དྲིས་ལན་གཟུར་གནས་དགྱེས་པའི་གཏམ།

ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །
གཟུར་གནས་བློ་ལྡན་རྣམས་ཀྱིས་མགྲིན་གཅིག་ཏུ། །བསྟོད་ཡུལ་འཇམ་མགོན་བླ་མས་བདག་སྐྱོངས་ཤིག །

ཅེས་མཆོད་པར་བརྗོད་པ་སྔོན་དུ་བཏང་ནས་བཀུར་འོས་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱིས་བསྐུལ་བར་གྲག་པའི་རྗེ་བླ་མའི་གསུང་གི་དོགས་གནས་འགའ་ཞིག་ཁོ་བོའི་ལག་སོན་བྱུང་བས་རང་གི་བློ་ནུས་དང་འཚམས་པའི་དྲིས་ལན་འབུལ་བ་ནི།

དྲི་བ་དང་པོ།

འདིར་བསྟན་ཆོས་གསུམ་གྱི་ས་མཚམས་ཐེག་ཆེན་ཚོགས་ལམ་ནས་འཇོག་པ་ཞིག་དང། ལམ་མ་ཞུགས་ནས་འཇོག་པའི་འདོད་ཚུལ་མི་འདྲ་བ་གཉིས་ཡོད་པས། ལུང་རིགས་ཀྱི་སྒྲུབ་ཚེ་གང་ཞིག་ཁུངས་བཙན་པར་བཞེད་ཅིང་དེ་ལ་སྒྲུབ་བྱེད་འགོད་རོགས།

དྲིས་ལན་དང་པོ།

འདིར་བསྟན་ཆོས་གསུམ་མ་མཐའི་ས་མཚམས་ལམ་མ་ཞུགས་ནས་འཇོག་པ་འཐད་དེ། སངས་འཕགས་ལས་ཉན་རང་དང༌། སངས་འཕགས་བྱང་ཆུབ་སེམས་དཔའ་ལས་དང། བྱང་ཆུབ་སེམས་དཔའ་ཆོས་གསུམ་ལས་འཁྲུངས་པ་འཇུག་པ་ལས་དངོས་སུ་གསུངས་པ་གང་ཞིག།།དེ་ཡང་ཐ་སྙད་ཀྱི་ཚིག་འཁྲི་སྐམ་པོ་ཙམ་མ་ཡིན་པར་དོན་གྱི་དགོངས་པ་ཐེག་པ་གསུམ་གྱི་ངེས་ལེགས་ཀྱི་རྩ་བ་སྙིང་རྗེ་ཆེན་པོ་ལ་ཐུག་པའི་གནད་ཀྱིས་ཡིན་པའི་ཕྱིར། གོང་གི་འཁྲུངས་ཚུལ་འདི་དག་ལ་རྣམ་པར་བཞག་འཇོག་གི་རྒྱུ་འབྲས་དང། རྒྱུ་འབྲས་བཏགས་པ་བ་ལ་བཞག་ན་འབྲེལ་མེད་པའི་ཕྱིར་ཏེ། འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུང་སེམས་དཔའ་ལས་འཁྲུངས་ཤིང། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །བྱང་ཆུང་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་དང། རང་འགྲེལ་ལས། སངས་རྒྱས་རྣམས་བྱུང་བར་གྱུར་པ་ན་ཞེས་པ་ནས་མོས་པ་ཇི་ལྟ་བ་བཞིན་ཉན་ཐོས་ལ་སོགས་པ་རྣམས་ཡོངས་སུ་རྫོགས་པར་འགྱུར་བའི་ཕྱིར་རོ་ཞེས་པའི་བར་དང། བྱང་ཆུབ་སེམས་དཔའ་དེ་དག་ཅི་ཡི་རྒྱུ་ཅན་ཞིག་ཡིན་ཞེ་ན། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པའི་ཕྱིར། ཆོས་གསུམ་དང་བྱང་སེམས་རྒྱུ་འབྲས་མཚན་ཉིད་པ་འཇོག་དགོས་སོ།།

བསམ་བྱའི་གནས།

ནགས་རོགས་འདུལ་མིང་པ།

གསང་གསུམ་རོ་གཅིག་རིགས་ཀུན་ཁྱབ་བདག་དང་པོའི་མགོན། །

ཕྱག་རྒྱ་འབར་བའི་བདེ་ཆེན་དབྱིངས་ལས་མ་གཡོས་པར། །

མུ་མེད་མཁའ་ཁྱབ་འགྲོ་ལ་ཐུགས་བརྩེས་ཉེར་འཁྱུད་ནས། །
ངུར་སྨྲིག་རྣམ་རོལ་ཕ་གཅིག་བླ་མས་བདག་སྐྱོངས་ཤིག །

འདིར་རྩོམ་སྒྲིག་པའི་བཀའ་སྩལ་དང་ལེན་དང། རང་གི་བརྗེད་ཐོ་རུ། བླ་མ་བརྒྱུད་པའི་གསུང་རྒྱུན་དཀའ་གནད་ཁག་ལས་འགའ་ཞིག་ཟུར་དུ་བཀོད་ན། ཐ་སྙད་ཚད་གྲུབ་ཏུ་འདོད་པའི་ཕྱོགས་ལ་འདི་ལྟར་འདྲི་སྟེ། དྲི་བ་དང་པོ། ཐ་སྙད་འཇུག་ཡུལ་གྱི་གཞི་གཅིག་ཡར་ག་ལོ་འདབ་དང་ལྡན་པ་ལྟ་བུ་ལ་འགྲོ་བ་རིགས་མི་མཐུན་པ་དང་ཡུལ་ཁམས་མི་མཐུན་པའི་དབང་གིས་ལྗོན་ཤིང་དང་ཁང་ཁྱིམ་སོགས་ཐ་སྙད་སོ་སོར་བཞེད་པ་ཡོད་པ་མཁས་གྲུབ་རྗེ་སོགས་མཁས་པ་དུ་མས་གསུངས་པ་དང་རིགས་པས་ཀྱང་གྲུབ་པས། དེ་ལྟར་ཐ་སྙད་བཞེད་པའི་གྲོ་བ་གཉིས་ཀྱི་བློ་གང་ཚད་མར་བཞེད། གཉིས་ཀར་ཚད་མར་བཞེད་ན་ཤེས་བྱ་ཐམས་ཅད་ཕན་ཚུན་འཁྱོལ་བས་ཐ་སྙད་ཚད་གྲུབ་ཉམས་ལ། གཅིག་ཚད་མར་ཡིན་ལ་གཅིག་ཚད་མར་མིན་ན་དེ་ལྟར་ཁྱད་པར་འབྱེད་པའི་རིགས་པ་གང་ལགས།