གྲངས་ཀྱི་མངོན་བརྗོད་གསལ་བའི་འགྲེལ་བཤད་བློ་གྲོས་མིག་འབྱེད།

མངོན་བརྗོད་ཀྱི་སྡོམ། མཁས་དབང་མཁྱེན་རབ་ནོར་བུ།   འགྲེལ་བ། འབྲི་སྐལ་བཟང་།

འདྲེན་མཆོག་མཉམ་མེད་སྟོན་པ་ཤཱཀྱའི་རྒྱལ།།
རྒྱུད་ཀྱི་བཀའ་བབ་ཆོས་རྒྱལ་ཟླ་བ་བཟང་།།
ལོ་ཙཱ་ཆེན་པོ་ཟླ་བའི་འོད་ཟེར་སོགས།།
དུས་འཁོར་རྒྱུད་དོན་གསལ་མཛད་རྣམས་ལ་འདུད།།

མཐའ་ཡས་གྲངས་ཀྱི་མངོན་བརྗོད་མང་མཆིས་པས།།
ཕུ་ཐག་ཆོད་པའི་ཞིབ་བཤད་མི་ནུས་ཀྱང་།།
རང་མཉམ་འགའ་ལ་ཅུང་ཟད་ཕན་སླད་དུ།།
རྣམ་གྲངས་འགའ་ཞིག་གསལ་བའི་དོན་ལ་བརྩོན།།

དེ་ཡང་མངོན་བརྗོད་ཤེས་ན་མིང་ལ་མི་རྨོངས། ཞེས་གླེང་བ་ལྟར་མངོན་་བརྗོད་ལ་ཚིག་གི་མཛེས་ཉམས་སྟོན་པ་དང་། དོན་གྱི་གོ་བ་འཁྲུལ་མེད་དུ་སྟོན་པ་སོགས་ཀྱི་ཁྱད་ཆོས་བླ་ན་མེད་པ་དུ་མ་ཞིག་ལྡན་ཡོད། མངོན་བརྗོད་ཀྱི་མིང་ཕལ་ཆེ་བ་ནི་ཆོས་དེའི་ཁྱད་ཆོས་སོགས་ཆོས་དེ་ངོས་འཛིན་པའི་སྐབས་འཇུག་བདེ་ལ་གོ་སླ་བ་བཅས་ཀྱི་དགེ་མཚན་ལྡན་པ། དཔེར་ན། ཉི་མ་ལ་ཚ་ཟེར་ཅན། སྣང་བྱེད། མེ་ཟླུམ་ལྟ་བུ་བརྗོད་སྐབས་ཉི་མའི་ཁྱད་ཆོས་དང་འབྲེལ་བའི་མིང་ཡིན་པས་མིང་དེ་ལ་བརྟེན་ནས་ཉི་མ་ཞེས་བ་དེ་ཚ་ཟེར་ལྡན་པ་དང་། དེས་སྣང་བར་བྱེད་པ། དེ་ཉིད་མེ་ཡི་ཕུང་པོ་ཟླུམ་པོ་ཞིག་ཡིན་པ་ལྟ་བུའི་དོན་མང་པོ་ཞིག་རྟོགས་ཐུབ།  དེ་བཞིན་སྤྲིན་ལ་ཆུ་འཛིན་དང་། ཤིང་ལ་རྐང་འཐུང་། འབྲུག་སྐད་ལ་སྤྲིན་གྱི་སྒྲ་ཞེས་པ་ལྟ་བུ་མིང་གཅིག་པུ་ལ་བརྟེན་ནས་འབྱུང་བའི་འགྲོས་དང་གནས་སྟངས་མང་པོ་ཞིག་གསལ་བའི་ནུས་པ་ལྡན་ཡོད། ད་ནི་སྐབས་སུ་བབས་པ་གྲངས་ཀྱི་མངོན་བརྗོད་ཀྱི་སྐོར་བཤད་ན་སྐབས་དོན་དང་འཚམས་པ་ཡིན་པས་དེར་འཇུག་པར་འདོད། གྲངས་ཀྱི་མངོན་བརྗོད་ཅེས་པ་ནི་གྲངས་ཀ་གཅིག་གཉིས་སོགས་ལ་མིང་གི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་བཀོལ་ནས་བརྗོད་པ་ལ་ཟེར། གྲངས་ཀྱི་མངོན་བརྗོད་འདི་ནི་ཚིག་ཉུང་ངུ་ཞིག་ལས་མེད་ཀྱང་དོན་མང་པོ་ཞིག་གི་མདུད་རྒྱ་འགྲོལ་ཐུབ་པའི་དགེ་མཚན་དང་ལྡན་པ་ཡིན།

བོད་ཀྱི་སྐད་ཡིག་ལ་བརྟེན་ནས་སྐར་རྩིས་ཀྱི་གཞུང་དང་སྨན་གྱི་གཞུང་སོགས་ལ་སྦྱོང་མཁན་རྣམས་ཀྱིས་ངེས་པར་དུ་ཤེས་དགོས་པ་མ་ཚད། དཀྱིལ་འཁོར་གྱི་བྲིས་ཐིག་སོགས་དང་། སྙན་ངག་དང་བརྡ་སྤྲོད་ཀྱི་གཞུང་སོགས་མང་པོ་ཞིག་དཔྱིས་ཕྱིན་པ་གོ་བ་ལ་འདི་ཉིད་མེད་དུ་མི་རུང་བ་ཡིན། གཞན་ཡང་གབ་ཚིག་ལྟ་བུར་བྲིས་པ་མང་པོ་ཞིག་ཀྱང་འདིས་གསལནུས། དཔེར་ན། མེ་མཁའ་རྒྱ་མཚོའི་འདས་ལོ་རྫོགས།།ལྟ་བུ་དང་། ཀ་ཕྲེང་མཁའ་མེའི་གྲངས་འཁྱུད་ཨཀྵ་ར།། ལྟ་བུ་དང་། རྒྱལ་པོ་ཉེས་པ་གསུམ་ཉི་མ།། ལྟ་བུ་དང་། གཞན་ཡང་གབ་ཚིག་གི་རྣམ་པའི་སྒོ་ནས་བརྗོད་པ། ལག་པའི་མིག་ལ་དབྱངས་འཇུག་བཞི་བཅུ་དང་།། མཚམས་ཀྱི་བགྲོད་པ་འཕུར་རྟེན་རྩེ་ཟུང་གིས།། བརྒྱན་པའི་འབོད་བྱ་ལྡན་པ་གང་དེ་ཡིས།། ཞེས་པ་ལྟ་བུ་ཧ་ཅང་མང་པོ་ཞིག་ཡོད། གྲངས་ཀྱི་མངོན་བརྗོད་མ་ཤེས་ན་དེ་དག་གི་གོ་བ་ལོན་ཐབས་མེད་པས་འདི་ནི་གནད་ཤིན་ཏུ་ཆེ་བར་མཐོང་། འགྲེལ་བ་མང་པོ་དང་། པོ་ཏི་ཆེན་པོའི་ནང་དུ་ཡོད་པ་རྣམས་ནི་མང་པོ་ཞིག་གིས་མཇལ་མི་ཐུབ་པས་ཉུང་བསྡུས་ཤིག་ཟུར་འདོན་བྱས་ནས་རྣམ་གྲངས་འགྲེལ་བ་ལ་འབད་ན་དགེ་མཚན་ཆེ་བར་མཐོང་ནས་འབད་པ་བྱས་ཡོད། དེ་ཡང་གྲངས་ཀྱི་མངོན་བརྗོད་ཀྱི་སྐོར་དུས་འཁོར་བསྡུས་རྒྱུད་ནས་བཤད་པ་དང་། བུ་སྟོན་གྱིས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་རྩིས་ཀྱི་བསྟན་བཅོས་མཁས་པ་རྣམས་དགའ་བར་བྱེད་པ།ཞང་ཞུང་པ་ཆོས་དབང་གྲགས་པས་མཛད་པའི་ཡེ་ཤེས་ལེའུའི་ཊཱི་ཀ །སྨིན་གླིང་ལོ་ཆེན་གྱིས་མཛད་པའི་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་དང་དེའི་རྣམ་འགྲེལ་གསེར་གྱི་ཤིང་རྟ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་འཁྲུལ་སྣང་གཡའ་སེར་དོན་གྱི་བཞིན་རས་སྟོན་བྱེད། དངུལ་ཆུ་དྷརྨ་བྷ་དྲས་མཛད་པའི་གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་བཤད། བླ་སྨན་མཁྱེན་རབ་ནོར་བུས་མཛད་པའི་བསྟན་བཅོས་བཻཌཱུརྱ་དཀར་པོ་དང་ཉིན་བྱེད་སྣང་བའི་དགོངས་དོན་གསལ་བར་སྟོན་པ་རྩིས་གཞིའི་མན་ངག་རིགས་ལྡན་སྙིང་གི་ཐིག་ལེ་སོགས་ཀྱི་ནང་དུ་གསལ་བའི་གྲངས་ཀྱི་མངོན་བརྗོད་རྒྱས་བསྡུས་སྣ་ཚོགས་པ་ཞིག་མཐོང་། འོན་ཀྱང་དེ་དག་གི་ནང་ནས་བླ་སྨན་པ་མཁྱེན་རབ་ནོར་བུ་ལགས་ཀྱིས་མཛད་པའི་གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིག་དེ་ངག་ནས་བརྗོད་བདེ་བ་དང་། ཡིད་ལ་འཛིན་བདེ་བ། མིང་གི་རྣམ་གྲངས་ཀྱང་རྒྱས་བསྡུས་འཚམས་པ་སོགས་དགེ་མཚན་ཕུན་སུམ་ཚོགས་པ་ཞིག་ཏུ་མཐོང་། དེར་བརྟེན་དེ་ཉིད་རྩ་བ་བྱས་པའི་ཐོག་ནས་མིང་སོ་སོའི་ངོ་སྤྲོད་ལྟ་བུ་མདོར་བསྡུས་ཤིག་བྲི་བ་ལ་འབད་པར་བྱའོ། རང་བཞིན་གཟུགས་དང་བསེ་རུ་དང་།།
ཟླ་བ་འོད་དཀར་རི་བོང་ཅན།།
འདི་རྣམས་གཅིག་གི་མིང་དུ་གྲགས།།

རང་བཞིན།
སྣོད་བཅུད་ཀྱི་ཆོས་ཐམས་ཅད་བརྟགས་ཤིང་དཔྱད་ན་སྟོང་པ་ཉིད་ཀྱི་རང་བཞིན་ལས་གཞན་གང་ཡང་མེད་པས་རང་བཞིན་གྱིས་གྲངས་ཀ་གཅིག་མཚོན་པ་ཡིན།

གཟུགས།
གཟུགས་ཀྱི་ཕུང་པོ་ལ་གཅིག་ཏུ་ངེས་པས་གཟུགས་ཀྱིས་གྲངས་ཀ་གཅིག་མཚོན་པ་ཡིན།

བསེ་རུ།
རི་དྭགས་བསེ་རུ་ལ་རྭ་གཅིག་ལས་མེད་པས་ཁྱད་ཆོས་ཀྱི་ཆ་དེས་ཁྱད་གཞི་ལ་མཚོན་པར་བྱས་ནས་བསེ་རུས་གྲངས་ཀ་གཅིག་མཚོན་པ་ཡིན།  ཡང་རི་དྭགས་བསེ་རུ་ནི་རང་ཉིད་གཅིག་པུར་གནས་པར་དགའ་བས་བསེ་རུས་གྲངས་ཀ་གཅིག་མཚོན་པ་ཡང་བཤད།

ཟླ་བ།
འཛམ་གླིང་གི་གོ་ལ་འདི་ཉིད་སྐོར་མཁན་གྱི་ཟླ་བ་གཅིག་ལས་མེད་པས་ཟླ་བས་གྲངས་ཀ་གཅིག་མཚོན་པ་ཡིན།

འོད་དཀར།
འོད་དཀར་ཅན་ནི་ཟླ་བའི་མིང་ཡིན་ལ། འཛམ་གླིང་གི་གོ་ལ་འདི་ཉིད་སྐོར་མཁན་གྱི་འོད་དཀར་ཅན་གཅིག་ལས་མེད་པས་འོད་དཀར་ཅན་གྱིས་གྲངས་ཀ་གཅིག་མཚོན་པ་ཡིན།

རི་བོང་ཅན།
རི་བོང་ཅན་ནི་ཟླ་བའི་མངོན་བརྗོད་ཀྱི་མིང་ཡིན་ལ། འཛམ་གླིང་གི་གོ་ལ་འདི་ཉིད་སྐོར་མཁན་གྱི་རི་བོང་ཅན་གཅིག་ལས་མེད་པས་རི་བོང་ཅན་གྱིས་གྲངས་ཀ་གཅིག་མཚོན་པ་ཡིན།
མིག་ཟུང་བགྲོད་པ་ཐབས་ཤེས་དང་།།
འཁྲིག་སྦྱོར་གཤིན་རྗེ་མཚེ་མ་གཉིས།།

མིག །
འཇིག་རྟེན་ཡོངས་གྲགས་སམ་སྤྱིའི་ཆ་ནས་མི་དང་དུད་འགྲོ་རྣམས་ལ་མིག་གཉིས་རེ་ཡོད་པས་མིག་གིས་གྲངས་ཀ་གཉིས་མཚོན་པ་ཡིན།  དེ་མིན་མིག་གཅིག་པ་ཅན་དང་། གསུམ་བཞི་སོགས་ཡོད་ཀྱང་འདིར་ཁྱབ་ཆེ་བའི་དབང་དུ་བྱས་པ་ཡིན།

ཟུང་།
ཐབས་ཤེས་ཟུང་འབྲེལ། གནའ་དེང་ཟུང་འབྲེལ། ཞེས་པ་ལྟ་བུ་ཟུང་དུ་འབྲེལ་བ་ལ་ཡ་གཉིས་ཚང་དགོས་པས་ཟུང་གིས་གྲངས་ཀ་གཉིས་མཚོན་པ་ཡིན།

བགྲོད་པ།
སྤྱིར་བགྲོད་པ་ཞེས་པ་དོན་མང་པོ་ལ་འཇུག་པ་ཡོད་ཀྱང་འདིར་ནི་རྩིས་གཞུང་ན་གསལ་བའི་ཉི་མ་ལྷོ་བགྲོད་དང་བྱང་བགྲོད་གཉིས་ལ་གོ་དགོས།  དེ་ཡང་ལོ་གཅིག་གི་ནང་ལ་བགྲོད་ཚུལ་གཉིས་ལས་མེད་པས་བགྲོད་པ་ཞེས་པས་གྲངས་ཀ་གཉིས་མཚོན་པ་ཡིན།

ཐབས་ཤེས།
ཐབས་དང་ཤེས་རབ་སྟེ་བྱ་བ་ཆེ་བ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་པ་ལ་ཚང་དགོས་པ་དང་། ཆུང་ས་ནས་ཁ་ལག་བཟོ་བ་སོགས་བྱ་བ་ཀུན་ལ་ཐབས་དང་ཤེས་རབ་གཉིས་ངེས་པར་ཚང་དགོས། དེར་བརྟེན་ཐབས་ཤེས་ཞེས་པས་གྲངས་ཀ་གཉིས་མཚོན་པ་ཡིན།

འཁྲིག་སྦྱོར།
འཁྲིག་སྦྱོར་ནི་འཁྲིག་པ་སྤྱོད་པའི་དོན་དུ་གོ་བ་དང་། འཁྲིག་པ་སྤྱོད་པ་ལ་ཕོ་མོ་གཉིས་ལྟ་བུ་ཆ་གཅིག་མེད་ན་ཡ་གྱལ་གཅིག་གིས་འཁྲིག་པ་ སྤྱོད་ཟེར་བ་མི་སྲིད་པས་འཁྲིག་སྦྱོར་གྱིས་གྲངས་ཀ་གཉིས་མཚོན་པ་ཡིན། འཁྲིག་པ་དང་སྦྱོར་བ་སོ་སོར་བཤད་ཀྱང་འགྲེལ་ཚུལ་དེ་ཉིད་ལས་མ་འདས།

གཤིན་རྗེ།
དགེ་བ་ཅན་ལ་སྟངས་འཛིན་པ། །སྡིག་པ་ཅན་ལ་ཆད་པ་མཁན། །ཉེས་ལེགས་ཆོས་བཞིན་སྤྱོད་པ་ཡི། །ཆོས་རྒྱལ་གཤིན་རྗེ་ཞེས་བྱ་བ། ། ཞེས་པ་ལྟར་གཤིན་རྗེ་ནི་དམྱལ་བའི་བྱེད་པོ་ཆོས་རྒྱལ་གྱི་མིང་ཡིན་པ་དང་། དེ་ནི་དགེ་སྡིག་གི་ལས་གཉིས་ཀྱི་འབྲས་བུ་ཐག་གཅོད་བྱེད་མཁན་ཡིན་པར་གླེང་བས་གཤིན་རྗེས་གྲངས་ཀ་གཉིས་མཚོན་པ་ཡིན།

མཚེ་མ།
མཚེ་མ་ཞེས་པ་མ་གཅིག་གི་ཁོག་ན་དུས་མཉམ་དུ་གནས་པའི་ཕྲུ་གུ་གཉིས་ལ་ཟེར། མ་ཡི་ཁོག་ན་དུས་མཉམ་དུ་གནས་པ་ལས་བཙའ་བའི་སྐབས་སུ་སྔ་ཕིྱ་ཡོད་པ་ནི་བཤད་མི་དགོས། འགའ་ཞིག་གིས་ཨ་མ་གཅིག་ལས་དུས་མཉམ་དུ་སྐྱེས་པའི་ཕྲུ་གུ་གཉིས་ཞེས་པ་ནི་ཅུང་ཟད་ཞིབ་ཆ་མ་ཐོན་པའི་རྣམ་པར་མཐོང་། མ་གཅིག་གི་ཁོག་ཏུ་དུས་མཉམ་པར་ཕྲུ་གུ་གསུམ་སོགས་ཡོད་ཆོག་ཀྱང་འདིར་ནི་གྲགས་ཚོད་ཆེ་བའི་དབང་དུ་བྱས་ནས་བཤད་པ་ཡིན། དེར་བརྟེན་མཚེ་མ་ཞེས་པས་གྲངས་ཀ་གཉིས་མཚོན་པ་ཡིན།
འཇིག་རྟེན་ཚ་བ་ཡོན་ཏན་མེ།།
སྲིད་པ་རྩེ་མོ་ཅན་རྣམས་གསུམ།།

འཇིག་རྟེན།
ས་འོག་གི་འཇིག་རྟེན་དང་། ས་སྟེང་གི་འཇིག་རྟེན། ས་བླའི་འཇིག་རྟེན་བཅས་གསུམ་ལ་འཇིག་རྟེན་གསུམ་ཟེར། དེར་བརྟེན་འཇིག་རྟེན་ཞེས་པས་གྲངས་ཀ་གསུམ་མཚོན་པ་ཡིན།

ཚ་བ།
ཚ་བ་ཞེས་པ་རྣམ་གྲངས་ཀྱི་དབྱེ་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་འདིར་ནི་སྨན་ཚ་བ་གསུམ་ཞེས་པ་དེ་ཡིན་པར་འདོད། དེ་ཡང་སྨན་གྱི་གཞུང་ནས་ལྒ་སྐྱ་དང་། ཕོ་བ་རིལ་བུ། པི་པི་ལིང་བཅས་ལ་སྨན་ཚ་བ་གསུམ་ཟེར། དེར་བརྟེན་ཚ་བ་ཞེས་པས་གྲངས་ཀ་གསུམ་མཚོན་པ་ཡིན།

ཡོན་ཏན།
ཕྱི་རོལ་པས་འདོད་པའི་ཡོན་ཏན། རྡུལ་དང་། མུན་པ། སྙིང་སྟོབས་བཅས་གསུམ་ལ་ཡོན་ཏན་གསུམ་ཞེས་བརྗོད་པ་ལྟར་ཡོན་ཏན་གྱིས་གྲངས་ཀ་གསུམ་མཚོན་པ་ཡིན།

མེ།
འཇིག་རྟེན་གྲགས་ཚོད་ལ་ལྷོ་ཕྱོགས་རྟ་གདོང་གི་མེ་དང་། ཉི་མའི་མེ། བསྲེག་བྱ་ཟ་བའི་མེ་བཅས་གསུམ་དུ་བགྲངས་སྲོལ་ཡོད་པས་མེ་ཡིས་གྲངས་ཀ་གསུམ་མཚོན་པ་ཡིན།

སྲིད་པ།
ས་འོག ། ས་སྟེང་།  ས་བླ་གསུམ་ལ་སྲིད་པ་གསུམ་ཞེས་འབོད་སྲོལ་ཡོད་པ་བཞིན་སྲིད་པས་གྲངས་ཀ་གསུམ་མཚོན་པ་ཡིན།

རྩེ་མོ་ཅན།
ལྷ་དབང་ཕྱུག་སོགས་ཀྱི་ཕྱག་མཚན་དུ་བྱེད་པའི་ཁ་ཊམ་ག་ལ་རྩེ་མོ་གསུམ་ཡོད་པས་རྩེ་མོ་ཅན་གྱིས་གྲངས་ཀ་གསུམ་མཚོན་པར་གྲག །

རྒྱ་མཚོ་ཆུ་གཏེར་ཆུ་བོ་བདུད།།

རིག་བྱེད་སྡེ་པ་ཟུང་ལྡན་བཞི།།

རྒྱ་མཚོ།
སྔོན་དུས་སུ་རི་རབ་ཀྱི་མདངས་ཕོག་སྟངས་ལ་བརྟེན་ནས་ཕྱོགས་ཀྱིས་ཕྱེ་བའི་རྒྱ་མཚོ་བཞི་ལབ་སྲོལ་ཡོད།   ཞི་བདེ་རྒྱ་མཚོ། ནུབ་ཀྱི་རྒྱ་མཚོ།  ཤར་གྱི་རྒྱ་མཚོ། རྒྱ་གར་གྱི་རྒྱ་མཚོ་བཅས་ལ་རྒྱ་མཚོ་བཞི་འབོད་པས་རྒྱ་མཚོས་གྲངས་ཀ་བཞི་མཚོན་པར་བཤད་ཀྱང་མི་རུང་བ་མེད་སྙམ།

ཆུ་གཏེར།
ཆུ་གཏེར་ནི་རྒྱ་མཚོའི་མིང་ཡིན་པས་གོང་དུ་བཤད་པ་བཞིན་རི་རབ་ཀྱི་མདངས་ཕོག་སྟངས་ལ་བརྟེན་ནས་ཕྱོགས་ཀྱིས་ཕྱེ་བའི་རྒྱ་མཚོ་བཞིའམ་ཡང་ན་ཞི་བདེ་རྒྱ་མཚོ། ནུབ་ཀྱི་རྒྱ་མཚོ། ཤར་གྱི་རྒྱ་མཚོ།   རྒྱ་གར་གྱི་རྒྱ་མཚོ་བཅས་ལ་རྒྱ་མཚོ་བཞི་འབོད་པས་ཆུ་གཏེར་གྱིས་གྲངས་ཀ་བཞི་མཚོན་པ་ཡིན།

ཆུ་བོ།
རྟ་མཆོག་ཁ་འབབ། རྨ་བྱ་ཁ་འབབ། སེངྒེ་ཁ་འབབ། གླང་ཆེན་ཁ་འབབ་བཅས་ལ་ཆུ་བོ་བཞི་འབོད་པས་ཆུ་བོས་གྲངས་ཀ་བཞི་མཚོན་པ་ཡིན།

བདུད།
ཕུང་པོའི་བདུད་དང་།  ཉོན་མོང་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷའི་བུའི་བདུད་བཅས་ལ་བདུད་བཞི་ཟེར་བས་བདུད་ཀྱིས་གྲངས་ཀ་བཞི་མཚོན་པ་ཡིན།

རིག་བྱེད།
ཕྱི་རོལ་པས་འདོད་པའི་ངེས་བརྗོད། མཆོད་སྦྱིན། སྙན་ཚིག །སྲིད་སྲུང་བཅས་ལ་རིག་བྱེད་བཞི་ཟེར་བས་རིག་བྱེད་ཀྱིས་གྲངས་ཀ་བཞི་མཚོན་པ་ཡིན།

སྡེ་པ།
བྱེ་བྲག་སྨྲ་བའི་རྩ་བའི་སྡེ་པ་བཞི་སྟེ། མང་པོས་བཀུར་བའི་སྡེ་པ། ཕལ་ཆེན་པའི་སྡེ་པ། གནས་བརྟན་པའི་སྡེ་པ། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་བཅས་བཞི་ཡོད་པས་སྡེ་པས་གྲངས་ཀ་བཞི་མཚོན་པ་ཡིན།

ཟུང་ལྡན།

རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ་ལས།ཟུང་ལྡན་ནི་ཟུང་གཉིས་དང་ལྡན་པའོ། ཞེས་པ་ཙམ་ལས་མི་གསལ།

འདོད་ཡོན་ཉེར་སྤྱོད་ཕུང་པོ་མདའ།།
འབྱུང་བ་དབང་པོ་ལྔ་ཡི་མིང་།།

འདོད་ཡོན།
གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་བཅས་ལྔ་ལ་འདོད་པའི་ཡོན་ཏན་ལྔ་ཞེས་བརྗོད་པས་འདོད་ཡོན་གྱིས་གྲངས་ཀ་ལྔ་མཚོན།

ཉེར་སྤྱོད།
མཆོད་པའི་རྫས། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་བཅས་ལ་ཉེར་སྤྱོད་ལྔ་ཞེས་བརྗོད་པས་ཉེར་སྤྱོད་ཀྱིས་གྲངས་ཀ་ལྔ་མཚོན་པ་ཡིན།

ཕུང་པོ།
ཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་བཅས་ལ་ཕུང་པོ་ལྔ་ཞེས་བརྗོད་པས་ཕུང་པོས་གྲངས་ཀ་ལྔ་མཚོན་པ་ཡིན།

མདའ།
བདུད་དགའ་རབ་དབང་ཕྱུག་གི་བྱེད་ལས་ཀྱི་ནུས་པ། མྱོས་བྱེད་དང་།སྲེད་བྱེད་དང་། སྐེམ་བྱེད་དང་། རྨོངས་བྱེད་དང་། རྒྱལ་བྱེད་བཅས་ལ་འདོད་པའི་མདའ་ལྔ་ཞེས་བརྗོད་པས་མདའ་ཡིས་གྲངས་ཀ་ལྔ་མཚོན་པ་ཡིན། མདའ་ལྔ་པོ་དེ་ངོས་འཛིན་སྟངས་མ་འདྲ་བ་ཁ་ཤས་ཡོད་པར་སྣང་།

འབྱུང་བ།
སྟོད་འགྲེལ་ལུགས་ལྟར་ན། ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་བཅས་ལྔ་ལ་འབྱུང་བ་ལྔ་དང་། སྤོར་ཐང་ལུགས་ལྟར་ན། ཤིང་དང་། མེ་དང་། ས་དང་། ལྕགས་དང་། ཆུ་བཅས་ལྔ་ལ་འབྱུང་བ་ལྔ་ཟེར།དེ་གཉིས་གང་ལྟར་ཡང་ལྔ་ཡོད་པས་འབྱུང་བས་གྲངས་ཀ་ལྔ་མཚོན་པ་ཡིན།

དབང་པོ།
མིག་གི་དབང་པོ། རྣ་བའི་དབང་པོ། སྣ་ཡི་དབང་པོ། ལྕེ་ཡི་དབང་པོ།   ལུས་ཀྱི་དབང་པོ་བཅས་ལྔ་ལ་གཟུགས་ཅན་གྱི་དབང་པོ་ལྔ་ཞེས་བརྗོད་པས་དབང་པོས་གྲངས་ཀ་ལྔ་མཚོན་པ་ཡིན།
རོ་དུས་བྲོ་བ་མཚམས་རྣམས་དྲུག།

རོ།
མངར་བ་དང་། སྐྱུར་བ་དང་། ཁ་བ་དང་། བསྐ་བ་དང་། ཚ་བ་དང་། ལན་ཚྭ་བ་བཅས་ལ་རོ་དྲུག་ཟེར་བས་རོས་གྲངས་ཀ་དྲུག་མཚོན་པ་ཡིན།

དུས།
དགུན་དང་། དགུན་སྨད་དང་། དཔྱིད་དང་། སོས་ཀ་དང་། དབྱར་དང་། སྟོན་བཅས་ལ་དུས་དྲུག་ཟེར་བས་དུས་ཀྱིས་གྲངས་ཀ་དྲུག་མཚོན་པ་ཡིན།

བྲོ་བ།
བྲོ་བ་ནི་རོ་དང་གཅིག་པ་ཡིན་པས་མངར་བ། སྐྱུར་བ། ཁ་བ། བསྐ་བ།ཚ་བ། ལན་ཚྭ་བ་བཅས་ལ་བྲོ་བ་དྲུག་འབོད་ཆོག་པས་བྲོ་བས་གྲངས་ཀ་དྲུག་མཚོན་པ་ཡིན།

མཚམས།
གོང་དུ་བཤད་པའི་དགུན། དགུན་སྨད། དཔྱིད། སོས་ཀ །དབྱར། སྟོན་བཅས་པའི་དུས་དྲུག་ལ་དུས་མཚམས་དྲུག་ཡོད་པས་མཚམས་ཀྱིས་གྲངས་ཀ་དྲུག་མཚོན་པ་ཡིན།

རྒྱན།
རྒྱ་གར་གྱི་མཁས་པ་ཀླུ་སྒྲུབ་དང་། ཨཱརྱ་དེ་བ་དང་། ཐོགས་མེད་དང་། དབྱིག་གཉེན་དང་། ཕྱོགས་གླང་དང་། ཆོས་གྲགས་ཏེ་དྲུག་ལ་འཛམ་གླིང་གི་རྒྱན་དྲུག་ཅེས་བརྗོད་པས་རྒྱན་གྱིས་གྲངས་ཀ་དྲུག་མཚོན་པ་ཡིན།

བཟང་པོ།
སྨན་གྱི་གཞུང་ནས་བཤད་པ་ལྟར་ན། ཛ་ཏི། སུག་སྨེལ། ཀ་ཀོ་ལ། ཅུ་གང་། ལི་ཤི། གུར་གུམ་བཅས་ལ་བཟང་པོ་དྲུག་འབོད་པས་བཟང་པོས་གྲངས་ཀ་དྲུག་མཚོན་པ་ཡིན།

རིན་ཆེན་ས་འཛིན་ཐུབ་པ་གླིང་།།
དྲང་སྲོང་རི་(རེས)གཟའ་རྟ་རྣམས་བདུན།།

རིན་ཆེན།
འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་བདུན་ལ་རྒྱལ་སྲིད་རིན་ཆེན་བདུན་ཞེས་ཟེར་བས་རིན་ཆེན་གྱིས་གྲངས་ཀ་བདུན་མཚོན་པ་ཡིན།

ས་འཛིན།
ས་འཛིན་ནི་རི་ཡི་མིང་ཡིན་ལ། གཉའ་ཤིང་འཛིན་དང་། སེང་ལྡེང་ཅན་དང་། རྟ་རྣ་དང་། ལྟ་ན་སྡུག་རི་དང། རྣམ་འདུད་དང་། མུ་ཁྱུད་ཅན་བཅས་བདུན་ལ་གསེར་གྱི་རི་བདུན་ཞེས་བརྗོད་པས་ས་འཛིན་གྱིས་གྲངས་ཀ་བདུན་མཚོན་པ་ཡིན།

ཐུབ་པ།
ཐུབ་པ་ནི་སྐབས་འདིར་སངས་རྒྱས་ཀྱི་མིང་ཡིན་ལ། སངས་རྒྱས་གནམ་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག། གསེར་ཐུབ། འོད་སྲུང་། ཤཱཀྱ་ཐུབ་པ་བཅས་ལ་སངས་རྒྱས་དཔའ་བོ་བདུན་ཞེས་བརྗོད་པས་ཐུབ་པས་གྲངས་ཀ་བདུན་མཚོན་པ་ཡིན།

གླིང་།
གླིང་ནི་རིའི་བར་ན་ཡོད་པའི་མཚོ་གླིང་རྣམས་ལ་ཟེར་ཞིང་། དེ་ཡང་རི་བདུན་ཡོད་པ་བཞིན་བར་གྱི་གླིང་བདུན་ཡོད་པས་གླིང་གིས་གྲངས་ཀ་བདུན་མཚོན་པ་ཡིན།

དྲང་སྲོང་།
འཆི་མེད་མཛོད་འགྲེལ་ལས།འོད་ཟེར་ཅན་དང་།ཉི་མ་དང་།རྒྱུན་ཤེས་དང་།འོད་ཡང་དང་།ལྷ་མིན་འཇོམས་དང་།མཆོད་སྦྱིན་ཅན་དང་།གནས་འཇོག་བཅས་བདུན་ལ་དྲང་སྲོང་བདུན་ཟེར་བས་དྲང་སྲོང་གིས་གྲངས་ཀ་བདུན་མཚོན་པ་ཡིན།གནམ་གཟིགས་ནས་ཤཱཀྱ་ཐུབ་པའི་བར་གྱི་བདུན་པོ་ལ་དྲང་སྲོང་བདུན་ཟེར་བ་ཡང་ཡོད།
རི།
རི་ནི་གོང་དུ་ས་འཛིན་གྱི་སྐབས་སུ་བཤད་པ་བཞིན།གཉའ་ཤིང་འཛིན་དང་།སེང་ལྡེང་ཅན་དང་།རྟ་རྣ་དང་།ལྟ་ན་སྡུག་རི་དང།རྣམ་འདུད་དང་།མུ་ཁྱུད་ཅན་བཅས་བདུན་ལ་གསེར་གྱི་རི་བདུན་ཞེས་བརྗོད་པས་རིས་གྲངས་ཀ་བདུན་མཚོན་པ་ཡིན།
གཟའ།  གཟའ་ནི་རེས་ལ་འཁོར་བའི་གཟའ་སྟེ།ཉི་མ་དང་།ཟླ་བ་དང་།མིག་དམར་དང་།ལྷག་པ་དང་།ཕུར་བུ་དང་།པ་སངས་དང་།སྤེན་པ་བཅས་ལ་རེས་གཟའ་བདུན་ཟེར་བས་གཟའ་ཡིས་གྲངས་ཀ་བདུན་མཚོན་པ་ཡིན།

རྟ།
རྟ་ནི་ཉི་མའི་ཤིང་རྟ་ཞེས་གྲག་པ།མངོན་བརྗོད་ཀྱི་བསྟན་བཅོས་རྒྱ་མཚོའི་ཆུ་ཐིགས་ན་གསལ་བ།ངེས་བརྗོད་དང་།ཐིག་ལེ་ཅན་མ་དང་།མདོག་ལྔ་པ་དང་།ཡིད་མགྱོགས་དང་།རི་བོ་འཇོམས་དང་།རླུང་དང་།ཤིན་ཏུ་རྒྱལ་མཚན་བཅས་བདུན་ལ་རྟ་བདུན་ཞེས་འབོད་པས་རྟས་གྲངས་ཀ་བདུན་མཚོན་པ་ཡིན།
ལྷ་ཀླུ་བཀྲ་ཤིས་གདེངས་ཅན་སྦྲུལ།།
ལྟོ་འགྲོ་ནོར་ལྷ་ནོར་དབྱིག་བརྒྱད།།

ལྷ།
ཤར་དུ་དབང་ཕྱུག་ཆེན་པོ།ལྷོར་བརྒྱ་བྱིན།ནུབ་ཏུ་ཚངས་པ།བྱང་དུ་ཁྱབ་འཇུག།ཤར་ལྷོར་འདོད་པའི་དབང་ཕྱུག།ལྷོ་ནུབ་ཏུ་ཚོགས་བདག་གླང་སྣ།ནུབ་བྱང་དུ་བྷྲྀངྒི་རི་དྷི།བྱང་ཤར་དུ་གཞོན་ནུ་གདོང་དྲུག་རྣམས་ལ་ལྷ་ཆེན་བརྒྱད་ཟེར་བས་ལྷས་གྲངས་ཀ་བརྒྱད་མཚོན་པ་ཡིན།།

ཀླུ།
ཀླུ་ནི་འཇིག་རྟེན་ན་གྲགས་པའི་མཐའ་ཡས་དང་།འཇོག་པོ་དང་།སྟོབས་ཀྱི་རྒྱུ་དང་།རིགས་ལྡན་དང་།ནོར་རྒྱས་ཀྱི་བུ་དང་།དུང་སྐྱོང་དང་།པདྨ་དང་།ཆུ་ལྷ་བཅས་ལ་ཀླུ་ཆེན་བརྒྱད་ཟེར་བས་ཀླུས་གྲངས་ཀ་བརྒྱད་མཚོན་པ་ཡིན།

བཀྲ་ཤིས།
བཀྲ་ཤིས་པའི་རྟགས་སམ་མཚན་མ།གདུགས་དང་།གསེར་ཉ་དང་།བུམ་པ་དང་།པདྨ་དང་།དུང་གཡས་འཁྱིལ་དང་།དཔལ་བེའུ་དང་།རྒྱལ་མཚན་དང་།འཁོར་ལོ་བཅས་བརྒྱད་ལ་བཀྲ་ཤིས་པའི་རྟགས་བརྒྱད་ཟེར་བས་བཀྲ་ཤིས་ཀྱིས་གྲངས་ཀ་བརྒྱད་མཚོན་པ་ཡིན།

གདེངས་ཅན།
གདེངས་ཅན་ནི་ཀླུ་ཡི་མིང་ཡིན་པས་གོང་དུ་ཀླུ་ཡི་སྐབས་སུ་བཤད་པ་བཞིན།མཐའ་ཡས་དང་།འཇོག་པོ་དང་།སྟོབས་ཀྱི་རྒྱུ་དང་།རིགས་ལྡན་དང་།ནོར་རྒྱས་ཀྱི་བུ་དང་།དུང་སྐྱོང་དང་།པདྨ་དང་།ཆུ་ལྷ་བཅས་ལ་ཀླུ་ཆེན་བརྒྱད་ཟེར་བས་ཀླུས་གྲངས་ཀ་བརྒྱད་མཚོན་པ་བཞིན་གདེངས་ཅན་གྱིས་ཀྱང་གྲངས་ཀ་བརྒྱད་མཚོན་པ་ཡིན།

སྦྲུལ།
འདིའི་སྐབས་ཀྱི་སྦྲུལ་ནི་ཀླུ་ཆེན་བརྒྱད་ཀྱི་མགོ་ལ་བརྒྱན་པའི་རྩ་བའི་སྦྲུལ་ལ་གོ་དགོས་པས་ཀླུ་བརྒྱད་ཡོད་པ་བཞིན་སྦྲུལ་ཡང་བརྒྱད་ཡོད་པས་སྦྲུལ་གྱིས་གྲངས་ཀ་བརྒྱད་མཚོན་པ་ཡིན།

ལྟོ་འགྲོ།
ལྟོ་འགྲོ་ནི་སྦྲུལ་གྱི་མིང་ཡིན་པས་གོང་དུ་སྦྲུལ་གྱི་སྐབས་སུ་བཤད་པ་བཞིན་ལྟོ་འགྲོ་ཡང་བརྒྱད་ཡོད་པས་ལྟོ་འགྲོས་གྲངས་ཀ་བརྒྱད་མཚོན་པ་ཡིན།

ནོར་ལྷ།
ཆུ་ལྷ་དང༌།བརྟན་པ་དང་།ཟླ་བ་དང་།འཛིན་བྱེད་དང་།རླུང༌དང་།མེ་དང་།ནམ་ལངས་དང་།འོད་བྱེད་བཅས་བརྒྱད་ལ་ནོར་ལྷ་བརྒྱད་ཟེར་བས་ནོར་ལྷས་གྲངས་ཀ་བརྒྱད་མཚོན་པ་ཡིན།

ནོར་དབྱིག
དབྱིག་ནི་རིན་པོ་ཆེའི་རིགས་ཀྱི་གཏེར་ཁ་སྤྱིའི་མིང་ཡིན་ལ།གོང་དུ་བཤད་པའི་ནོར་ལྷ་བརྒྱད་ལ་སོ་སོར་དབང་བའི་གཏེར་ཁ་སྟེ་དབྱིག་གི་མཛོད་བརྒྱད་ཡོད་པར་གྲག་པས་ནོར་དབྱིག་གིས་གྲངས་ཀ་བརྒྱད་མཚོན་པ་ཡིན།
སྲིན་པོ་བུ་ག་གཏེར་རྩ་དགུ།

སྲིན་པོ།
པད་མ་ཅན་དང་།དུང་ཅན་དང་།པད་མ་ཆེན་པོ་དང་།ཆུ་སྲིན་ཅན་དང་།རུས་སྦལ་ཅན་དང་།རྔ་ཅན་དང་།དགའ་བ་ཅན་དང་།སྔོན་པོ་དང་།འབྱིན་བྱེད་བཅས་གཏེར་ཁ་དགུ་པོ་སྲུང་མཁན་སྲིན་པོ་དགུ་ཡོད་པར་གྲག་པས་སྲིན་པོས་གྲངས་ཀ་དགུ་མཚོན་པ་ཡིན།

བུ་ག
མི་ལྟ་བུ་ལ།མིག་གཉིས།སྣ་བུག་གཉིས།རྣ་བའི་བུ་ག་གཉིས།ཁ་དང་བཅས་མགོ་ལ་བུ་ག་བདུན་དང་།འོག་སྒོ་གཉིས་ཏེ་དགུ་ཡོད་པས་བུ་གས་གྲངས་ཀ་དགུ་མཚོན་པ་ཡིན།

གཏེར།
གཏེར་ཞེས་པ་ནི་མི་ཟད་པའི་ནོར་གྱི་མཛོད་ཀྱི་ཕུང་པོ་ལ་ཟེར་ཞིང་།དེ་ཡང་པད་མ་ཅན་དང་།དུང་ཅན་དང་།པད་མ་ཆེན་པོ་དང་།ཆུ་སྲིན་ཅན་དང་།རུས་སྦལ་ཅན་དང་།རྔ་ཅན་དང་།དགའ་བ་ཅན་དང་།སྔོན་པོ་དང་།འབྱིན་བྱེད་བཅས་གཏེར་དགུ་ཡོད་པར་གྲག་པས་གཏེར་གྱིས་གྲངས་ཀ་དགུ་མཚོན་པ་ཡིན།
རྩ།
རྩ་དབུ་མ་དང་།རོ་མ་དང་།རྐྱང་མ་གསུམ་དང་།སྤྱི་བོ་བདེ་ཆེན་གྱི་འཁོར་ལོ།མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ།སྙིང་ཁ་ཆོས་ཀྱི་འཁོར་ལོ།ལྟེ་བ་སྤྲུལ་པའི་འཁོར་ལོ།གསང་བ་བདེ་སྐྱོང་གི་འཁོར་ལོ་བཅས་རྩ་འཁོར་ལྔ།ནོར་བུའི་དབུས་ཀྱི་རྩ་འཁོར་བཅས་རྩ་གསུམ་དང་འཁོར་ལོ་དྲུག་བསྡོམས་པའི་རྩ་དགུ་ཡོད་པས་རྩ་ཡིས་གྲངས་ཀ་དགུ་མཚོན་པ་ཡིན།
འཇུག་པ་ཁྲོ་བོ་སྒྲ་སྒྲོགས་༼དགྲ་གྲོགས་༽ཕྱོགས།།
འབྱོར་པ་སྟོབས་དང་སོར་མོ་བཅུ།།

འཇུག་པ།
སྐབས་འདིའི་འཇུག་པ་ཞེས་པ་ཁྱབ་འཇུག་གི་འཇུག་པ་ལ་གོ་དགོས་ཤིང་།དེ་ཡང་ཉ་དང༌།རུས་སྦལ།ཕག་རྒོད།མིའི་སེང་གེ།མིའུ་ཐུང༌།ཤིང་རྟ་བཅུ་པའི་བུ་རཱ་མ་ཎ།ཛམཱད་ཨགྣིའི་བུ་རཱ་མ་ཎ།ནག་པོ།སངས་རྒྱས་ཤཱཀྱ་ཐུབ་པ།རིགས་ལྡན་བྲམ་ཟེའི་བུ་ཀརྐི་ཙེ་བཅས་ལ་ཁྱབ་འཇུག་གི་འཇུག་པ་བཅུ་འབོད་པས་འཇུག་པས་གྲངས་ཀ་བཅུ་མཚོན་པ་ཡིན།

ཁྲོ་བོ།
ཤར་དུ་གཤིན་རྗེ་གཤེད།ལྷོར་གཞན་གྱིས་མི་ཐུབ་པ།ནུབ་ཏུ་རྟ་མགྲིན།བྱང་དུ་བདུད་རྩི་འཁྱིལ་བ།ཤར་ལྷོར་འདོད་རྒྱལ།ལྷོ་ནུབ་ཏུ་དབྱུག་སྔོན་ཅན།ནུབ་བྱང་དུ་སྟོབས་པོ་ཆེ།བྱང་ཤར་དུ་མི་གཡོ་བ།སྟེང་དུ་གཙུག་ཏོར་འཁོར་ལོས་བསྒྱུར་བ།འོག་ཏུ་གནོད་མཛེས་རྒྱལ་པོ་བཅས་ལ་ཁྲོ་བོ་བཅུ་ཟེར་བས་ཁྲོ་བོས་གྲངས་ཀ་བཅུ་མཚོན་པ་ཡིན།

སྒྲ་སྒྲོགས།
ལྟར་ན།སྒྲ་སྒྲོགས་ནི་སྲིན་པོའི་མིང་ཡིན་ལ།སྲིན་པོའི་གཙོ་བོ་ལ་མགོ་དགུ་དང་མགྲིན་པ་བཅས་བཅུ་ཡོད་པས་སྒྲ་སྒྲོགས་ཀྱིས་གྲངས་ཀ་བཅུ་མཚོན་པར་འགྲེལ་གྱི་ཡོད་པ་འདྲ།༼དགྲ་གྲོགས།༽ལྟར་ན།རྩིས་གཞུང་ནས།མེ་ཆུ་ས་ཤིང་ལྕགས་ལྔ་དགྲ་གྲོགས་སྐོར།།ཕར་འདེད་དགྲ་ལ་ཚུར་འདེད་གྲོགས།།ཞེས་པ་ལྟར་མེ་དགྲ་ཆུ།ཆུ་དགྲ་ས།ས་དགྲ་ཤིང་།ཤིང་དགྲ་ལྕགས།ལྕགས་དགྲ་མེ་བཅས་ཕར་འདེད་ལྔ་དང་།ལྕགས་གྲོགས་ཤིང་།ཤིང་གྲོགས་ས།ས་གྲོགས་ཆུ།ཆུ་གྲོགས་མེ།མེ་གྲོགས་ལྕགས་བཅས་ཚུར་འདེད་ལྔ་བསྡོམས་ན་བཅུ་ཡོད་པས་དགྲ་གྲོགས་ཀྱིས་གྲངས་ཀ་བཅུ་མཚོན་པ་ཡིན།

ཕྱོགས།
ཤར་དང་།ལྷོ་དང་།ནུབ་དང་།བྱང་དང་།ཤར་ལྷོ་དང་།ལྷོ་ནུབ་དང་།ནུབ་བྱང་དང་།བྱང་ཤར་དང་།སྟེང་དང་།འོག་བཅས་བཅུ་ལ་ཕྱོགས་བཅུ་ཟེར་བས་ཕྱོགས་ཀྱིས་གྲངས་ཀ་བཅུ་མཚོན་པ་ཡིན།

འབྱོར་པ།
མི་ཉིད་ཡིན་པ་དང༌།ཡུལ་དབུས་སུ་སྐྱེས་པ།དབང་པོ་ཚང་བ།ལས་མཐའ་མ་ལོག་པ།སྡེ་སྣོད་གསུམ་ལ་དད་པ་བཅས་རང་འབྱོར་ལྔ་དང་།སངས་རྒྱས་འཇིག་རྟེན་ལ་བྱོན་པ་དང༌།དེས་ཆོས་གསུངས་པ།བསྟན་པ་གནས་པ།བསྟན་པའི་རྗེས་སུ་འཇུག་པ།ཆོས་ཀྱི་མཐུན་རྐྱེན་ཚང་བ་བཅས་གཞན་འབྱོར་ལྔ་བསྡོམས་ན་བཅུ་ཡོད་པས་འབྱོར་བས་གྲངས་ཀ་བཅུ་མཚོན་པ་ཡིན།

སྟོབས།
གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང༌།ལས་ཀྱི་རྣམ་སྨིན་མཁྱེན་པའི་སྟོབས།མོས་པ་སྣ་ཚོགས་མཁྱེན་པའི་སྟོབས།ཁམས་སྣ་ཚོགས་མཁྱེན་པའི་སྟོབས།དབང་པོ་མཆོག་དམན་མཁྱེན་པའི་སྟོབས།ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས།བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་སོགས་མཁྱེན་པའི་སྟོབས།སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས།འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས།ཟག་པ་ཟད་པ་མཁྱེན་པའི་སྟོབས་བཅས་བཅུ་ལ་སྟོབས་བཅུ་ཟེར་བས་སྟོབས་ཀྱིས་གྲངས་ཀ་བཅུ་མཚོན་པ་ཡིན།

སོར་མོ།
མཐེ་བོང་དང་།མཛུབ་མོ་དང་།གུང་མོ་དང་།སྲིན་ལག་དང་།མཐེའུ་ཆུང་བཅས་ལྔ་ལ་སོར་མོ་ཟེར་ཞིང་།དེ་ལག་གཡས་གཡོན་གཉིས་བསྡོམས་ན་བཅུ་ཡོད་པས་སོར་མོས་གྲངས་ཀ་བཅུ་མཚོན་པ་ཡིན།
དྲག་པོ་དབང་ཕྱུག་བདེ་བྱེད་དང་།།
བདེ་འབྱུང་འཕྲོག་བྱེད་བཅུ་གཅིག་གོ།

དྲག་པོ།
འདོད་འཇོ་ལས།མ་སྐྱེས་རྐང་གཅིག་འཕེལ་དང་བསྟོད།།དྲག་པོ་དང་ནི་བརྩོན་འགྲུས་ལྡན།།འཕྲོག་བྱེད་དེ་ནས་བདེ་འབྱུང་དང་།།སྤྱན་གསུམ་གཞན་ལས་རྒྱལ་བ་དང་།།དབང་ལྡན་དང་ནི་ས་གསུམ་པ།།དྲག་པོ་བཅུ་གཅིག་ཤེས་པར་བྱ།ཞེས་པ་ལྟར།མ་སྐྱེས་དང༌།རྐང་གཅིག་འཕེལ་དང༌།འཇོག་པོ་དང༌།དྲག་པོ་དང༌།བརྩོན་འགྲུས་ལྡན་དང༌།འཕྲོག་བྱེད་དང༌།བདེ་འབྱུང་དང༌།མིག་གསུམ་པ་དང༌།གཞན་ལས་རྒྱལ་དང༌།དབང་ལྡན་དང༌།ས་གསུམ་པ་བཅས་ལ་དྲག་པོ་བཅུ་གཅིག་ཟེར་བས་དྲག་པོས་གྲངས་ཀ་བཅུ་གཅིག་མཚོན་པ་ཡིན།

དབང་ཕྱུག
གོང་དུ་གསལ་བའི་དྲག་པོ་བཅུ་གཅིག་སྟེ་མ་སྐྱེས་རྐང་གཅིག་དང༌།འཕེལ་བ་དང༌།བསྟོད་པ།དྲག་པོ།བརྩོན་འགྲུས་ལྡན།འཕྲོག་བྱེད།བདེ་འབྱུང༌།སྤྱན་གསུམ།གཞན་ལས་རྒྱལ་བ།དབང་ལྡན།ས་གསུམ་པ་བཅས་ལྷ་དབང་ཕྱུག་ཆེན་པོའི་མིང་གི་རྣམ་གྲངས་སུ་བཤད་པས་དབང་ཕྱུག་གིས་གྲངས་ཀ་བཅུ་གཅིག་མཚོན་པ་ཡིན།

བདེ་བྱེད།
གོང་དུ་བཤད་པའི་དབང་ཕྱུག་དང་མཚོན་ཚུལ་མཚུངས།

བདེ་འབྱུང་།
གོང་དུ་བཤད་པའི་དབང་ཕྱུག་དང་མཚོན་ཚུལ་མཚུངས།

འཕྲོག་བྱེད།
གོང་དུ་བཤད་པའི་དབང་ཕྱུག་དང་མཚོན་ཚུལ་མཚུངས།
ཉི་མ་རྟེན་འབྲེལ་ཁྱིམ་བཅུ་གཉིས།།

ཉི་མ།
ཚིག་མཛོད་ཆེན་མོའི་ནང་དུ་འདོད་འཇོ་ལྟར་བཀོད་པ།ཉི་ཁྱིམ་བཅུ་གཉིས་ཀྱི་བདག་པོ།དབང་པོ་དང༌།བྱེད་པོ།ལམ་པ།ཆར་འབེབས།བསྟོད་བྱེད།སྔོན་མིན།སྔོན་འཕགས།མི་གཟུགས།ཁྱབ་འཇུག།འོད་ཅན།ཆུ་བདག།གཤིན་རྗེ་༼བཤེས་གཉེན༽བཅས་བཅུ་གཉིས་ཡོད་པས་གྲངས་ཀ་བཅུ་གཉིས་མཚོན་པ་ཡིན།ཉི་ཁྱིམ་བཅུ་བཉིས་ཞེས་
ཁྱིམ་བཅུ་གཉིས་ལ་བཤད་པ་ཡང་ཡོད།

རྟེན་འབྲེལ།
མ་རིག་པ་དང་།འདུ་བྱེད་དང་།རྣམ་ཤེས་དང་།མིང་གཟུགས་དང་།སྐྱེ་མཆེད་དང་།རེག་པ་དང་།ཚོར་བ་དང་།སྲེད་པ་དང་།ལེན་པ་དང་།སྲིད་པ་དང་།སྐྱེ་བ་དང་།རྒ་ཤི་བཅས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་འབོད་པས་རྟེན་འབྲེལ་གྱིས་གྲངས་ཀ་བཅུ་གཉིས་མཚོན་པ་ཡིན།

ཁྱིམ།
ལུག་དང་།གླང་དང་།འཁྲིག་པ་དང་།ཀརྐ་ཊ་དང་།སེངྒེ་དང་།བུ་མོ་དང་།སྲང་དང་།སྡིག་དང་།གཞུ།ཆུ་སྲིན་དང་།བུམ་པ་དང་།ཉ་བཅས་ལ་ཉི་མའི་ཁྱིམ་བཅུ་གཉིས་ཟེར་བས་ཁྱིམ་གྱིས་གྲངས་ཀ་བཅུ་གཉིས་མཚོན་པ་ཡིན།
གདུགས་རིམ་སྣ་ཚོགས་ལུས་མེད་དང་།།
འདོད་པ་མྱོད་བྱེད་བཅུ་གསུམ་མིང་།།

གདུགས་རིམ།
གདུགས་བརྩེགས་པའི་རིམ་པ་སྟེ་བདེ་གཤེགས་ཀྱི་མཆོད་རྟེན་ལ་གདུགས་རིམ་པ་བཅུ་གསུམ་ཡོད་པས་གདུགས་རིམ་གྱིས་གྲངས་ཀ་བཅུ་གསུམ་མཚོན་པ་ཡིན།

སྣ་ཚོགས།
འདོད་པ་དང༌།དུས་དང༌།གང་བ་ལ་སོགས་པ་སྣ་ཚོགས་ཀྱི་ལྷ་ལ་བཅུ་གསུམ་ཡོད་པར་གྲག་པས་སྣ་ཚོགས་ཀྱིས་གྲངས་ཀ་བཅུ་གསུམ་མཚོན་པ་ཡིན།

ལུས་མེད།
ལུས་མེད་ནི་བདུད་དགའ་རབ་དབང་ཕྱུག་གི་མིང་གི་རྣམ་གྲངས་ཡིན་ལ་དེས་མྱོས་བྱེད་མ་དང༌།གློག་གི་འོད་ཅན་མ།ཐིག་ལེ་མཆོག་མ།པད་དཀར་མ།ལག་བཟང་མ།དགའ་བའི་ཤིང་རྟ་མ།མེ་ནཱ་ཀ།སྐྲ་འདྲེས་མ།ལེགས་རྒྱན་མ།མུཉྫ་སྐྱེས་མ།ཨ་ལ་མྦུ་ཥཱ།ཆུ་ཤིང་བྲལ་ཅན་མ།སྐེད་ལེགས་མ་བཅས་ལྷའི་སྨད་འཚོང་མ་བཅུ་གསུམ་སྤྲུལ་པར་གྲག་པས་ན་ལུས་མེད་ཀྱིས་གྲངས་ཀ་བཅུ་གསུམ་མཚོན་པ་ཡིན།

འདོད་པ།
འདོད་པའི་ལྷ་སྟེ་གོང་དུ་བཤད་པ་ལྟར་ལྷའི་སྨད་འཚོང་མ་མྱོས་བྱེད་མ་དང༌།གློག་གི་འོད་ཅན་མ།ཐིག་ལེ་མཆོག་མ།པད་དཀར་མ།ལག་བཟང་མ།དགའ་བའི་ཤིང་རྟ་མ།མེ་ནཱ་ཀ།སྐྲ་འདྲེས་མ།ལེགས་རྒྱན་མ།མུཉྫ་སྐྱེས་མ།ཨ་ལ་མྦུ་ཥཱ།ཆུ་ཤིང་བྲལ་ཅན་མ།སྐེད་ལེགས་མ་བཅས་བཅུ་གསུམ་ཡོད་པར་གྲག་པས་འདོད་པས་གྲངས་ཀ་བཅུ་གསུམ་མཚོན་པ་ཡིན།

མྱོས་བྱེད།
འདོད་པས་མྱོས་པར་བྱེད་པའི་ལྷའི་སྨད་འཚོང་མ་མྱོས་བྱེད་མ་དང༌།གློག་གི་འོད་ཅན་མ།ཐིག་ལེ་མཆོག་མ།པད་དཀར་མ།ལག་བཟང་མ།དགའ་བའི་ཤིང་རྟ་མ།མེ་ནཱ་ཀ།སྐྲ་འདྲེས་མ།ལེགས་རྒྱན་མ།མུཉྫ་སྐྱེས་མ།ཨ་ལ་མྦུ་ཥཱ།ཆུ་ཤིང་བྲལ་ཅན་མ།སྐེད་ལེགས་མ་བཅས་བཅུ་གསུམ་ཡོད་པར་གྲག་པས་མྱོས་བྱེད་ཀྱིས་གྲངས་ཀ་བཅུ་གསུམ་མཚོན་པ་ཡིན།
མ་ནུ་ཤེད་བུ་ཡིད་སྲིད་པ།།
སྲིད་པའི་གནས་རྣམས་བཅུ་བཞིའོ།།

མ་ནུ།
རྩིས་གཞུང་གཡའ་སེལ་ལས་བཤད་པ་བཞིན་མ་ནུ་ནི་མི་ཡི་མིང་གི་མངོན་བརྗོད་ཡིན།དེ་ལ་དབྱེ་ན་རིགས་ཆེ་བ་བཞི་ལས།རྒྱལ་རིགས་ལ་རྐང་ཐང་དང་།རྟ་པ་དང་།གླང་ཆེན་པ་དང་།ཤིང་རྟ་པ་བཅས་བཞི།བྲམ་ཟེའི་རིགས་ལ།ནགས་གནས་དང་།ཁྱིམ་གནས་དང་།དཀའ་ཐུབ་པ་གསུམ།རྗེ་རིགས་ལ་ཡིག་མཁན་དང་།ཚོང་པ་དང་།སྨན་པ་
གསུམ།དམངས་རིགས་ལ།ས་གཞི་རྨོ་བ་དང་།བ་གླང་སྐྱོང་བ་དང་།འཇིམ་ལས་པ་དང་།ཁྱིམ་གནས་པ་བཞི་སྟེ་མི་རིགས་བཅུ་བཞི་ཡོད་པས་མ་ནུས་གྲངས་ཀ་བཅུ་བཞི་མཚོན་པ་ཡིན།

ཤེད་བུ།
གོང་དུ་བཤད་པ་ལྟར།རྩིས་གཞུང་གཡའ་སེལ་ལས་བཤད་པ་བཞིན་ཤེད་བུ་ནི་མི་ཡི་མིང་གི་མངོན་བརྗོད་ཡིན།དེ་ལ་དབྱེ་ན་རིགས་ཆེ་བ་བཞི་ལས།རྒྱལ་རིགས་ལ་རྐང་ཐང་དང་།རྟ་པ་དང་།གླང་ཆེན་དང་།ཤིང་རྟ་པ་བཅས་བཞི།བྲམ་ཟེའི་རིགས་ལ།ནགས་གནས་དང་།ཁྱིམ་གནས་དང་།དཀའ་ཐུབ་པ་གསུམ།རྗེ་རིགས་ལ་ཡིག་མཁན་དང་།ཚོང་པ་དང་།སྨན་པ་གསུམ།དམངས་རིགས་ལ།ས་གཞི་རྨོ་བ་དང་།བ་གླང་སྐྱོང་བ་དང་།འཇིམ་ལས་པ་དང་།ཁྱིམ་གནས་པ་བཞི་སྟེ་མི་རིགས་བཅུ་བཞི་ཡོད་པས་ཤེད་བུས་གྲངས་ཀ་བཅུ་བཞི་མཚོན་པ་ཡིན།

ཡིད།
གོང་དུ་བཤད་པ་ལྟར།ཡིད་ཅན་ནི་མི་ཡི་མིང་ཡིན་ལ།དེ་ལ་དབྱེ་ན་རིགས་ཆེ་བ་བཞི་ལས།རྒྱལ་རིགས་ལ་རྐང་ཐང་དང་།རྟ་པ་དང་།གླང་ཆེན་དང་།ཤིང་རྟ་པ་བཅས་བཞི།བྲམ་ཟེའི་རིགས་ལ།ནགས་གནས་དང་།ཁྱིམ་གནས་དང་།དཀའ་ཐུབ་པ་གསུམ།རྗེ་རིགས་ལ་ཡིག་མཁན་དང་།ཚོང་པ་དང་།སྨན་པ་གསུམ།དམངས་རིགས་ལ།ས་གཞི་རྨོ་བ་དང་།བ་གླང་སྐྱོང་བ་དང་།འཇིམ་ལས་པ་དང་།ཁྱིམ་གནས་པ་བཞི་སྟེ་མི་རིགས་བཅུ་བཞི་ཡོད་པས་ཡིད་ཅན་གྱིས་གྲངས་བཅུ་བཞི་མཚོན་པ་ཡིན།

སྲིད་པ།
འདོད་གཟུགས་ཀྱིས་ཕྱེ་བའི་ལྷ་ལ་བརྒྱད་དང༌།སྐྱེ་གནས་ཀྱིས་དབྱེ་བའི་དུད་འགྲོ་ལ་བཞི།མི་དང་དམྱལ་བ་སྟེ་སྲིད་པ་ལ་བཅུ་བཞི་ཡོད་པས་སྲིད་པས་གྲངས་ཀ་བཅུ་བཞི་མཚོན་པ་ཡིན།

སྲིད་པའི་གནས།
གོང་དུ་བཤད་པའི་སྲིད་པ་བཅུ་བཞི་པོ་དེ་དག་གི་གནས་བཅུ་བཞི་ཡོད་པས་སྲིད་པའི་གནས་ཀྱིས་གྲངས་ཀ་བཅུ་བཞི་མཚོན་པ་ཡིན།
ཚེས་ཞེས་བྱ་བ་བཅོ་ལྔའི་མིང་།།

ཚེས།
ཟླ་བའི་ཕྱོགས་རེར་ཚེས་ཞག་བཅོ་ལྔ་རེ་ཡོད་པས་ཚེས་ཀྱིས་གྲངས་ཀ་བཅོ་ལྔ་མཚོན་པ་ཡིན།
ཆ་ཤས་དང་ནི་རྒྱལ་པོ་དང་།།
མི་བདག་ཅེས་པ་བཅུ་དྲུག་གོ།

༼མི་བདག་རྒྱལ་པོ་བཅུ་དྲུག་གོ།༽

ཆ་ཤས།
ཆ་ཤས་ནི་སྒྱུ་རྩལ་དང་ལྡན་པའི་དོན་ཅན་དུ་འགྲེལ་ཏེ།འཆི་མེད་མ་དང་།དྲེགས་སྟེར་མ་དང་།རྒྱས་མ་དང་།ཚིམ་པ་དང་།འཕེལ་བ་དང་།དགའ་མ་དང་།བརྟན་མ་དང་།རི་བོང་ཅན་མ་དང་།ཟླ་འོད་དང་།མཛེས་པ་དང་།སྣང་བ་དང་།དཔལ་དང་།མགུ་བ་དང་།ཡན་ལག་སྦྱིན་དང་།རྫོགས་པ་དང་།རྫོགས་པའི་འཆི་མེད་པ་བཅས་བཅུ་དྲུག་ལ་སྒྱུ་རྩལ་ཆ་ཤས་དང་ལྡན་པ་བཅུ་དྲུག་བཤད་པས་ཆ་ཤས་ཀྱིས་གྲངས་ཀ་བཅུ་དྲུག་མཚོན་པ་ཡིན།ཡང་ཟླ་བའི་མིང་ལ་བཅུ་དྲུག་ཆ།ཞེས་འབོད་པའི་དོན་གྱིས་ཟླ་བ་ཉ་གང་བའི་ཆ་ཤས་བཅུ་དྲུག་ཅེས་ཀྱང་གླེང་།

རྒྱལ་པོ།
སྔོན་དུས་སུ་རྒྱ་གར་ཡུལ་ལ་རྒྱལ་ཕྲན་བཅུ་དྲུག་ཡོད་པ་ལ་རྒྱལ་པོ་བཅུ་དྲུག་ཡོད་པར་གྲག།དེ་ཡང་ཨངྒ་དང་།མ་ག་དྷ་དང།ཀོ་ས་ལ།ཀཱ་ཤི་ཀ་དང་།པྲི་ཛི་དང་།མ་ལ་དང་།པུཎྚ་དང་།སྲེག་པ་དང་།ཀ་མ་དང་།ཨ་བིནྟི་དང་།ཀུ་རུ་དང་།ལྔ་ལེན་དང་།བཏྶ་དང་།དཔལ་སྡེ་དང་།ཡ་བ་ན་དང་།ཀམྦོ་བཅས་ཀྱི་རྒྱལ་པོ་བཅུ་དྲུག་ཡོད་པས་རྒྱལ་པོས་གྲངས་ཀ་བཅུ་དྲུག་མཚོན་པ་ཡིན།

མི་བདག།
གོང་དུ་བཤད་པ་ལྟར།སྔོན་དུས་སུ་རྒྱ་གར་ཡུལ་ལ་རྒྱལ་ཕྲན་བཅུ་དྲུག་ཡོད་པ་ལ་མི་བདག་སྟེ་རྒྱལ་པོ་བཅུ་དྲུག་ཡོད་པར་གྲག།དེ་ཡང་ཨངྒ་དང་།མ་ག་དྷ་དང།ཀོ་ས་ལ།ཀཱ་ཤི་ཀ་དང་།པྲི་ཛི་དང་།མ་ལ་དང་།པུཎྚ་དང་།སྲེག་པ་དང་།ཀ་མ་དང་།ཨ་བིནྟི་དང་།ཀུ་རུ་དང་།ལྔ་ལེན་དང་།བཏྶ་དང་།དཔལ་སྡེ་དང་།ཡ་བ་ན་དང་།ཀམྦོ་བཅས་ཀྱི་རྒྱལ་པོ་བཅུ་དྲུག་ཡོད་པས་མི་བདག་གིས་གྲངས་ཀ་བཅུ་དྲུག་མཚོན་པ་ཡིན།༼འགོས་པདྨ་རྒྱལ་མཚན་གྱིས།ལེགས་པའི་སྦྱིན་སྲེག་དང་།སྐྱོང་པ་དང་།ཞི་བ་དང་།དཔལ་དགའ་བྱེད་དང་།སྐལ་ལྡན་ཤིང་རྟ་དང་།དི་ལཱིཔ་དང་།བདག་གི་བྱེད་པོ་དང་།གང་བགྲོད་དང་།ཆུ་ཀླུང་རྒྱུན་འབེབས་དང་།རི་བོང་ཐིགས་པ་དང་།བགྲོད་པ་དང་།ཆུ་ཀླུང་ལྷ་དང་།འཚོ་བ་དང་།འཕེལ་བ་དང་།དགྲ་སྟ་དགའ་བྱེད་དང་།བགྲོད་རྒྱལ་བཅས་བཅུ་དྲུག་རྒྱ་དཔེ་དང་བཅས་བགྲངས་གནང་འདུག།༽
ཉེས་སྐྱོན་ཁམས་རྣམས་བཅོ་བརྒྱད་དོ།།

ཉེས་པ།
ལུས་ལ་མི་སྡུག་པའི་ཉེས་པ་བཅོ་བརྒྱད་ཡོད་པ་སྟེ།དེ་དག་ནི་སྐྲ་བྱིལ་བ་དང་།དཔྲལ་བ་ཆུང་བ་དང་།མདོག་སེར་སྐྱ་དང།མིག་སེར་བ་དང་།སྨིན་མཚམས་མ་སྦྱར་བ་དང་།སྣ་ལེབ་པ་དང་།སོ་ལྟོ་བ་དང་།དིག་པ་དང་།མིག་ཟླུམ་པ་དང་།མིག་ཆུང་བ་དང་།སྤུ་ཅན་དང་།ཕྱི་ནང་དུ་སྒུར་བ་དང་།ལྟོ་བ་ཆེ་བ་དང་།དཔུང་པ་རྗེ་ངར་ཐུང་བ་དང་།ལག་པ་རྐང་པ་མི་མཉམ་པ་དང་།ཚིག་སྦོམ་པ་དང་།ཁ་དང་ལུས་ནས་དྲི་ངན་པ་བྱུང་བ་བཅས་ལ་ལུས་ཀྱི་ཉེས་པ་བཅོ་བརྒྱད་ཟེར་བས་ཉེས་པས་གྲངས་ཀ་བཅོ་བརྒྱད་མཚོན་པ་ཡིན།

སྐྱོན།
གོང་དུ་བཤད་པ་ལྟར་ལུས་ལ་མི་སྡུག་པ་སྐྱོན་བཅོ་བརྒྱད་ཡོད་པ་སྟེ།དེ་དག་ནི་སྐྲ་བྱིལ་བ་དང་།དཔྲལ་བ་ཆུང་བ་དང་།མདོག་སེར་སྐྱ་དང།མིག་སེར་བ་དང་།སྨིན་མཚམས་མ་སྦྱར་བ་དང་།སྣ་ལེབ་པ་དང་།སོ་ལྟོ་བ་དང་།དིག་པ་དང་།མིག་ཟླུམ་པ་དང་།མིག་ཆུང་བ་དང་།སྤུ་ཅན་དང་།ཕྱི་ནང་དུ་སྒུར་བ་དང་།ལྟོ་བ་ཆེ་བ་དང་།དཔུང་པ་རྗེ་ངར་ཐུང་བ་དང་།ལག་པ་རྐང་པ་མི་མཉམ་པ་དང་།ཚིག་སྦོམ་པ་དང་།ཁ་དང་ལུས་ནས་དྲི་ངན་པ་བྱུང་བ་བཅས་ལུས་ཀྱི་སྐྱོན་བཅོ་བརྒྱད་ཡོད་པས་སྐྱོན་གྱིས་གྲངས་ཀ་བཅོ་བརྒྱད་མཚོན་པ་ཡིན།

ཁམས།
གཟུགས།སྒྲ།དྲི།རོ།རེག་བྱ།ཆོས་ཏེ་དམིགས་པ་ཡུལ་གྱི་ཁམས་དྲུག།མིག་གི་དབང་པོ།རྣ་བའི་དབང་པོ།སྣའི་དབང་པོ།ལྕེའི་དབང་པོ།ལུས་ཀྱི་དབང་པོ།ཡིད་ཀྱིདབང་པོ་སྟེ་རྟེན་དབང་པོའི་ཁམས་དྲུག།མིག་གི་རྣམ་ཤེས་དང༌།རྣ་བའི་རྣམ་ཤེས།སྣའི་རྣམ་ཤེས།ལྕེའི་རྣམ་ཤེས།ལུས་ཀྱི་རྣམ་ཤེས།ཡིད་ཀྱི་རྣམ་ཤེས་སྟེ་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་བཅས་བཅོ་བརྒྱད་ཡོད་པས་ཁམས་ཀྱིས་གྲངས་ཀ་བཅོ་བརྒྱད་མཚོན་པ་ཡིན།
རྒྱལ་བ་ཡུལ་ནི་ཉེར་བཞི་འོ།།

རྒྱལ་བ།
རྒྱལ་བ་ནི་སངས་རྒྱས་ཀྱི་མིང་ཡིན་ལ།ལང་ཀར་གཤེགས་པ་ལས་སངས་རྒྱས་ཉེར་བཞི་ནི་མར་མེ་མཛད།ཐབ་ལྡན་མའི་སྲས།བཀྲ་ཤིས།ལེགས་ཐུགས།ནམ་གྲུ།མཛེས་པ།གྱ་ནོམ་གཟིགས།པདྨ།མིས་བྱིན།པདྨའི་བླ་མ།ལེགས་པའི་བློ་གྲོས།ལེགས་སྐྱེས།མཛེས་གཟིགས།དོན་གཟིགས།ཆོས་གཟིགས།དོན་གྲུབ།རྒྱལ།རྒྱས།རྣམ་གཟིགས།གཙུག་ཕུད་ཅན།སྣ་ཚོགས་འབྱུང་།འཁོར་བ་འཇིག།གསེར་ཐུབ།འོད་སྲུང་བཅས་ཉེར་བཞི་ཡོད་པས་རྒྱལ་བས་གྲངས་ཀ་ཉེར་བཞི་མཚོན་པ་ཡིན།

ཡུལ།
བདེ་མཆོག་གི་གནས་ལ་ཡུལ་ཉེར་བཞི་ཞེས་བརྩི་སྲོལ་ཡོད་པ་ནི།པུ་ལི་ར་མ་ལ་ཡ།ཛ་ལནྡྷ་ར།ཨཽ་ཌི་ཡ་ན།ཨར་བུ་ཏ།གཽ་ད་བ་རི།ར་མེ་ཤྭ་རི།དེ་ཝི་ཀོ་ཊི།མ་ལ་ཝ།ཀ་མ་རུ་པ།ཨོ་ཊི།ཊི་ཤ་ཀུ་ནེ།ཀོ་ས་ལ།ཀ་ལིང་ཀ།ལམ་པ་ཀ།ཧི་མ་ལ་ཡ།པྲེ་ཏ་པུ་རི།གྲི་ཧ་དེ་ཝ་ཏ།སཽ་རཥྚ།སུ་ཝར་ན་དི་བ།ན་ག་ར།སིན་དུ།མ་རུ།ཀུ་ལུ་ཏ་བཅས་ལ་ཡུལ་ཉེར་བཞིར་འབོད་པས་ཡུལ་གྱིས་གྲངས་ཀ་ཉེར་བཞི་མཚོན་པ་ཡིན།
དེ་ཉིད་ཉི་ཤ་རྩ་ལྔ་སྟེ།།

དེ་ཉིད།
ཕྱི་རོལ་པས་འདོད་པའི་རང་བཞིན་ཉེར་བཞི་དང་།སྐྱེས་བུ་བཅས་ཉེར་ལྔ།དེ་ཡང་རྣ་བ་དང་།སྣ་དང་།པགས་པ་དང་།མིག་དང་།ལྕེ་དང་།ལག་པ་དང་།རྐང་པ་དང་།འཕོངས་དང་།འདོམས་དང་།ངག་དང་།ཡིད་བཅས་དབང་པོ་བཅུ་གཅིག་དང་།སྒྲ་དང་།རེག་དང་།གཟུགས་དང་།རོ་དང་།དྲི་བཅས་ཡུལ་དེ་ཙམ་ལྔ་དང་།ནམ་མཁའ་དང་།ས་དང་།ཆུ་དང་།མེ་དང་།རླུང་སྟེ་འབྱུང་བ་ལྔ་དང་།གཙོ་བོ་དང་།ཆེན་པོ་དང་།ང་རྒྱལ་དང་།སྐྱེས་བུ་སྟེ་ཉེར་ལྔ་ལ་དེ་ཉིད་ཉེར་ལྔ་ཟེར་བས་དེ་ཉིད་ཀྱིས་གྲངས་ཀ་ཉེར་ལྔ་མཚོན་པ་ཡིན།
སྐར་མ་འཁོར་ལོ་ཉེར་བདུན་མིང་།།

སྐར་མ།
སྐར་མའི་ལོངས་སྤྱོད་མཉམ་པའི་སྒོ་ནས་བྱི་བཞིན་དང་གྲོ་བཞིན་གཅིག་ཏུ་བརྩིས་པའི་རྒྱུ་སྐར་ཉེར་བདུན་ཏེ།སྨིན་དྲུག།སྣར་མ།མགོ།ལག།ནབས་སོ།རྒྱལ།སྐག།མཆུ།གྲེ།དབོ།མེ་བཞི།ནག་པ།ས་རི།ས་ག།ལྷ་མཚམས།སྣྲོན།སྣུབས།ཆུ་སྟོད།ཆུ་སྨད།༼གྲོ་བཞིན་བྱི་བཞིན།༽མོན་གྲེ།མོན་གྲུ།ཁྲུམས་སྟོད།ཁྲུམས་སྨད།ནམ་གྲུ།ཐ་སྐར།
བྲ་ཉེ་བཅས་ལ་རྒྱུ་སྐར་ཉེར་བདུན་ཟེར་བས་སྐར་མས་གྲངས་ཀ་ཉེར་བདུན་མཚོན་པ་ཡིན།

འཁོར་ལོ།
སྐར་རྩིས་ལུགས་ཀྱི་གཟའ་སྐར་སྦྱོར་བའི་འཁོར་ལོ་ཉེར་བདུན་ཏེ་སེལ་བ་དང༌།མཛའ་བོ།ཚེ་དང་ལྡན་པ།སྐལ་བཟང༌།བཟང་པོ།ཤིན་ཏུ་སྐྲངས་པ།ལས་བཟང༌།འཛིན་པ།ཟུག་རྔུ།སྐྲངས་པ།འཕེལ་བ།ངེས་པ།ཀུན་འཇོམས།དགའ་བ།རྡོ་རྗེ།དངོས་གྲུབ།ཤིན་ཏུ་ལྟུང་བ།མཆོག་ཅན།ཡོངས་འཇོམས།ཞི་བ།གྲུབ་པ།བསྒྲུབ་བྱ།དགེ་བ།
དཀར་པོ།ཚངས་པ།དབང་པོ།འཁོན་འཛིན་བཅས་རྩ་བདུན་དང་།རྒྱུ་སྐར་ལོངས་སྤྱོད་མཚུངས་པའི་འཁོར་ལོ་ཉེར་བདུན་ཡང་ཟེར་སྲོལ་ཡོད་པས་འཁོར་ལོས་གྲངས་ཀ་ཉེར་བདུན་མཚོན་པ་ཡིན།
སོ་དང་གཉིས་སྐྱེས་སུམ་ཅུ་གཉིས།།

སོ།
སྤྱིའི་ཆ་ནས་མི་ལ་སོ་སུམ་ཅུ་རྩ་གཉིས་ཡོད་པ་འགྲམ་སོ་བཅུ་དྲུག།མཆེ་བ་བཞི།མཚུལ་རྒྱབ་བཞི།མཚུལ་སོ་བཞི།མདུན་སོ་བཞི་བཅས་སུམ་ཅུ་རྩ་གཉིས་ཡོད་པས་སོས་གྲངས་ཀ་སུམ་ཅུ་རྩ་གཉིས་མཚོན་པ་ཡིན།

གཉིས་སྐྱེས།
གཉིས་སྐྱེས་ནི་སོའི་མིང་གི་མངོན་བརྗོད་ཡིན་པས་གོང་དུ་བཤད་པ་ལྟར།སྤྱིའི་ཆ་ནས་མི་ལ་སོ་སུམ་ཅུ་རྩ་གཉིས་ཡོད་པ་འགྲམ་སོ་བཅུ་དྲུག།མཆེ་བ་བཞི།མཚུལ་རྒྱབ་བཞི།མཚུལ་སོ་བཞི།མདུན་སོ་བཞི་བཅས་སུམ་ཅུ་རྩ་གཉིས་ཡོད་པས་གཉིས་སྐྱེས་ཀྱིས་གྲངས་ཀ་སུམ་ཅུ་རྩ་གཉིས་མཚོན་པ་ཡིན།
སྟོང་པ་ནམ་མཁའ་ཐིག་ལེ་སྟེ།།
གྲངས་ཀྱི་མིང་གི་རྣམ་གྲངས་སོ།།

སྟོང་པ།
དཀྱིལ་ལ་སྟོང་པ་ཡིན་པས་སྟོང་པས་ཐིག་ལེ་མཚོན་པ་ཡིན།ནམ་མཁའ།བར་དུ་ནམ་མཁའ་ལྟ་བུའི་སྟོང་པ་ཡིན་པས་ནམ་མཁས་ཐིག་ལེ་མཚོན་པ་ཡིན།

འདིར་འཁྲུལ་གཞི་ཅན་གྱི་མིང་འགའ་ཞིག་ཟུར་འདོན་བྱས་ན་སྐབས་དོན་སོ་སོར་གོ་བ་ལེན་སྟངས་ཁྱད་པར་ཡོད་པ་ཤེས་པའི་དགེ་མཚན་ཡོད་པར་མཐོང་།དུས་འཁོར་བསྡུས་རྒྱུད་ལས།(གཟའ།༧/༩)གཉིས་ཀ་ལ་འཇུག་པར་བཤད།བསྡུས་རྒྱུད་ཀྱི་དཀའ་འགྲེལ་པདྨ་ཅན་ལས།(གཟའ།༧/༩)གཉིས་ཀ་དང་།(དུས།༣/༤/༦)གསུམ་ཀ་ལ་འཇུག་པར་བཤད།
བུ་སྟོན་གྱིས་མཁས་པ་དགའ་བྱེད་དུ།(གཟའ།༧/༩)གཉིས་ཀ་དང་།(དུས།༤/༦)གཉིས་ཀ་དང་།(ཕྱོགས།༢/༡༠)གཉིས་ཀ་བཅས་ལ་འཇུག་པར་བཤད།
བོ་དོང་གིས་ཡེ་ཤེས་ལེའུའི་འགྲེལ་བ་རུ།(གཟའ།༧/༩)གཉིས་ཀ་དང་།(དུས།༣/༤/༦)གསུམ་ཀ་དང་།(ཕྱོགས།༢/༡༠གཉིས་ཀ་ལ་འཇུག་པར་བཤད།

བློ་གྲོས་ཆོས་སྐྱོང་གིས་ཡེ་ཤེས་ལེའུའི་འགྲེལ་བཤད་དུ།(གཟའ།༧/༩)གཉིས་ཀ་དང་།(དུས།༣/༤/༦)གསུམ་ཀ་དང་།(ཕྱོགས།༢/༡༠)གཉིས་ཀ་བཅས་ལ་

འཇུག་པར་བཤད།
ཞང་ཞུང་ཆོས་དབང་གྲགས་པས་ཡེ་ཤེས་ལེའུའི་ཊིཀྐ་རུ།(གཟའ།༧/༩)གཉིས་ཀ་དང་།(དུས།༣/༤/༦)གསུམ་ཀ་དང་།(ཕྱོགས།༢/༡༠)གཉིས་ཀ་བཅས་ལ་

འཇུག་པར་བཤད།
སྨིན་གླིང་ལོ་ཆེན་གྱིས།(གཟའ།༧/༩)གཉིས་ཀ་དང་།(དུས།༣/༦)གཉིས་ཀ་ལ་འཇུག་པར་བཤད།
སྡེ་སྲིད་ཀྱི་དྲིས་ལན་ལས།(སྲིད་པ།༣/༡༤)གཉིས་ཀ་ལ་འཇུག་པར་བཤད།

བླ་སྨན་མཁྱེན་རབ་ནོར་བུས་གྲངས་ཀྱི་མངོན་བརྗོད་དུ།(སྲིད་པ།༣/༡༤)གཉིས་ཀ་ལ་འཇུག་པར་བཤད།
དེ་དག་གིས་གཟའ་བདུན་ནི།ཉི་ཟླ་དམར་ལྷག་ཕུར་སངས་སྤེན།།རེས་ལ་འཆར་བའི་གཟའ་བདུན་ཡིན།།ཞེས་པ་ལྟར་བདུན་དང་།དགུ་ཡི་སྐབས་སྒྲ་ཅན་དང་མཇུག་རིང་གཉིས་བགྲངས།དུས་གསུམ་ནི།འདས་མ་ད་གསུམ་དང་།དུས་བཞི་ནི།བསྐལ་པ་གཉིས་ལྡན།གསུམ་ལྡན།རྫོགས་ལྡན།རྩོད་ལྡན་བཞི་དང་།དུས་དྲུག་ནི།དགུན།དགུན་སྨད།དཔྱིད།སོས་ཀ།དབྱར།སྟོན་རྣམས་བགྲངས།ཕྱོགས་གཉིས་ནི།དཀར་ཕྱོགས་དང་ནག་ཕྱོགས་ཏེ་ཟླ་བའི་ཕྱོགས་གཉིས་དང་།ཕྱོགས་བཅུ་ནི།ཤར།ལྷོ།ནུབ།བྱང་།ཤར་ལྷོ།ལྷོ་ནུབ།ནུབ་བྱང་།བྱང་ཤར།སྟེང་།འོག་བཅས་བགྲངས།
སྲིད་པ་གསུམ་ནི།ས་འོག།ས་སྟེང་།ས་བླ་གསུམ་དང་།སྲིད་པ་བཅུ་བཞི་ལ་འཆད་ཚུལ་མི་འདྲ་བ་འགའ་ཞིག་ཡོད་ཀྱང་འདིར་གོང་དུ་བཤད་པ་དེ་ལ་ངོས་འཛིན་བྱ་རྒྱུ་ཡིན།འདོད་གཟུགས་ཀྱིས་ཕྱེ་བའི་ལྷ་ལ་བརྒྱད་དང༌།སྐྱེ་གནས་ཀྱིས་དབྱེ་བའི་དུད་འགྲོ་ལ་བཞི།མི་དང་དམྱལ་བ་བཅས་བགྲངས།

དེ་ལྟར་གྲངས་ཀྱི་མངོན་བརྗོད་ཀྱི་རྣམ་གྲངས་འགའ་ཞིག་གོ་བདེའི་ལམ་ནས་ཟུར་འདོན་དང་ཕྱོགས་སྒྲིག་བྱས་པའི་རྣམ་དཀར་གྱི་དགེ་བ་གང་མཆིས་པ་རྣམས་འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ནས་གནའ་དེང་ཟུང་འབྲེལ་གྱི་ཤེས་བྱའི་གནས་ལ་བློ་གྲོས་མཆོག་ཏུ་རྒྱས་པའི་ཆེད་དུ་བསྔོ།

Related Articles