ་བླུགས་ཐུབ་པ།མདའ་རྩལ་ལ་རང་དབང་ཐོབ་པའི་བདེན་རྟགས་ངོམ་ཆེད་རང་གི་གནའ་ཤག་གྲོགས་པོའི་མགོ་ཐོག་ཏུ་སྒོ་ང་འབེན་དུ་བཞག་སྟེ་མདའ་རྩེད་རྩེ་བ།རྟ་རྒྱུག་ཞོར་དུ་རི་གཟར་སྒང་ནས་གྲུ་གུ་བསྒྲིལ་ཏེ་དེ་ལ་མདའ་རྩེད་རྩེ་བ་སོགས་དྲག་རྩལ་དང་ཤེད་རྩལ་གང་གི་ཐད་ནས་ཕོ་རྒོད་གཞན་ལས་ཡང་རྩེར་སོན་པའི་རིང་པོ་མ་སོང་བར་ཇག་དཔོན་གྱི་ལས་གནས་བཟུང༌།དེའི་ཚེ་དཔའ་རྩལ་འགྲན་ས་དགྲ་བོ་ཞིག་མ་རྙེད་པའི་སྐབས་དེར།སྔར་གྱི་མི་ནག་གི་སྐད་ཆ་དེ་དག་དྲན་ལམ་དུ་གསལ་བས།ཁོང་ཁྲོ་ཤུགས་ཆེར་ལངས་ནས་བློན་འགའ་ཞིག་དང་ལྷན་དུ་འདོ་ཆེན་རྟ་ལ་སྒ་ཆས་སྤྲད་དེ་ཆོས་སྡེ་དགོན་གྱི་ཕྱོགས་སུ་ཆས།དགོན་པའི་ལྕགས་རིའི་འཁྲིས་སུ་སླེབས་སྐབས།ཀི་སྒྲ་དྲག་པོ་སྒྲོག་པ་དང་མཉམ་དུ།ཡ་ཁོ་རེ་མི་ནག་དུས་དེ་རིང་སྒོ་རུ་མ་བུད་ན།ཝ་སྡར་མའི་སྙིང་དང་ཁྱད་པར་མེད།ཅེས་བོས་པས།མི་ནག་གི་སེམས་སུ།འབྲུག་འུར་སྒྲ་ཆེ་ཡང་དོན་གྱིས་སྟོང༌།འཇའ་ཁ་དོག་བཀྲ་ཡང་འཛིན་རྒྱུ་མེད་སྙམ་སྟེ།སྒོར་བུད་ཡོང།གྲྭ་ཞར་གྱིས་རལ་གྲི་ཤུབ་ནས་ཕྱུངས་ཏེ།ཁྲོ་རྒྱལ་བགེཌ་ལ་རྔམ་པ་ལྟར་མཆོངས་ནས་ཕན་ཚུན་རལ་ཁ་འགྲན་སྐབས་གྲྭ་ཞར་གྱིས་རྕལ་ཆེན་ལུས་ལ་དྲག་རྩལ་ཡུན་རིང་སྦྱངས་སྟབས་མི་ནག་གིས་འགྲན་པའི་གོ་སྐབས་ཤོར་ཅིང༌།རང་གི་ལུས་ཀྱི་ཤ་རྒོད་གཙབ་པ་དང་རྩིབ་མ་འགའ་ཤས་ལ་ཡང་རྨས་སྐྱོན་ཚབས་ཆེན་བཏང་བས་ཤི་གསོན་གང་དུ་འགྲོ་མིན་མི་ཤེས་པའི་ས་མཚམས་སུ་བསྐྱལ་ནས་རང་གནས་སུ་ལོགས།ཁྲོམ་གྲྭ་དབར་གྱི་གཡུལ་འགྱེད་དངོས་འཆད་པ་ལ།གྲྭ་ཞར་རང་ཉིད་ཀྱི་དད་པ་བཞག་ཡུལ་བླ་མ་རིག་འཛིན་ཉི་མ་གྲགས་པ་ཞེས་པ་སྔ་འགྱུར་རྙིང་མའི་བླ་ཆེན་ཞིག་ཡོད་ཅིང༌།ཁོང་གི་གཉེན་མཚན་ཡིན་ནམ་གང་ལྟར་ཁོང་ལ་འབྲེལ་འདྲིས་ཤིན་ཏུ་ཆེ་བའི་བླ་མ་ཨོ་རྒྱན་ཞེས་པ་ཞིག་ཡོད།

ཁོང་རྣམ་གཉིས་ལ་དད་ལྡན་སྦྱིན་བདག་ཁག་གིས་ཕུལ་བའི་ནོར་མང་པོ་ཡོད་ཀྱང༌།ཕྱིས་སུ་ནོར་རྣམས་བླ་མ་ཨོ་རྒྱན་ཁོ་རང་གཅིག་པུས་བདག་གིར་བཟུང་ནས་སེ་ཁྲ་དགོན་ཞེས་པའི་རི་ཁྲོད་ཅིག་ལ་གནས་བཅས་ནས་བསྡད།ཉི་གྲགས་ཀྱི་ཕྱག་མཛོད་ཚུལ་ཁྲིམས་དགེ་འདུན་ཞུ་བ་ཞིག་ཡོད་ཅིང༌།ཁོ་པའི་མིང་འདོགས་སུ་ཚུལ་མིན་སྡིག་འདུན་དང༌།དཀྲུག་རིལ་ཞེས་འབོད།འབོད་དོན་ནི་ཁྲོམ་གྲྭ་གཉིས་ཀྱི་འཁྲུགས་རྐྱེན་གྱི་གཞི་རྩ་ཁོ་པར་ཐུག་པས་དེ་ལྟར་ཐོགས་འདུག་སྤྱིར་བཏང་ཁོང་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལ་མཁས་པའི་སྙན་གྲགས་ཡོད་ཅིང༌།བརྡ་སྤྲོད་གཞུང་ལུགས་སྨྲ་བ་ལ་མགྲིན་པའི་རྩ་འཁོར་ཅུང་ཟད་ལྷོད་པའི་ཤེས་ལྡན་མི་སྣ་ཞིག་ཡིན།

ཁོང་རྣམ་གཉིས་ལ་དད་ལྡན་སྦྱིན་བདག་ཁག་གིས་ཕུལ་བའི་ནོར་མང་པོ་ཡོད་ཀྱང༌།ཕྱིས་སུ་ནོར་རྣམས་བླ་མ་ཨོ་རྒྱན་ཁོ་རང་གཅིག་པུས་བདག་གིར་བཟུང་ནས་སེ་ཁྲ་དགོན་ཞེས་པའི་རི་ཁྲོད་ཅིག་ལ་གནས་བཅས་ནས་བསྡད།ཉི་གྲགས་ཀྱི་ཕྱག་མཛོད་ཚུལ་ཁྲིམས་དགེ་འདུན་ཞུ་བ་ཞིག་ཡོད་ཅིང༌།འོན་ཀྱང་དགའ་སྡུག་དང་ཉེ་རིང་གི་ཚོར་གདུང་སྐྱེན་དྲགས་པས་བླ་མ་ཨོ་རྒྱན་གྱི་ལག་ནས་ནོར་རྣམས་ཚུར་ལོན་ཕྱིར་དུ་གྲྭ་ཞར་ལ་བང་ཆེན་བསྟུད་མར་བཏང་བའི་རྐྱེན་གྱིས་ཉིན་ཞིག་ལ་གྲྭ་ཞར་རང་གི་མནའ་ཤག་གྲོགས་པོ་ཚོར་གྱེས་མཇལ་ཞིག་ཞུས་ནས།ཉི་གྲགས་དགོན་ཆགས་རི་སྲིད་རྫོང་འོད་ཟེར་སྒྲུབ་སྡེ་གླིང་དུ་ཉི་གྲགས་ཀྱི་ཕྱག་མཛོད་སར་ཕྱིན།ཕྱག་མཛོད་སོགས་ནས་ཁམས་བདེའི་འཚམས་འདྲི་དང་བཅས་སྣེ་ལེན་ཟབ་རྒྱས་བྱས་ཏེ་སྔར་གྱི་གནས་ཚུལ་ཞིབ་ཕྲ་བཤད་པས་ན།གྲྭ་ཞར་གྱིས་ནོར་རྣམས་ཕྱི་ཉིན་རང་ལ་ཚུར་ལོན་རྒྱུའི་ཁས་ལེན་བྱས་ནས་དེ་ནུབ་རྟ་ལ་སྒ་ཆས་སྤྲས་ཏེ་ལམ་དུ་ཆས།སེ་ཁྲ་དགོན་དུ་དེ་ནས་དེ་ཙམ་ཐག་རིང་པོ་མིན་པས་ནམ་ཕྱེད་ཙམ་ལ་བསླེབས་ཀྱང་ནམ་མ་ལངས་བར་དུ་དེར་བསྡད།ཞོགས་པ་སྐྱ་རེང་ཤར་མ་ཐག་ཏུ་ཀི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་ཏེ་སྟོང་མདའ་འགའ་ཤས་ནམ་མཁར་འཕངས་ཏེ་ནོར་རྣམས་དེད་པས།བླ་མ་ཨོ་རྒྱན་ཧར་གྱིས་བཞེངས་ཏེ་སྐུ་ལ་བེར་སེར་པོ་ཞིག་གསོལ།ནམ་རྒྱུན་བྱིན་རླབས་རྩ་ཆེན་དུ་རྩི་བའི་ཞྭ་མོ་ཨོ་རྒྱན་པན་ཞྭ་ཞིག་ཡོད་པ་ཞྭ་དེ་ནི་སྐྱེ་བོ་སུས་གྱོན་ནའང་མཚོན་གྱིས་མི་འཇིགས་པ་མ་ཟད།མཚོན་ཆ་ཐམས་ཅད་ཀྱང་ཞྭ་མོའི་འཁྲིས་སུ་སླེབས་ཚེ་མེ་ཏོག་གི་ཆར་དུ་འགྱུར་འགྲོ་བཤད་སྲོལ་ཡོད་པ་བཞིན།དེ་ཉིན་ཞྭ་མོ་དེ་བསྣམས་ཏེ་ཐོག་ཁར་འཛེགས།གྲྭ་ཞར་གྱིས་བླ་མའི་ཞྭ་མོ་ལ་བྱིན་རླབས་ཚན་ཁ་ཆེ་ཚུལ་སྔར་ནས་གོ་མྱོང་ཡོད་སྟབས།དམིགས་ཀྱིས་བཀར་ཏེ་ཞྭ་མོ་ལ་མདའ་ཞིག་སྤྲིངས་པས་ཞྭ་མོའི་སྟེང་གི་གསེར་དངུལ་གྱི་ཉི་ཟླ་རྣམས་གཏོར་ཏེ།ཞྭ་མོ་སར་གཡུགས་པས་བླ་མ་འཇིགས་སྣང་གིས་དྲན་པ་འཐོར།ཕྱིས་སུ་དམངས་ཁྲོད་དུ་དམ་ཉམས་གྲྭ་ཞར་གྱིས་བླ་མའི་དབུ་ལ་མདའ་འཕངས་ཀྱང་ཞྭ་མོས་བླངས་ནས་བླ་མ་ལ་གནོད་སྐྱོན་མ་བྱུང་ཚུལ་དང༌།བླ་མ་ཡང་དྲན་མེད་དུ་རྒྱལ་སྐབས་ཐུགས་ཏིང་ངེ་འཛིན་ལ་མཉམ་པར་གཞག་ཡོད་ཅེས་བཤད་ཚུལ་འདུག།བླ་མའི་སྐུ་འཁོར་འགའ་ཤས་ཀྱིས་གྲྭ་ཞར་རྗེས་འདེད་བཏང་བས་ཕལ་ཆེར་གྲྭ་ཞར་གྱིས་མདའ་འོག་ཏུ་དྲངས།

གཞན་རྣམས་གབ་སའི་ཁུང་བུ་མ་རེག་པར་ལུས་ནས་རྗེས་འདེད་ཀྱང་མེད་པས།གྲྭ་ཞར་གྱིས་ནོར་རྣམས་ཤར་གྱིས་དེད་ནས་ཉི་གྲགས་བླ་བྲང་གི་སྒོ་ཁར་བསྐྱལ།ཕྱག་མཛོད་སོགས་ནས་ཤ་མར་ཐུད་སོགས་ཀྱིས་སྣེ་ལེན་དང་གྲྭ་ཞར་ལ་དཔའ་དར་གྱ་ནོམ་པ་བསྩལ་ནས་བསྔཌ་བརྗོད་ཀྱི་མེ་ཏོག་འཐོར་བཞིན་དགའ་སྟོན་ལ་རོལ།བླ་མ་ཨོ་རྒྱན་ཡང་ཐུགས་བསམ་མང་པོ་བཞེས་མ་དགོས་པར་རང་ཉིད་ལ་དད་དམ་འགྱུར་བ་མེད་པའི་ཁྲོམ་གདོང་དགུ་འཁོར་ཞེས་པའི་མི་ཚང་ཞིག་ལ་བུ་དགུ་ཡོད་ཅིང༌།ཐམས་ཅད་ཀྱང་ང་སྟག་དང་ཁོ་གཟིག་ཡིན་ཟེར་མཁན་ཤ་སྟག་ཡིན་ཅིང༌།དགྲ་འཐབ་པ་དང་ཇག་ལ་འགྲོ་དགོས་ཚེ་བུ་ཕ་ཁྱིམ་དུ་ཆས་པ་ལྟ་བུའི་དགའ་སྤྲོ་བྱེད་མཁན་ཉིད་ཡིན།

ས་ཕྱོགས་གཞན་ནས་ཀྱང་སོ་སོའི་དགྲ་ལ་ཁ་གཏད་མ་ཆོག་པ་རྣམས་ཁོ་ཚོར་སྐྱབས་བཅོལ་དུ་སླེབས་པ་མི་ཉུང་བ་ཞིག་ཁོ་ཚོའི་འཁོར་དུ་ཡོད་པས་ཧ་ཅང་སྙན་གྲཌ་ཅན་གྱི་ཇག་ཚོགས་ཤིག་ཡིན།བླ་མ་ཨོ་རྒྱན་རང་གི་འཁོར་གཡོག་འགའ་དང་ལྷན་དུ་དེ་ནས་རྟ་པའི་ཉིན་ལམ་གཅིག་ཙམ་ལ་དབྲ་རྫོང་གྲོང་ཞེས་པའི་གྲོང་སྡེ་དེའི་ནང་དུ་ཁོ་ཚོ་གནས་བཅས་ནས་ཡོད་པ་དེར་ཕེབས།ཁྲོམ་གདོང་ཚང་ནས་སངས་རྒྱས་མི་ཡུལ་དུ་བྱོན་པ་ལྟ་བུའི་དགའ་སྤྲོའི་གུས་འདུད་དང་བཅས་བསུ་བ་བྱས།བླ་མས་སྔར་གྱི་གནས་ཚུལ་ཇི་བྱུང་ཞིབ་པར་གསུངས་པས་ན།ཁྲོམ་གདོང་དཔོན་དང་བུ་དགུ་པོ་ཐམས་ཅད་ངར་རྒོད་ཀྱི་དཔུང་པ་འཕུར་བཞིན་རིན་པོ་ཆེ་ལ་མི་མཚམས་པ་དེ་ཙམ་བྱས་པས་ང་ཚོས་ལས་སླ་བོ་ཞིག་ཏུ་འཇོག་མི་ཐུབ་ཟེར་ནས་ཁས་བླངས།ཉིན་ཤས་རྗེས་སུ་གྲྭ་ཞར་རྩ་ལ་ཞེས་པའི་ལ་མོ་བརྒལ་ནས་ལུང་པ་གཞན་ཞིག་ཏུ་འགྲོ་འཆར་ཡོད་པའི་གནས་ཚུལ་ཞིགཁྲོམ་གདོང་དཔོན་གྱིས་ཤེས་རྟོགས་བྱུང་བས།རང་གི་བུ་སོགས་བློན་ཧྲག་བསྡུས་འགའ་ཤས་བསྐོངས་ནས་གྲྭ་ཞར་གྱི་རྩ་ལའི་ལ་མོ་བརྒལ་སྐབས་ང་ཚོས་ལ་མགོ་ནས་གྲྭ་སྒྲིགས་ཨང་སར་བྱས་ཏེ་སྒུག་ར་སྤྲོད་དགོས་པའི་ཞུས་སྟོན་བྱས།ཉིན་ཤས་རྗེས་ཞོགས་པ་ཞིག་ལ་ལྷ་བསངས་དགུང་ལ་འཁྲིགས་པ་ཞིག་བཏང་ནས།བུ་དགུ་པོ་ཐམས་ཅད་ཀྱང་གཟུགས་པོ་རིང་ཐུང་ཆ་སྙོམས་ཤིང༌།ཐེར་མ་སྨུག་པོའི་ཕྱུ་བ་ལ་སྟག་གཟིག་ཅི་རིགས་ཀྱི་པགས་པས་མཐའ་རྒྱན་སྤྲས་པ།འབུ་རས་དཀར་པོའི་སྟོད་ཐུང་ལ་གོས་ཆེན་དམར་སེར་གྱིས་མགྲིན་རྒྱན་ཅན་རེ་རེ་གྱོན།ཀོང་པོའི་སྤུ་གྲི་དང་ཨབ་ཤག་སོགས་མཚོན་ཆ་སྣ་ཚོགས་ཀྱིས་ལུས་ལ་བསྐོར་ཏེ་སོ་སོའི་རྟ་ཐོག་ཏུ་བུད།མ་དང་སྲིང་མོ་སོགས་ཀྱིས་ཆང་གི་སྐྱེལ་མ་ཞུ་བ་དང་ཆབས་ཅིག་དགྲ་མགོ་གནོན་ཐུབ་པའི་དགྲ་ལྷ་དཔའ་བསྟོད་ཀྱི་ཤིས་བརྗོད་སྣ་ཚོགས་སྒྲོག་བཞིན་རྩ་ལའི་ལ་མགོ་རུ་ཆས་སོ།

 

ལ་མགོར་སླེབས་རྗེས་ཕ་རྒན་ནམ་ཇག་དཔོན་རང་ཉིད་ཀྱིས་གྲྭ་ཞར་འཁྲིས་སུ་མ་སླེབས་བར་དུ་མི་སུ་ཞིག་གིས་མེ་མདའ་ཁ་གྲགས་མི་ཉན།ཁོ་ལ་མདའ་རྩལ་དང་གཟུགས་པོའི་ལྡེམ་འགྱུར་བྱང་ཆུབ་པ་ཡོད་པས་མདའ་ཤིན་ཏུ་ནས་ཐེབས་དཀའ་མ་ཟད་ཚུར་ལ་ཡང་ཉེན་ཁ་ཡོད་པས།འཁྲིས་སུ་སླེབས་ཚེ་ཐོག་མར་ཕ་རྒན་རང་ཉིད་ཀྱིས་ཁོ་པའི་ཀ་ལེ་གཏོར་དགོས།གལ་ཏེ་མ་ཐེབས་ཚེ་ཚང་མས་མདའ་རུབ་བརྒྱག་དགོས་ཞེས་དམག་ཇུས་སྙན་པོ་ཞིག་ཀྱང་བསྟན།དེ་རྗེས་ཕོ་རྒོད་རྣམས་རྫ་བྲག་གི་གསེབ་ཏུ་ཡིབ་ནས།ལག་ཏུ་མེ་མདའ་བཟུང་ཞིང་སྐམ་ཁུང་དུ་མཛུབ་མོ་བརྒྱུད་དེ་སྒུག་ར་སྤྲད།རྫ་ལམ་སྐྱ་མོ་དར་སྐུད་དང་འདྲ་བའི་ལམ་ཟུར་གྱི་རྡོ་ཕ་བོང་ཞིག་གི་འགྲམ་ནས་ཕ་རྒན་རང་ཉིད་ཀྱིས་སྒུག་ར་སྤྲད་དེ་ཁུ་སིམ་མེར་བསྡད།དེའི་ཉིན་མོར་ནམ་མཁའ་ལ་ཡང་སྤྲིན་པ་འགའ་ཤས་ལས་མཐོང་རྒྱུ་མེད་ཅིང༌།རླུང་བསིལ་བུའི་ཤུར་སྒྲ་ཆུང་ཆུང་ཞིག་རྒྱུན་མར་རྣ་ལམ་དུ་གྲགས་པས་དམ་ཉམས་གྲྭ་ཞར་སླེབས་ལ་ཉེ་བའི་གསང་བརྡ་སྟོན་པ་དང་མཚུངས།ཕྱུགས་རྫི་འགའ་ཤས་ཀྱིས་ཕྱོགས་གཉིས་ཀའི་གནས་ཚུལ་ཤེས་སྟབས་འཇིགས་སྣང་དང་འབྲེལ་བའི་ངང་ལྟད་མོར་ཡེངས།དེ་ནས་རིང་པོར་མ་སོང་བར་གྲྭ་ཞར་དཔོན་གཡོག་དང་བཅས་པ་ལ་རྩར་སླེབས།གྲྭ་ཞར་གྱི་སེམས་ལ་སྒུག་ར་སྤྲོད་མཁན་འདྲ་ཡོད་པར་དྭོགས་ནས་གཡོག་འཁོར་རྣམས་ལ་རྩར་བཞག།ཁོ་རང་གཅིག་པུ་སོ་པའི་ཟོལ་གྱིས་ལ་ཁར་འཛེགས་ཡོང༌།སྒུག་ར་སྤྲོད་མཁན་ཡོད་པའི་རྟགས་མཚན་གང་ཡང་མ་མངོན་པས་རིམ་བཞིན་ལ་འགོར་འཛེགས་སྐབས།ཁྲོམ་གདོང་ཚང་གི་བུ་རྒན་པ་ནི་རྣམ་ཀུན་དགྲ་ཚུར་ཡོང་གདོང་ལེན་ཐོག་མ།ཇག་ཕར་འགྲོའི་རྟིང་མ་དང་པོ་ཞེས་པའི་དཔེ་ལྟར།ད་བར་དུ་ཟས་སུ་མི་རྒྱུ་ཁོ་ན་ཟོས་ཤིང་ལས་ལ་མི་སྲོག་ཁོ་ན་བཅད་ཀྱང་ལྟག་ཁུང་ས་ལ་རེག་མ་མྱོང་པའི་ཁེངས་དྲེཌ་ཅན་ཞིག་ཡིན་སྟབས།དེ་རིང་ཡང་ཕོ་རྒོད་གྲྭ་ཞར་བསད་པའི་རྟགས་མ་དེ་ང་རང་ལ་འོས་བབ་སྙམ་ནས་གྲྭ་ཞར་གྱི་དཔྲལ་བར་དམིགས་ཀྱིས་གཏད་དེ་ལྐོག་མདའ་ཞིག་འཕངས་པས།མེ་སྐད་རྣ་ལམ་དུ་གྲགས་མ་ཐག་ཏུ་གྲྭ་ཞར་གྱིས་རང་ལ་ཐེབས་ཁུལ་བྱས་ཏེ་རྟ་ཐོག་ནས་མཆོངས་ཞོར་དུ་ལུས་པོ་ལྡེམ་འགྱུར་ཞིག་བརྒྱབས་ཏེ་ས་ལ་བབ་པ་དང༌།དུས་མཉམ་དུ་མེ་མདའི་ཁ་ཡར་གཏད་ཐུབ་པ་བྱས།བུ་རྒན་པའི་བསམ་པར་གྲྭ་ཞར་སོད་ཚར་སོང་སྙམ་ནས་ཀི་སྒྲ་དང་བཅས་ཡར་ལངས་མ་ཐག་མདའ་རྩལ་ལ་རང་དབང་ཐོབ་པའི་གྲྭ་ཞར་གྱིས་མིག་ལམ་དུ་མི་ཡི་ཡ་ཐོད་ཅིག་མངོན་ཙམ་བྱུང་བས།དེ་ག་རང་ལ་དམིགས་ཀྱིས་གཏད་དེ་མདའ་ཞིག་བརྫངས་པས་ཡ་ཐོད་དཔྲལ་བའི་མདོ་རུ་ཐེབས་ཏེ་ཀླད་ཁྲག་ནམ་མཁར་གཏོར།བུ་གཞན་རྣམས་སྤུན་རྒན་པ་གློ་བུར་དུ་དགྲ་ལག་ཤོར་བ་མཐོང་བས་གནམ་ས་ཆལོང་བསྡེབས་པ་ལྟར་དར་ཅིག་ཅི་ཆ་མེད་པར་འཐོམ་པ་ལྟར་གྱུར།དཔའ་མཛངས་གཉིས་ལྡན་གྱི་ཕོ་རྒོད་གྲྭ་ཞར་གྱི་བསམ་པར་མི་གཅིག་གིས་མི་མང་པོ་ཁ་གཏད་གཅོག་ཐུབ་དཀའ་སྙམ་ཏེ་སྐད་ཅིག་ཉིད་ལ་རྟ་ཐོག་བུད་དེ་ཕྱིར་ལོག།ཕ་རྒན་ནས་མདའ་ཁ་ཤས་བརྫངས་ཀྱང་རྗེས་མ་ཟིན།ཁྲོམ་ཐོག་དཔོན་གཡོག་རྣམས་བུ་རྒན་པ་དགྲ་ལག་ཏུ་ཤོར་བའི་སྡུག་བསྔལ་དང༌།ཁོང་ཁྲོ་རབ་ཏུ་འཁྲུགས་ཀྱང་གནས་སྐབས་ཕྱིར་ལོག་མི་བྱེད་ཐབས་མེད་དུ་གྱུར།ཉིན་ཤས་རྗེས་ལ་གྲྭ་ཞར་རྩ་ལའི་ལ་མོ་བརྒལ་ཅིང༌།ལ་ཁར་རལ་གྲིས་སྤང་ཁ་བྲེགས་ཏེ།འབྲེག་ཤུལ་དུ་རྡོ་དཀར་བསྒྲིགས་ནས་ཡི་གེ་འདི་ལྟར་བྲིས།ས་རྩ་ལ་ལ་ཡི་ལ་མགོ་ལ།།ཕོ་རྒོད་པོ་རླུང་རྟ་དར་ས་རེད།།སྡང་དགྲ་བོ་ཀ་ལེ་གཏོར་ས་རེད།།རྡོ་ཨ་དཀར་ཡི་གེ་འབྲི་ས་རེད།།འདི་ནི་ཁྲོམ་གྲྭ་བར་གྱི་གཡུལ་འགྱེད་དང་པོ་དང༌།གྲྭ་ཞར་ལ་ཁྲོམ་གདོང་ཚང་གིས་དགྲ་ཤ་བླངས་ཐུབ་མིན་ལ་གཟིགས་འདོད་ཡོད་ན་ལེའུ་ཕྱི་མའི་ནང་དུ་གསལ།།

ལེའུ་གཉིས་པ།

སྔོ་ལྗང་གཡུ་གོས་ཀྱིས་བཀླུབས་པའི་རི་ལུང་ཀུན་ལ་འདི་བཞད་དང་འདི་མི་བཞད་ཅེས་ཁ་ཚོན་མི་ཆོད་པའི་མེ་ཏོག་སྣ་ཚོགས་ཀྱི་ཚལ་དུ།སྐར་ཚོགས་ཐང་ལ་བརྡལ་འདྲའི་ལུག་ཁྱུའི་ཁྲོད་ནས་སྤུ་སྡུག་རི་དྭགས་ཚོཌ་རྣམས་

དགའ་ཞིང་རྣམ་པར་འཕྱོ་བ།གཡག་རོག་ཞོལ་ཆེན་རྣམས་ཀྱང་རྔ་མ་སྒལ་སྟེང་དུ་ཁུར་ཏེ་མཆོང་ལྡིང་གི་གར་སྟབས་དང་བཅས་ཏེ་རང་འདོད་གང་དགར་རྒྱུགས།དྲི་ཞོན་ཤུགས་ཀྱིས་ལྷབ་ལྷུབ་ཏུ་གཡོ་བའི་ལྗོན་ཤིང་གི་ཡལ་འདབ་གསེབ་ནས་དམར་སེར་བཞིན་རས་འཛུམ་པའི་ཤིང་འབྲས་རྣམས་ངོ་ཚ་སྨིན་པའི་ཟོལ་གྱིས་ལོ་མས་ཕྱེད་བཏུམས་ཤིང༌།འབྲས་བཟང་དེ་དག་ལ་ཆཌ་པའི་བྱིའུ་རྣམས་འཕུར་ལྡིང་གི་བྲེལ་འཚུབ་ཆེ་བ།ཡང་དགོས་གངྶ་རིའི་ཟུངས་ཁྲག་ཏུ་འབོད་པ་ལྷུང་ལྷུང་དལ་གྱིས་འབབ་པ་རྔུལ་ཆུའི་གྱ་གྱུའི་རྣམ་པ་མཛེས་ཤིང༌།ཟུངས་ཁྲག་དེ་ཉིད་རྩ་ལམ་དུ་རྒྱུ་བའི་གངས་ཕྲུག་ན་གཞོན་ཕོ་མོ་རྣམས་ཀྱང་སྲིད་པའི་ལ་ཤགས་སྣ་ཚོགས་ཀྱིས་ཤགས་འགྱེད་རེས་སོགས་ཀྱི་རྩེད་འཇོའི་དགའ་སྟོན་ལ་རོལ་བཞིན་གདའ།དེ་ཚེ་ཁྲོམ་གྲྭ་གཉིས་ཀྱང་དགྲ་ཚུར་ཡོང་དང་ཇག་ཕར་འགྲོ་མེད་པ་ཟླ་བ་དུ་མ་འདས།སྲང་ལམ་ཀུན་ཏུ་མི་རྣམས་ཀྱིས་སྐད་ཆ་ཤབ་ཤུབ་ཏུ་ལབ་པ་ནི།ཁྲོམ་གདོང་ཚང་གི་རི་རབ་ལས་ཀྱང་མཐོ་བའི་ཁེངས་དྲེགས་དེ་གྲ་ཞར་གྱིས་མདའ་གཅིག་གིས་ཐང་ལ་བསྙིལ་སོང་ཟེར་བའི་ཚིག་དེས།ཁྲོམ་གདོང་དགའ་ཡུའི་རྣ་གཤོག་ཆགས་པ་དང༌།ཡང་སྙིང་བུ་དགྲ་ལག་ཏུ་ཤོར་བའི་ཤ་འཁོན་དེ་ཐབས་ཅི་ཞིག་གིས་ལོན་ཡོང་སྙམ་པའི་བློ་རྩེ་མི་འདྲ་བ་སྣ་ཚོགས་ཤིག་འཁོར་བཞིན་ཡོད་སྐབས།ཁམས་ཀྱི་ས་ཆ་གཞན་ཞིག་ནས་ཉིན་གཅིག་ལ་མི་རྟ་བཅོ་བརྒྱད་བསད་མྱོང་བའི་རི་རྒོད་ཟེར་བའི་མི་གཏུམ་པོ་ཞིག་བློ་བུར་དུ་ཉེན་ཡོལ་དུ་སླེབས།རིང་པོ་མ་སོང་བར་ཁྲོམ་གདོང་ཚང་གིས་གཏོང་ན་མདའ་ལྟར་རྒྱུགས་པ།བཀུག་ན་གཞུ་ལྟར་མཉེན་པའི་མཆེད་གྲོགས་ཤིག་ཆགས།འགའ་ཤས་ཟེར་ན་གྲ་ཞར་ལ་ཁ་གཏད་གཅོག་ཆེད་དུ་མཆེད་གྲོགས་བསྒྲིགས་ཀྱང་ཟེར།གྲ་ཞར་གྱི་ཇག་ཚོགས་སུ་གསར་དུ་སླེབས་པ་ནི།གྲ་ཞར་གྱི་བློས་ཐུབ་གྲོགས་པོ་པད་པད་ཟེར་བ་དེ་རེད།

ཁོ་ནི་མི་གཤིས་རང་བཞིན་དྲང་ལ་མཛའ་བརྩེའི་ཕྱི་ཐག་བརྟན་པའི་ཕོ་རབ་ཤིག་དང་དགྲ་དང་འཐབ་ཚེ་ཕྱིར་ནུད་བྱེད་མི་ཤེས་པའི་གླེན་ཤེད་ཆེ་ཙམ་ཡོད།ལོ་ན་གཞོན་སྐབས་ལུང་པ་གཞན་དུ་བྲོས་བྱོལ་དུ་འགྲོ་དགོས་བྱུང༌དགོས་དོན་ནི།སྔར་སེ་ར་བྱེས་དང་སྡེ་བ་གཞུང་འཁྲུགས་སྐབས།སེར་བྱེས་མཁན་པོ་ངག་རྒྱན་ལྷོ་ལམ་བརྒྱུད་ནས་རྒྱ་ནག་ཏུ་བྲོས་ཤོར་བས།ལུང་པ་འདི་ཡང་ལྷོ་ལམ་གྱི་ཟུར་ཞིག་འཁེལ་ཡོད་སྟབས།དེའི་རྗེས་འདེད་གཞུང་གི་སྐུ་དྲག་རྟ་ནག་དེད་དཔོན་གྱི་བུ།ཡེ་ཤེས་ལགས་ཟེར་བའི་དམག་དཔོན་ཞིག་ལྷོ་ལམ་འགོག་ཆེད་དུ་ལུང་པ་འདིར་བསླེབས་ཡོད་འདུག།།སྐབས་དེར་ཟངས་རྒྱུད་ཚང་ཞེས་པའི་མི་ཚང་ཕྱུག་པོ་ཞིག་ལ།ཤིན་ཏུ་

ནས་སྙིང་རྗེ་བའི་ལང་ཚོ་དར་ལ་བབ་པའི་བུ་མོ་རིག་འཛིན་ཆོས་མོ་ཞེས་པ་ཞིག་ཡོད།ཡུལ་མི་རྣམས་ཀྱིས་མིང་འདོགས་ལ་སྲིད་གསུམ་མཛེས་མ་ཞེས་འབོད།ཡེ་ཤེས་ལགས་སྲིད་གསུམ་མཛེས་མར་སེམས་པ་ཡོངས་རྫོཌ་

ཤོར་ཏེ།ཁོ་རང་ལ་ཡང་དབང་དང་དྲག་པོ་གང་གི་ཐད་ལ་ཐོགས་པ་མེད་སྟབས།སྲིད་གསུམ་མཛེས་མ་འདོད་པ་ཡོད་མེད་ལ་མ་ལྟོས་པར་བཙན་ཤེད་ཀྱིས་མག་པར་བསྡད་ཅིང།ཟངས་རྒྱུད་ཚང་རྒྱུ་ཤེད་ཆེ་བའི་ཁར་གཞུང་གི་སྐུ་དྲག་གི་བུ་ཞིག་མག་པ་ཡོད་སྟབས།དཔོན་དང་ལྡེང་དཔོན་སོགས་ཀྱིས་བྱ་བ་ཆེ་ཕྲ་གང་བྱས་ཀྱང་ཟངས་རྒྱུད་ཚང་དང་ཡེ་ཤེས་ལགས་ཀྱི་གདོང་གི་རྣམ་འགྱུར་ལ་བསྟུན་དགོས་ཀྱི་ཡོད་འདུག།།ཉིན་ཞིག་ལ་སྲིད་གསུམ་

 

མཛེས་མ་རང་གི་གཉེན་མཚན་ཞིག་བག་སྟོན་མཛད་སྒོར་འགྲོ་སྐབས།པད་པད་ཡང་ཕོ་སར་འགའ་དང་ལྷན་དུ་དེར་སླེབས་ཡོད་པ་མ་ཟད།ཆང་གིས་ར་བཟི་ནས་སྲིད་གསུམ་མཛེས་མར་དགའ་བའི་རྣམ་འགྱུར་གྱིས་ཀུ་རེ་

མང་དག་ཅིག་བཤད།མཇུག་མཐར་སྲིད་གསུམ་མཛེས་མའི་ལག་མགོ་ནས་འཇུས་ཏེ་ཤུགས་ཆེ་ཆུང་གཏུགས་ཏེ་རང་གིས་མཆན་འོག་ཏུ་གཅུགས་ཏེ་བསྙད་བརྐོ་སྣ་ཚོགས་ཤིག་བྱས་པ།ཡེ་ཤེས་ལགས་ཀྱིས་རབ་གསལ་

སྒེད་ཁུང་ནས་མཐོང་བས།ཕྲག་དོག་བཟོད་ཐབས་མེད་པ་ཞིག་སྐྱེས་ཏེ།ཁྱི་རྒན་ཞེས་པའི་ཚིག་ཀྱང་ཆིག་ལབ་ཏུ་ཤོར།རང་འོག་གི་དམག་མི་བོས་ཏེ་དེ་རིང་ངའི་སྙིང་གི་ཆུ་ཤེལ་སྟེང་ལ་ཁྱི་རྒན་ཞིག་གིས་ལག་པ་འཆང་

གི་འདུག་ན།ཁོ་ཁྲིམས་ཤིང་གི་རྩེར་རྒྱོངས་ཤིག་ཅེས་བཀའ་བཏང༌།དེ་ལྟར་དུ་ཁྲིམས་ཤིང་གི་རྩེར་བརྒྱངས་ཏེ་ཁྲིམས་དབྱུག་ཞུ་སྐབས།ཁོང་གི་གྲོང་རོགས་ཁྱིམ་མཚེས་བུ་མོ་ཞིག་གིས།དེ་འདྲ་མ་གནང་རོགས་མི་འཆི་ས་རེད་ཅེས་ཞུ་བ་ཕུལ་ཡང༌།རེ་འབྲས་ཐོན་རྒྱུ་ལྟ་ཞོག།།བུ་མོ་དེ་ཡང་དམག་མི་དེ་ཚོས་བཟུང་སྟེ་ནང་དུ་ཁྲིད་ནས་བཙན་གཡེམ་ཡང་བྱས་འདུག།།མཐར་ཡེ་ཤེས་ལགས་ཡིད་ཚིམས་ནས་དེ་རིང་ཁྱི་རྒན་ཁྱོད་མ་བསད་ཚེ་ཐར་བཏང་ཡོད་ཟེར་ཏེ་པད་པད་གློད་གྲོལ་བཏང༌།པད་པད་ཀྱི་བསམ་པར་སྐྱེས་པ་ཕོ་ཡི་དགྲ་ལན་ལོ་གསུམ་སོང་ཡང་སྔ་སྐྱོན་ཟེར་བ་ལྟར།དགྲ་ཤ་རེ་ཞིག་ཕྱིར་བཤོལ་བྱས་ཏེ་རྗེས་སོར་གོ་སྐབས་ཤིག་རེག་ཚེ།དུས་ལས་མི་ཡོལ་བ་ཚིམ་པོ་ཞིག་ལེན་རྒྱུའི་འཆར་གཞི་ཞིག་སེམས་ནང་བཀོད་དེ་རང་གྲོང་དུ་ལོག།།དེ་ནུབ་རང་གི་གྲོགས་པོ་ཕོ་སར་ཞིག་དང་སྔར་གྱི་གནས་ཚུལ་ལབ་གླེང་འཐེན་སྐབས།གྲོང་རོགས་བུ་མོར་བཙན་གཡེམ་བྱས་ཚུལ་གཞི་ནས་གོ་བས།ཁོང་ཁྲོ་མེ་འབར་བཞིན་པའི་སྒང་ལ་གློ་བུར་དུ་སྣུམ་བླུགས་པ་ལྟར།སྲན་ཐུབ་ཐབས་ལར་ནས་མེད་པའི་ཞེ་སྡང་རུས་པའི་དཀྱིལ་ནས་འཁྲུགས་ཤིང༌།དེ་ནུབ་རང་ལ་དགྲ་ཤ་ལེན་རྒྱུ་ཐག་ཆོད་དེ།མཚན་དཀྱིལ་ཙམ་ལ་རལ་གྲི་སྐེད་པར་བཏགས་ཏེ་ཟངས་རྒྱུད་ཚང་ལ་མཚན་སྡེབ་ཏུ་སོང༌།སྐྱ་རེངས་མ་ཤར་བར་དུ་ཡེ་ཤེས་ལགས་ཁྱོ་ཤུག་གཉིས་ཉལ་སའི་རབ་གསལ་ཐོག་ཁར་བསྡད།སྐྱ་རེངས་ཤར་རྗེས་སྲིད་གསུམ་མཛེས་མ་ཡར་ལངས་ནས་ཐབ་ཚང་དུ་ཞོགས་ཇ་བསྐོལ་དུ་ཕྱིན་པའི་སྐབས་དང་བསྟུན་ཏེ།རབ་གསལ་ནང་འཛུལ་ཏེ་སྒོའི་འཕྲད་གཏན་བརྒྱབ།ལག་གཡས་པས་རལ་གྲི་འཆང་ཞིང༌།གཡོན་པས་ཡེ་ཤེས་ལགས་ཀྱི་ཐོན་རྩ་ནས་འཇུས་ཏེ།ཨམ་མཚར་གྱི་ཚུལ་དུ་མི་དབང་གནམ་གྱི་རྒྱལ་པོ་ཡར་བཞེངས་ཞེས་བོས།ཡེ་ཤེས་ལགས་གཉིད་མ་སད་ཅིག་ལ་སྲིད་གསུམ་མཛེས་མ་ཡིན་སྣང་ཤར་ནས།ངའི་སྙིང་ནོར་སུན་པོ་མ་བཟོ་རོགས་ཞེས་བཤད།དེ་མ་ཐག་ཁྱི་རྒན་འཆི་རྩིས་བྱོས་ཤིག་ཟེར་ཞོར་དུ།ཐོན་རྩ་ནས་ཤུགས་ཀྱིས་འཐེན་ཐེངས་གཅིག་གིས་སར་གཡུགས།ཡེ་ཤེས་ལགས་མིག་ཧར་གྱིས་གདང་སྐབས།གློ་བུར་དུ་པད་པད་མདུན་དུ་འགྲེངས་འདུག།།དེ་སྔ་སྐུ་ངོ་དང་ལགས་སོ་མ་གཏོགས་གཞན་རྣ་བས་གོ་མ་མྱོང་བའི་མི་དེས།དེ་རིང་ཁྱི་རྒན་ཟེར་བའི་ཚིག་གཅིག་གློ་བུར་དུ་ཐོས་སྟབས།སེམས་གཏིང་ནས་མི་བཟོད་པའི་ཚིག་པ་ཟོས་ཏེ།ལམ་སང་སྔས་མགོའི་འོག་ནས་ཐུང་མདའ་ཞིག་བཏོན།དེ་མ་ཐག་པད་པད་ཀྱིས་ལག་གཡས་པར་རལ་གྲི་ལན་ཅིག་བཏབས་པས།ལག་པ་དང་ཐུང་མདའ་མཉམ་དུ་སར་ཟགས།ཡང་བསྐྱར་མགོའི་སྟེང་དུ་ལན་ཅིག་བཏབས་པས་སྣ་ཁུག་ལ་མ་ཐུག་བར་ཕྱེད་གཤགས་བཏང་བ་དང་དུས་མཚུངས།མྱ་ངན་གྱི་འོ་དོད་ཡ་ང་བ་ཞིག་ཤོར་བ།སྲིད་གསུམ་མཛེས་མས་ཐོས་ནས་མགྱོགས་མྱུར་དུ་སླེབས་ཀྱང༌།སྒོའི་འཕྲད་གཏན་བརྒྱབ་ཡོད་པས་ནང་དུ་མ་ཐར།པད་པད་ཀྱིས་རལ་གྲི་གཡུགས་ཐེངས་གཉིས་ཀྱིས་རབ་གསལ་སྒེད་ཁུང་གཏོར་ནས་རང་ཉིད་དེ་ནས་ཕྱིར་དོན།སྒོ་རའི་ནང་དུ་རྟ་ཕོ་ཞིག་བཏགས་ཡོད་པ་དེའི་ཐོག་ཏུ་མཆོངས་པ་དང་ཞོན་པ་དུས་མཉམ་དུ་བྱས་ཏེ་བྲོས་ཤོར།དེའི་ཉིན་མོ་རི་ལ་ཡིབ།མཚན་མོ་ནང་དུ་སླེབས་ཏེ་མ་དང་སྲིང་མོ་གཉིས་པོ་དེ་ཁྲིད་དེ་ཀོང་པོའི་ཡུལ་དུ་བྲོས་བྱོལ་དུ་ཕྱིན།རྗེས་སོར་བོད་སྡེ་ཡོངས་སྡེ་བ་གཞུང་གིས་ཤོར།རྒྱ་མིས་སྟངས་འཛིན་ཡག་པོ་མ་ཐུབ་པའི་སྐབས་དེར།མི་རྣམས་རང་སྣང་གང་དགར་ཆོག་པས་རང་ཡུལ་དུ་ལོག་ནས་གྲ་ཞར་ཇག་ཚོགས་སུ་བསྡད།རིང་མིན་ཞིག་ལ་པད་པད་ལ་ཀོང་པོ་སོགས་ཡུལ་ལུང་མང་པོ་རྒྱུས་ཡོད་དང༌།ངོ་ཤེས་ཀྱང་མང་པོ་ཡོད་པར་བརྟེན༌།རོགས་འགའ་དང་ལྷན་རྟ་དྲེལ་མང་པོ་དེད་ནས་ཇག་ཚོགས་ཀྱི་ཚོང་འགྲུལ་དུ་ཕྱིན།གཡང་ཤོད་ལ་ཞེས་པའི་ལ་འགོ་ཞིག་ལ་ཁྲོམ་ཐོག་ཚང་གི་བུ་གཉིས་ཚོང་ལ་འགྲོ་བ་དང་གདོང་ཐུག་རྒྱབ་འདུག།།ཐོག་མར་ཀི་སྒྲ་རེ་ཟུང་སྒྲོགས་རེས་བྱས་ཏེ།ཐག་ཉེ་སར་སླེབས་པ་ན་ཕན་ཚུན་ཤེས་རྟོགས་བྱུང་བའི་ཕར་འགྱིང་ཚུར་འགྱིང་གི་རྫིག་ཉམས་འགའ་བསྟན་རེས་བྱས་ཀྱང༌།།དེ་ཙམ་གྱིས་མ་ཚིམས་པ།རལ་གྲི་ཤུབས་ནས་ཕྱུངས་ནས་པད་པད་དང་ཁྲོམ་གདོང་བུ་འབྲིང་གཉིས་རལ་ཁ་འགྲན་པས།གྲི་ཁ་ལེན་རེས་ཀྱིས་རྒྱལ་ཕམ་གྱི་འཁྲུན་ཐག་མ་ཆོད་པའི་སྐབས་དེར།གྲ་ཞར་གྱི་བློན་པོ་བཀྲ་ལྷས།ལམ་རྫས་གསེང་ནས་གྱད་རྡོ་དཀར་པོ་ཞིག་བླངས་ཏེ་དཔུང་གཤེད་ཡོད་དགུ་རྩལ་སྤྲུགས་ཀྱིས་མཚང་སྟེང་ལ་བཞུས་པས།རྩ་མདུད་གང་ལ་ཕོག་པ་ཡིན་ནམ་ལུས་པོ་ཡོངས་རྫོགས་སྤྲིད་པ་ལྟར་གྱུར་ཏེ་སར་འགྱེལ།བུ་ཆུང་བ་སྲོག་ལ་འཛེམས་མེད་ཀྱིས་མཆོངས་བས།པད་པད་ཀྱིས་གྲི་སྟག་ལན་གཉིས་མགོ་ཐོག་ཏུ་བསྣུན་པས་ཉི་ཟླ་སྐར་གསུམ་དུས་གཅིག་ཏུ་ཤར་བའི་སྣང་བ་འབྱུང་བཞིན་འགྲིལ།གཞན་ལ་ཡ་ལན་སློག་ནུས་མེད་པ་ཤེས་ནས་ཁ་ཕོ་ཤིན་ཏུ་ཆེན་པོ་འགའ་འཐེན་བཞིན་ལམ་དུ་ཞུགས།ཇག་ཚོགས་སུ་སླེབས་ཚེ་གྲ་ཞར་གྱིས་དགའ་སྤྲོའི་འཚམས་འདྲི་ཞུ་ཞོར་དུ་ལག་པ་ནས་འཇུ་བཞིན་ཇག་གུར་ནང་སོང༌།བྲོ་བཅུད་ལྡན་པའི་ཤ་མར་ཐུད་སོགས་ཅི་དགར་རོལ་བཞིན།ཚོང་ལམ་རྒྱུགས་པོ་བྱུང་ཚུལ་དང་ལམ་དབར་དུ་དགྲ་དང་འཐབ་ཚུལ་སོགས་གླེང་བཞིན་དགའ་སྟོན་ལ་རོལ།ཁྲོམ་གདོང་བུ་གཉིས་ཀྱང་ནང་ལ་འབྱོར་རྗེས་སྔར་གྱི་གནས་ཚུལ་ཇི་བྱུང་ཕ་རྒན་ལ་བཤད།མི་ཆེན་རི་ཆེན་འདྲ་བའི་ཁྲོམ་གདོང་དགའ་ཡུ་དེ།གདོང་གི་གཤིས་ཀ་ཅུང་འགྱུར་ཏེ་དམར་སེར་གཟི་འོད་འབར་བའི་གྲུམ་གདན་སྟེང་དུ་ཟུར་འདུག་ཅིག་བྱས་ཏེ།ལག་གཡས་པས་ཨོག་ཚོམ་ཁམ་པ་དེ་ཤད་ཤད་འགའ་བྱེད་བཞིན་ཡུན་ཙམ་ཞིག་ལ་མིག་གཉིས་ནམ་མཁར་བལྟས།ད་ནི་འབྲོང་བསད་པས་མི་ཆོག་རྔ་མ་ཕྱར་ཕྱར་ཟེར་པའི་དཔེ་ལྟར་དགྲ་ཤ་སྙིང་ཚིམ་པོ་ཞིག་མ་ལོན་བར་དུ་ཁོང་ཚོ་སྡོད་མི་ཐུབ་ལ།ང་ཚོ་ཡང་སྡོད་ཐབས་མེད།ཐོག་མར་དངོམ་ཆེ་བའི་རྒྱུ་དངོས་ཡོད་ཚད་བཙོངས་ཏེ་དེའི་རིན་བབ་ཀྱིས་གོ་མཚོན་གྱི་ཐད་ལ་ལག་མི་ཐོགས་པ་ཞིག་བཟོ་དགོས་བཤད།དེ་ལྟར་དུ་ཇག་མི་རྣམས་ཀྱིས་གོ་མཚོན་དང་མདེའུ་རྫོགས་མཐའ་མེད་པ་ཞིག་བསྒྲུབས་ཏེ་རྒྱུན་མར་གནས་བཅའ་ས་རྫོང་ཐོག་ཏུ་དབོར་ཞིང༌།འཇིགས་སུ་རུང་བའི་གཡུལ་འགྱེད་ཀྱི་གྲབས་གཤོམ་ཞིག་བྱས་ཏེ་གོ་སྐབས་ཤིག་མ་ཤར་བར་དུ་བསྒུགས།ལྷག་པར་དུ་རི་རྒོད་ཀྱིས་ཀྱང་གྲ་ཞར་དང་ཕོ་རྩལ་འགྲན་རྒྱུའི་གོ་སྐབས་དེ་ནམ་ཞིག་འཆར་ཡོང་བསམ་བཞིན་བྱ་འཆིལ་པས་གནམ་ཆུར་རེ་འདོད་ལྟར་སྒུག་ཡོད།ཉིན་ཞིག་ལ་གྲ་ཞར་དཔོན་གཡོག་བཅས་ཚོང་འབྲེལ་གྱི་ཆེད་དུ་རྫོང་ཐོག་ཏུ་འབྱོར།དེའི་ཕྱི་ཉིན་རང་ལ་ལུང་པ་གཞན་ཞིག་ལ་འཐོན་རྒྱུ་ཡིན་པ་ཁྲོམ་གདོང་དགའ་ཡུས་ཤེས་རྟོགས་བྱུང་ཞིང༌།དེ་ནུབ་མཚན་དཀྱིལ་ཙམ་ལ་ཁྲོམ་གདོང་ཚང་གིས་མེ་མདའ་ཐོགས་རྒྱུ་ཡོད་ཚད་ཀྱིས་ལུང་པའི་འདབས་ནས་བསྒུགས་ཏེ།ལུང་པའི་ནང་འཛུལ་རྗེས་ཕྱིར་བྲོས་ས་མེད་པ་བཟོས།རི་རྒོད་སོགས་ཕོ་རྒོད་ཧྲག་བསྡུས་རྣམས་ཀྱིས་རེག་པ་ཙམ་གྱིས་དུམ་བུར་གཅོད་ནུས་པའི་ངར་ལྡན་རལ་གྲི་རེ་ཐོགས་ནས་ལུང་པའི་ཕུ་ནས་བསྒུགས་ཏེ་ཡར་འགྲོ་ས་མེད་པ་བཟོས།ཁྲོམ་གདོང་དགའ་ཡུས་ཀྱང༌།དེ་རིང་གི་ཉིན་མོ་འདིར།ངེད་གཉིས་གཅིག་མ་གཏོགས་གཉིས་ཀ་གོ་ལ་འདིའི་སྟེང་དུ་སྡོད་ཐབས་མེད་ཟེར་ཏེ།ལག་ཏུ་མེ་མདའ་ཐོགས་ཏེ་གྲ་ཞར་འོང་སའི་ལམ་ཁ་ནས་སྒུག།།གྲ་ཞར་དཔོན་གཡོག་བཅས་ལ་ལམ་སྒུག་འཐེན་མཁན་ཡོད་པའི་དོགས་པ་མེད་སྟབས།གྲ་ཞར་ལ་ཐུང་མདའ་གཅིག་མ་གཏོགས་གཞན་དག་ལ་མེ་མདའ་མེད་པ་འདྲ།འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཞོགས་པ་སྐྱ་རེངས་མ་ཤར་གོང་ནས་ཚོང་ཟོག་རྣམས་རྟ་དྲེལ་ལ་བཀལ་ནས་ལུང་པའི་ནང་འཛུལ་ཡོང་བས།ཁྲོམ་གདོང་དམག་མི་རྣམས་ཀྱིས་མུན་ནག་དཀྱིལ་དུ་མདའ་འཕེན་ཚོད་མ་ཐིག།།ཁྲོམ་གདོང་དགའ་ཡུས།དམག་མི་རྣམས་འཁྲིས་སུ་བཅར་དགོས་པའི་གསང་བརྡ་ཞིག་བཏང།དེའི་སྐབས་ཞོར་འཕྲོས་ཤིག་ལ་ཁྲོམ་གདོང་ཇག་ཚོགས་ནང་ཨ་བུ་ནག་རིལ་ཟེར་བའི་བན་ལོག་ཅིག་ཡོད།ཁོ་ནི་རྣམ་ཀུན་མི་རྣམས་ཀྱི་ཀུ་རེ་རྩེ་ས་དང༌།ཁོ་རང་ཡང་ཤིན་ཏུ་དགོད་བྲོ་བའི་མི་ཞིག་ཡིན།ངོ་ཤེས་མིན་ལ་མི་བལྟོས་པར་ཀུན་ལ་འཛུམ་མདངས་སྟོན་ཅིང༌།དགོད་པའི་ཚེ་གདོང་པ་ཡོང་རྫོངས་གཉེར་མས་གང་འགྲོ་བ།གཟུགས་པོ་ཐུང་པ་ལྟར་གློ་སྙིང་ཡང་དེ་ཙམ་ལས་ཡོད་ཚོད་མི་འདུགསྔར་དགོན་པའི་ནང་ཡུན་རིང་བསྡད་ཀྱང་ཡི་གེ་ཀློག་མི་ཤེས་ཤིང༌།བདེན་མིན་མི་ཤེས་ཀྱང་སྐྱབས་འགྲོ་ཡག་པོ་འདོན་མི་ཤེས་ཟེར།འོན་ཀྱང་འགྲེལ་བཤད་དཀའ་བ་ཞིག་ལ་འཇིག་རྟེན་བྱ་བཞག་ཐད་ལ་ཤེས་ལྡན་མི་སྣ་དག་ལས་རྣམ་རིག་སྟོང་འགྱུར་གྱི་གྲིམས་པ།།མི་རྣམས་ལ་སྐད་ཆ་སྙན་པོ་རེ་བཤད་རྗེས་མགོ་སྐོར་བདེ་བླག་ཏུ་གཏོང་་ཐུབ་པ།ལྷག་དོན་དུ་མི་དང་མིའི་བར་དུ་ཕྲ་མའི་ལས་ལ་ཤིན་ཏུ་མཁས་ཤིང༌།གོ་བ་ཙམ་གྱིས་གད་མོ་དབང་མེད་དུ་འཆོར་དགོས་པའི་དགོན་པའི་ལས་སྣེ་ཕན་ཚུན་བར་ལ་དཀྲུགས་ཤིང་དགོད་བྲོ་བ་ཞིག་བྱས་མྱོང༌།ཁོའི་མི་ཚེའི་ནང་ལ་སྐད་གྲགས་ཆོད་པའི་བྱས་རྗེས་ཐེངས་གཅིག་དང།ཚད་ལས་བརྒལ་བའི་ཞབས་འདྲེན་ཐེངས་གཅིག་ཀྱང་ཞུ་མྱོང༌།དེ་ནི་ད་ལྟ་ཁོ་རང་གིས་ཤིང་གི་ཡལ་གའི་སྟེང་དུ་མེ་མདའ་རུ་བཀལ་ཏེ།སྐམ་ཁུང་དུ་མཛུབ་མོ་བརྒྱུས་དེ་

 

སྒུག་སྡོད་སྐབས།གློ་བུར་དུ་བྱ་ཞིག་༼ཕག་ཕག་༽ཟེར་ནས་ཤིང་གསེབ་ནས་འཕུར་བས་ཁོ་སེམས་འཚབས་ནས་སྟོང་མདའ་གཉིས་ཤོར་བས།གྲ་ཞར་དཔོན་བློན་རྣམས་ཀྱིས་རྟ་ཕོ་ལྕག་བཙན་གྱིས་བསྐུལ་ཏེ་མེ་མདའ་

གྲགས་སའི་ཕྱོགས་ནས་ལམ་བཟུར་ཏེ།རྟ་ཕོ་སུ་མགྱོགས་ཀྱིས་སྐྱ་རེངས་མ་ཤར་གོང་དུ་ལུང་པའི་ཕུ་རུ་སླེབས་ཐུབ་པ་བྱས།ལུང་པའི་ཕུར་སླེབས་རྗེས་རི་རྒོད་ཀྱིས་ཡུན་རིང་སྒུག་པའི་གྲ་ཞར་དང་རྩལ་འགྲན་གྱི་གོ་སྐབས་

དེ་བྱུང་བས།ངར་ལྡན་གྱི་རལ་གྲི་དེ་ཤུབ་ནས་ཕྱུངས་ཤིང༌།ལག་གཡོན་པས་ཤིང་དུམ་ཞིག་བླངས་ཏེ་དེ་ཉིད་ནམ་མཁར་གཡུཌ།བར་སྣང་དཀྱིལ་དུ་རལ་གྲིའི་སོས་ལེན་ཐེངས་གསུམ་གྱིས་དུམ་བུ་གསུམ་དུ་བཏང་སྟེ་སར་

ཟགས།དེ་ནས་གྲ་ཞར་ཐོག་ཏུ་མཆོངས་པས་པད་པད་ཀྱིས་གདོང་བཀག་སྟེ་ཕོ་རྒོད་གཉིས་རལ་ཁ་འགྱེད་པས།པད་པད་ཀྱིས་གྲི་ངོ་ཡག་པོ་མ་ལོན་པར་སོག་འདབས་ལ་གྲིས་རྨས་ཆེ་ཙམ་བཟོས།ད་དུང་གྲི་གཡུགས་པར་

རྩོམ་པ་ན།གྲ་ཞར་གྱིས་སྟབས་མ་ལེགས་པ་མཐོང་བས།རི་རྒོད་ཀྱི་གྲི་ཐོག་ཏུ་དམིགས་ཀྱིས་གཟིར་ཏེ་མདའ་ཞིག་བརྫངས་པས་རལ་གྲི་སིང་སྒྲ་དང་བཅས་དུམ་བུར་བཏང༌།རི་རྒོད་ཀྱིས་མི་གཅིག་ལ་མང་པོ་རུབ་པ་ནི་སྐྱེས་པ་ཕོ་ཡི་ལས་ཤིག་མིན།ཕོ་རྒོད་པོ་ཡོད་ན་རེ་རེས་འགྲན་དགོས་ཟེར་ནས་གྲོགས་གཅིག་གི་ལག་ནས་རལ་གྲི་ཞིག་བླངས་ཏེ་ཐེ་ཚོམ་མེད་པར་རི་གཟར་གྱི་རྦབ་རྒོད་འགྲིལ་བ་ལྟར་གྲ་ཞར་གྱི་ཐོག་ཏུ་མཆོངས།གྲ་ཞར་གྱིས་ཀྱང་རལ་གྲི་བཏོན་ཏེ་ཐག་ཉེ་སར་སླེབས་པ་ན།ཕྱོགས་གཉིས་ཀའི་མི་སུ་ཞིག་དཔུང་རོགས་སུ་ཡང་འཁྲིད་མི་ཆོག།།གལ་ཏེ་དཔུང་རོགས་ཤིག་སླེབས་ཚེ་ཐོག་མར་དེ་ལ་ཁོང་གཉིས་ཀས་ཁ་གཏད་གཅོག་རྒྱུའི་དམ་བཅས་ཏེ་རལ་ཁ་འགྲན།ཅུང་མ་འགོར་བ་སྟབས་མ་ལེགས་པ་ལ།གྲ་ཞར་གྱི་གྲི་ཟུར་རི་རྒོད་ཀྱི་དཔུང་ཟུར་ལ་ཐེབས་ནས་ཤ་རུས་མཉམ་དུ་བཅད།རི་རྒོད་ཀྱིས་རང་ཁྲག་མཐོང་བས་ང་རྒྱལ་ལྷག་པར་རྒྱས་ཏེ་རལ་གྲི་ངར་ཆེན་གྱིས་ལན་ཅིག་གཡུགས་པས་གྲ་ཞར་གྱི་གའུའི་སྟེང་དུ་ཁེལ།ནང་དུ་ཨོ་རྒྱན་པདྨའི་ལི་སྐུ་ཞིག་ཡོད་པ་དེ་ཕྱེད་གཤགས་བཏང་བ་ལས།ལུས་ལ་ཅང་མ་གནོད།གྲ་ཞར་གྱིས་ཡང་བསྐྱར་ལན་ཅིག་བཏབས་པས་ཕྲག་གོང་གཡས་པ་ནས་མཐོ་གང་ཙམ་ཕྱེད་གཤགས་བཏང༌།དེ་རྗེས་གྲ་ཞར་གྱིས་ཁྱོད་དང་ང་གཉིས་ད་སྔ་ཞེ་འགྲས་གང་ཡང་མེད་ཀྱང༌།དེ་རིང་ཁྱོད་ངའི་གྲི་འོག་ཏུ་འཆི་དགོས་པ་ནི།སྔོན་ལས་བཙན་པོ་ཞིག་དང་ཁྱོད་ཀྱང་རང་ཚོད་མ་ཟིན་པ་བསླུ་ཁྲིད་འོག་ཏུ་ཚུད་པས་ལན།ལྷ་བླ་མ་ཡོད་ན་གསོལ་བ་ཐོབ་དང༌།དེ་མིན་མི་གྲ་ཞར་ལ་སྙིང་རྗེ་ཡོད་རུང༌།གྲི་འདི་ཡིས་སྙིང་རྗེ་ལྟ་མི་ཤེས་ཟེར།རི་རྒོད་ཀྱིས་ད་དུང་གྲི་གཡུཌ་པར་རྩོམ་པས།ཡང་བསྐྱར་ལན་གཅིག་མགོ་ཐོག་ལ་བསྣུན་པས་གྲི་མགོ་བོའི་རུས་གསེང་དུ་འཆར།ཚུར་འཐེན་ཐེངས་གཅིག་གིས་གྲ་ཞར་གྱི་མདུན་དུ་རྐྱང་ཕྱག་འཚལ་བ་ལྟར་ཁ་སྦུབ་ཏུ་འགྲིལ།དེ་རྗེས་ཁྲོམ་ཐོག་ཚང་གི་བུ་སྤུན་འགའ་དང་ཕོ་རྒོད་རྣམས་སྲོག་ལ་འཛེམ་མེད་ཀྱིས་མི་རེས་གྲི་རེ་སྟོན་ནས་མཆོངས།གྲ་ཞར་གྱི་བློན་གཞན་རྣམས་ཀྱིས་གྲི་ངོ་བླངས་ཏེ།སྤང་གཞོགས་ཤིག་ལ་དམར་འཛིང་འཇིཌ་སུ་རུང་བ་བྱས་པས་ཤི་རྨས་ཚབ་ཆེན་གཏུགས་སྟབས།སྐྲ་གཞུག་དམར་པོ་དཀྲིས་པའི་མི་མགོ་འགའ་ལུང་མདོ་ལ་འགྲིལ་ཡོང་ཞིང༌།འཕྲལ་འཕྲལ་དུ་བསད་སྟབས་མིག་སོཌ་དབང་པོ་ཡང་ཉམས་མི་འདུག་ཟེར།དེ་རྗེས་གཞི་ནས་ཁྲོམ་གདོང་དགའ་ཡུ་དང༌།མེ་མདའ་ཐོགས་རྒྱུ་ཡོད་རིགས་རྣམས་ལུང་པའི་མདའ་ནས་ཕུར་བསླེབས་ཏེ།རྒྱང་རིང་ནས་མདའ་མང་པོ་འཕངས་པས་གྲ་ཞར་གྱི་བློན་ཁ་ཤས་རྐྱེན་ལམ་དུ་བཏང༌།གྲ་ཞར་གྱིས་རང་བློན་རྣམས་རེ་ཞིག་འཛིངས་རྒྱུ་ཕྱིར་འཐེན་བྱས་ཏེ་རང་མགོ་གང་ཐོན་གྱིས་འགྲོ་དགོས་པའི་བརྡ་བཏང༌།གྲ་ཞར་རང་ཉིད་ཀྱང་པད་པད་རྟ་ལ་སྐྱོན་ནས་བྲོས།ཤུག་ནགས་ཤིག་གི་དཀྱིལ་དུ་སླེབས་སྐབས།བློན་པོ་ཞིག་ལ་ཁྱོད་ཀྱིས་པད་པད་ལ་ལྟ་རྟོག་ཡག་པོ་བྱོས་དང༌།སྐྱོན་མི་ཡོང༌།ཁོང་ཚོས་ང་རྗེས་འདེད་གཏོང་གི་རེད་ཟེར་ཏེ།གྲ་ཞར་མི་གཅིག་རྟ་རྐྱང་བྱས་ཏེ་བྲོས་ཕྱིན།ཁྲོམ་གདོང་ཇག་མི་རྣམས་ཀྱིས་དེའི་ཉིན་མོར་གྲ་ཞར་གྱི་མགོ་ལག་ལོན་རྒྱུའི་རེ་བ་ཡོད་སྟབས།ཀི་སྒྲས་གནམ་ས་གང་ཞིང༌།མདའ་མཚོན་ཆར་པ་འབབ་འདྲ་བྱས་ཏེ་གྲ་ཞར་གར་སོང་རྗེས་འདེད་བཏང༌།གྲ་ཞར་མུ་མཐུད་ནས་བྲོས་ཕྱིན་པ་ན།གློ་བུར་དུ་མགྲོན་པོ་ཕྱོགས་སླད་པ་ལྟ་བུར་འབྲོ་སའི་ལམ་བུ་གང་ཡང་མེད་པ་ཆབ་རོམ་གྱི་ཁུག་སོ་ཞིག་ཏུ་ཚུད།རྟའི་བགྲོད་ལམ་ཕར་བཞག་མིའི་བགྲོད་ལམ་ཡང་ཤིན་ཏུ་དཀའ།ཅི་ཆ་མེད་པ་ཡུན་ཙམ་ཞིག་ལ་སྡོད་དགོས་བྱུང་བས།མདེའུ་ཡང་ཇེ་ཉེར་སླེབས་ཏེ་ཉེན་ཁར་ཐུག་པའི་སྐབས་དེར།གྲ་ཞར་གྱིས་ལམ་ཟུར་ཞིག་ནས་ས་ནག་ཐུ་བ་གང་དབོར་ནས་ཆབ་རོམ་ཐོག་ཏུ་གཡུགས།དེ་ནས་ལུག་རྫིས་ལུག་གུ་དཔང་པ་ལྟར།རང་གི་འོག་རྟ་གཡུ་འཛི་དེ་དཔང་ནས་ཆབ་རོམ་ཐོག་ནས་ཕ་ཁར་དྲངས་ཏེ་སར་བཞག།།དེ་རྗེས་རང་ཉིད་རྟ་ཐོག་ཏུ་བུད་དེ།ཀི་སྒྲ་འབྲུག་སྟོང་ལྡིར་བ་ལྟར་བསྒྲགས་ཏེ་ཕྱིར་ལྟས་མེད་པ་ལ་འགོར་འཛེགས།ཁྲོམ་གདོང་དགའ་ཡུ་དང་དམག་མི་རྣམས་ཀྱང་མིག་ལྤགས་དང་ཡ་ཁ་གཉིས་ཀ་ནམ་མཁར་བཏེགས་ཏེ།ཁྱིས་བྱ་རྗེས་འདེད་གཏོང་བའི་ངང་ཚུལ་བཟུང་སྟེ་སྡོད་དགོས་བྱུང།གྲ་ཞར་ལ་འགོར་སླེབས་མ་ཐག།།ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ།གཡས་ཀྱི་སྟག་ལྷ་ཁྲ་བོ་བསོ།གཡོན་གྱི་གཟིག་ལྷ་ཁྲ་བོ་བསོ།རང་ཡུལ་སྐྱེས་པའི་དགྲ་ལྷ་དེ།ནགས་ཤོད་ནགས་ལྷ་ཛཾབྷ་བསོ།ཞེས་ལྷ་འབོད་ཅིག་བྱས།བ་སོའི་ཨ་ལོང་ཅན་གྱི་སྐྲ་གཞུག་དམར་པོ་དེ་མར་ཕབ་སྟེ།རི་ཆེན་ནགས་ལྷའི་ཕྱོགས་སུ་གུག་གུག་ལན་གསུམ་བྱས།དེ་རྗེས་སྐྲ་གཞུག་དམར་པོ་དེ་ཡར་དཀྲིས་ཤིང༌།ཐེར་མ་སྨུག་པོའི་ཕྱུ་ཆེན་གྱི་ཕུ་ཐུང་ལེབ་ཆེན་གཉིས་པོ་དེ་ལྟོ་བའི་ཐད་དུ་མདུད་པ་ཞིག་བསྡམས།སྤྲིན་དཀར་ནམ་ལ་འཕྱུར་འདྲའི་འབུ་རས་སྟོད་ཐུང་དེ་གནམ་ལ་འཕྱར་ཞོར་དུ།དཔྲལ་བར་ལག་གཡས་པས་ཉི་འོད་བསྒྲིབས་ཏེ་རང་གི་དགྲ་བོ་གང་དུ་ཡོད་མེད་རྒྱང་ལྟ་ཞིག་བྱས།དེ་ནས་རྡོ་ཕ་བོང་ཞིག་གི་སྟེང་དུ་མི་ཆེན་འགྱིངས་སྡོད་ཀྱིས་བསྡད་དེ།ལག་གཡས་པས་རང་རྒྱུ་མཛོ་རྭ་ལས་གྲུབ་པའི་སྣ་རུ་དེ་སྟོན།ཞེ་སྡང་གི་ཕག་རྒོད་མཆོང་བ་ལྟ་བུའི་གཡོན་པའི་མཐེ་བོང་དེ་མར་བཀུག།།ང་རྒྱལ་གྱི་དུག་སྦྲུལ་འཁྱིལ་བ་ལྟ་བུའི་གུང་མཛུབ་དེ་ཚུར་བཀུག།།གཏི་མུག་གི་བྱ་གཤོག་རྒྱང་པ་ལྟ་བུའི་མཛུབ་མོ་ལྷག་མ་གསུམ་པོ་དེ་ཕར་བརྐྱངས་ཏེ།དུག་གསུམ་གྱི་ཕྱག་རྒྱ་མ་ཚང་མེད་པ་ཞིག་བཅས།ངལ་དུབ་སེལ་བའི་སྨན་མཆོག་རྒྱ་ནག་ཡུལ་ནས་དྲངས་པའི་སྣ་ཐ་དེ་རྔུབ་བཞིན་ངལ་གསོའི་གནས་སུ་འཁོད་དོ།།༼ཁྲོམ་ཐོག་ཚང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་གྲ་ཞར་གླགས་མ་རྙེད་སྟབས།ཀ་འོག་སྔགས་དགོན་ནས།སྔགས་པ་ཧཱུྃ་ཤི་ཕཊ་འགྱེལ་སོགས་སྔགས་པ་མང་པོ་གདན་དྲངས་ཏེ།ཐོས་པ་ཙམ་གྱིས་འཇིགས་སྣང་སྐྱེ་དགོས་པའི་སྔགས་པའི་སྒོང་ཟོར་དང༌།གོམ་གསུམ་བགྲོད་ལོང་མེད་པ་ཞ་བོ་འཆག་ཐུབ་པའི་རྒྱུས་པའི་ཉྭ་ཆིངས་སོགས་མངོན་སྤྱོད་ལས་ཀྱི་སྦྱོར་བ་ཟླ་བ་དུ་མར་བསྒྲུབས་ཀྱང་གྲུབ་འབྲས་གང་ཡང་ཐོན་ཡོད་ཚོད་མི་སྣང༌།ཁྲོམ་གྲ་བར་གྱི་ཤ་འཁོན་འཁྲུན་ཐག་མ་ཆོད་པའི་མཚམས་འདི་ནས།རྒྱ་དམག་གིས་བོད་ལ་བཙན་འཛུལ་བྱས།གྲ་ཞར་དང་པད་པད་གཉིས་ཀས་དམག་སྤྱིའི་འགན་ཁུར་ནས་རྒྱ་དམག་འགོག་ཆེད་དུ་༥༩ལོ་དང་༦༩་ལོའི་བར་དུ་གདོང་དམར་ལར་ཞེན་སྙིང་བཅངས་ཀྱིས་རྒྱ་དམག་ལ་ཇི་ཙམ་རྒོལ་ཚུལ་གྱི་གནས་ཚུལ་འགངས་ཆེན་རྣམས་ཁོ་བོ་ལ་བཤད་འདོད་དང་འཆད་རྒྱུ་གཉིས་ཀ་ཡོད་རུང༌།སྐབས་དེའི་དམག་མིའི་ཁྲོད་དུ་ཡོད་པའི་མི་སྣ་གལ་ཆེན་འགའ།ད་ཆར་རྒྱ་མིའི་ལས་བྱེད་ཟུར་པ་དང༌།ཁོང་ཚོའི་བུ་ཕྲུག་རྣམས་ད་ལྟ་གཞུང་ཞབས་ལས་ཀ་སྒྲུབ་བཞིན་ཡོད་སྟབས།དེ་དག་གི་མདུན་ལམ་དང་མ་འོངས་ཕུགས་རེ་ལ་གནོད་སྐྱོན་བཟོ་སྲིད་པའི་མ་བྲིས་ན་ལེགས་ཚུལ་གསུང་གི་འདུག་པས་འབྲི་ཐབས་མ་རྙེད།

འོན་ཏེ་དཔའ་བཟང་གྲ་ཞར་གྱི་མི་ཚེ་མཇུག་ཇི་ལྟར་སྡུད་ཚུལ་ཞིབ་པར་འབྲི་ཐབས་མ་རྙེད་ཀྱང་རོབ་ཙམ་བཤད་ན།སྤྱི་ལོ༡༩༦༩ལོར་གྲ་ཞར་དང་པད་པད་གཉིས་ཀྱིས་བཅོ་བརྒྱད་དྲུག་ཅུའི་དམག་གི་དམག་སྤྱིའི་

འགན་ཁུར་ནས་རྫོང་ཐོག་ཏུ་རྒྱ་དམག་དང་དམར་འཛིངས་དྲག་པོ་བྱས་པས་མཐར་རང་དམག་ལ་ཕམ་ཉེས་ཚབ་ཆེན་བྱུང་སྐབས།ཁོང་གཉིས་ཀས་གོམ་གང་ཕྱིར་ནུད་མེད་པ།དམག་སྒར་ནང་འཛུལ་ཏེ་རྒོལ་འཛིངས་དྲག་པོ་བྱས་ཀྱང༌།མང་བཙན་ཉུང་གིས་མ་བརྟན་པར་རྒྱ་དམག་གི་ལག་འོག་ཏུ་ཚུད་ནས་བཙོན་ལ་བཅུགས་པ་རེད།བཙོན་ཁང་དུ་དྲི་བ་དྲིས་ལན་བྱེད་སྐབས་མགོ་བཏགས་ཞུས་ན་གུ་ཡངས་ཡོད་ཚུལ་བསྒྲགས་ཀྱང༌།གྲ་ཞར་གྱིས་ཉིན་གཅིག་ལ་འཆི་ཐེངས་དགུ་བྱས་ཀྱང་མགོ་མི་འདོགས་ཞེས་བཤད།པད་པད་ཀྱིས་ཀྱང་ངེད་གཉིས་ཤི་ན་མཉམ་འཆི་བྱ་རྒྱུའི་དམ་བཅའ་དེ་སྲོག་དང་མི་བརྗེ་ཞེས་བཤད་འདུག།མཇུག་མཐར་ལོ་རྒྱུས་ཞིབ་འཇུག་བྱས་རྗེས།ཁོང་གཉིས་ཀས་༥༩་ལོ་དང་༦༩་ལོར་གཉིས་ཀར་རྒྱ་དམག་འབོར་ཆེན་བསད་པའི་ནག་ཉེས་དང་གཞན་ལ་རྒྱུད་སྐུལ་བྱས་པའི་ཉེས་མིང་བཏགས་ཏེ།སྲོག་གཅོད་ཀྱི་ཁྲིམས་ཆད་ཕོག་འདུག།།སྐབས་དེར་ཁོང་གཉིས་བརྩིས་པའི་སྲོག་གཅོད་ཁྲིམས་ཆད་ཕོག་མཁན་བོད་མི་བཅོ་ལྔ་ཙམ་ཡོད་འདུག།།རྒྱ་ཡི་ལུགས་སྲོལ་ལྟར་སྲོག་གཅོད་ཁྲིམས་ཆད་གཅོད་ཉིན་མོར་ཟས་རིགས་སྣ་ཚོགས་ཤིག་སྟེར་སྲོལ་ཡོད་པ་བཞིན་དེའི་ཉིན་མོར་ཡང་ཟས་རིགས་གང་མང་ཞིག་བསྒྲིགས་ཀྱང༌།བཙོན་པ་གཞན་རྣམས་སེམས་འཁྲལ་གྱིས་ལྟོ་ཆས་མིད་པར་མ་སོང༌།གྲ་ཞར་གྱིས་ད་ནས་བཟུང་སྟེ་རང་ཕོར་སྐམ་པོ་འཆག་རྒྱུ་ཡིན་པས།དེ་རིང་རྒྱགས་ཚད་བཟའ་དགོས་ཞེས་བཤད་དེ།རྒྱགས་ཚད་ཅིག་ཟོས།སྲོག་ཐོག་སྐབས་སུ་མི་གཞན་རྣམས་ལ་མདའ་རེ་རེ་བརྒྱབ་རྗེས་རང་སར་འགྱེལ།གྲ་ཞར་མ་འགྱེལ་བ་ཨམ་གཙིགས་བསྡམས་ཏེ་ཁ་ཚུར་ལོག་འདུག།།དམག་མི་དེ་སེམས་འཚབ་ནས་མདའ་གཉིས་བསྟུན་མར་བརྒྱབ་ཀྱང་ད་དུང་མ་འགྱེལ།མཐར་རྒྱ་དམག་གིས་མེ་མདའི་ཁ་དང་ཀླད་ཁྱིམ་གཉིས་གཏུགས་ཏེ་མདའ་གཉིས་ཞུས་པས་སར་འགྲིལ་ཙམ་བྱུང༌།ཁོང་གི་གཟུགས་པོར་མདའ་གསུམ་དང་མགོ་ཐོག་ཏུ་མདའ་གཉིས་བཅས་བསྡོམས་པའི་མདའ་ལྔ་བཞུས་འདུག།།

 

 

རྒྱ་གཞུང་གི་རྩ་ཁྲིམས་ནང་གལ་ཏེ་མི་ཞིག་མདའ་གསུམ་གྱིས་མ་སོད་ཚེ།ཉེས་པ་གུ་ཡངས་དང་མདའ་རྨས་གང་བྱུང་ལ་གཞུང་རང་གིས་འགྲོ་གྲོན་བཏང་ནས་རྨས་བཅོས་བྱེད་དགོས་པ་དང༌།མདའ་གསུམ་པོ་དེ་ཡང་སྙིང་ཁར་ཡན་ལ་གཞུ་མི་ཆོག་པ་རྩ་དོན་ནང་གསལ་ཁ་ཡོད་རུང༌།རྒྱ་དམག་གིས་རང་གི་རྩ་དོན་དང་དངོས་སུ་འགལ་བའི་བྱ་སྤྱོད་ལ་ཉེས་འཛུགས་བྱ་ས་ལྟ་ཞོག།།དེའི་སྐོར་སྦྲང་སྐད་ཙམ་ཡང་གླེང་མི་ཆོག་པ་ནི།ལས་དབང་གིས་གདོང་དམར་མི་རིགས་ལ་བྱིན་པའི་ཕམ་ཁ་ཞིག་ཡིན་སྲིད་ན།ལས་འབྲས་ཁྱོད་ལ་སྙིང་ཁུངས་ནས་སྐྱབས་བཅོལ་བའི་དྲང་བདེན་གྱི་མི་དེ་དག་ལ་ཕམ་ཁ་དང༌།ལས་འབྲས་ཀྱི་མགོ་བོ་རྡོག་བརྫིས་གཏོང་མཁན་མི་དེ་ཚོ་ལ་ཅིའི་ཕྱིར་རྒྱལ་ཁ་བྱིན་ནམ་སྙམ་པའི་འཁང་ར་ཞིག་ཀྱང་དབང་མེད་དུ་ཤོར་སོང༌།༼མཚམས་འདི་ནས་རྒྱལ་གཅེས་དཔའ་བོ་དཔའ་བཟང་གྲ་ཞར་གྱི་མི་ཚེ་མཇུག་རྫོགས་པ་རེད།དངོས་བྱུང་གི་ལོ་རྒྱུས་འདི་ནི་སྤྱི་ལོ་༩༠་ཐམ་པ་ལོར།ཉི་གྲགས་ཕྱག་མཛོད་ཚུལ་ཁྲིམས་དགེ་མདུན་ལགས།ལྷ་ས་སྨན་རྩིས་ཁང་ནས་རྒན་ཡོལ་ཐོབ་ནས་དགོན་པར་ལོག་སྐབས།ཁོ་བོའི་ནང་དུ་ཉིན་ཤས་ལྷོད་བཞུགས་གནང་བས།སྔར་ཁོང་དང་འདྲིས་ཆེ་བའི་གྲ་ཞར་གྱི་བློན་པོ།ཉེན་རྟོག་པ་ཟུར་པ་བཀྲ་ལྷ་མཇལ་ཕྲད་དུ་སླེབས་ཏེ།ཁོང་གཉིས་གྲ་ཞར་གྱི་མི་ཚེའི་ནང་ཇི་བྱུང་མོལ་མཆེད་ཀྱིས་བཟི་ནས་སྐྱ་རེངས་དེ་ཕོའི་མགྲིན་རྔ་བརྡུང་བ་ཡང་མ་ཚོར་ལྟ་བུར་གྱུར་སོང༌།དེ་སྐབས་ཁོ་བོ་ལོ་ན་བཅུ་གསུམ་ཙམ་ལས་མ་སོན་པས་ཆ་ཚང་ཞིག་མ་ངེས་ཀྱང༌།གང་ངེས་བཀོད་པ་ཙམ་ལས།མ་བྱས་བྱས་ཚུལ་དང་མ་བྱུང་བྱུང་ཚུལ་བཀོད་པས་དགོས་པ་ཅི་ཡང་མེད་ལ།དེ་བས་ཁོང་ནི་སྤྱིར་སངས་རྒྱས་བསྟན་པ་བསྲུང་ཆེད།ཡང་དགོས་མི་རིགས་ཀྱི་ཆེད་དུ་རང་སྲོག་ཀྱང་གཏོང་ཕོད་པའི་ཞུམ་མེད་ཀྱི་རྒྱལ་གཅེས་དཔའ་བོ་ཞིག་ཏུ་བགྲང་ཆོག་པའི་ངང་ཚུལ་གསོང་པོར་སྨྲ་ན་འགལ་བ་ཆེར་མེད་དམ་སྙམ་སྟེ་བྲིས་པ་ཡིན།།

 

རྩོམ་ཡིག་འདི་ཐེངས་ 2576 བཀླགས་འདུག