ཚན་རིག་དང་ནང་ཆོས་སྐོར་གྱི་མཐོང་སྣང༌།

འབྲི་སྐལ་བཟང་།

འཇིག་རྟེན་ཆགས་པའི་སྐོར། ང་ཚོ་འཚོ་བཞིན་པའི་འཇིག་རྟེན་གྱི་ཁམས་འདི་ཐོག་མར་གྲུབ་པའི་སྐོར་ལ་ཚན་རིག་པ་རྣམས་ཀྱིས་འགྲེལ་བཤད་བྱེད་པ་དེ་ལ་གདེང་འཁེལ་བ་ཞིག་དང༌། ཐག་ཆོད་པའི་སྒོ་ནས་ལུགས་སྲོལ་གཅིག་གི་སྟེང་དུ་འགྲོ་བ་ཞིག་མེད་ཀྱང་དུས་རབས་སྔོན་མའི་ནང་ཙམ་དུ་ཕལ་ཆེ་བས་འཇིག་རྟེན་གྱི་ཁམས་འདི་ཐོག་མར་ཆགས་པའི་སྐོར་འཆད་སྐབས་གས་འཐོར་ཆེན་པོའམ་གད་སྒྲ་ཆེན་པོའི་རྣམ་གཞག་དེའི་སྟེང་ནས་འགྲེལ་བཤད་བྱེད་ཀྱི་ཡོད།

དེ་ཡང་ཚད་དང་ལྡན་པའི་ལུང་རིགས་ཀྱི་རྒྱབ་བརྟེན་དང༌། རྒྱུ་མཚན་ཡང་དག་གིས་གྲུབ་པ་སོགས་ནི་མིན་ལས་ཆེ། སྔོན་དུས་སུ་འགྲེལ་བྱེད་གཅིག་གིས་བསམ་ཚུལ་ཙམ་ཞིག་འགྲེལ་བ་དང༌། དེ་ལ་དཔྱད་པ་དང་བསམ་གཞིག་མ་བྱས་པར་ལད་ཟློས་ཁོ་ནས་ཕྱི་རབས་རྣམས་ལ་གོ་བརྡ་སྤྲོད་པའི་ཐབས་ལམ་ཞིག་ཏུ་བེད་སྤྱོད་བྱེད་པ་ལྟ་བུ་ཞིག་སྣང༌། འོན་ཀྱང་དེ་ལྟར་རེད་ཅེས་ཐག་ཆོད་པའི་སྒོ་ནས་བཤད་པ་ཞིག་ག་ལ་ཡིན། གང་གི་ཕྱིར་ཞེ་ན། མི་སོ་སོའི་རྣམ་དཔྱོད་དང་བསམ་ཚུལ་མཐའ་ཡས་པ་ཞིག་ཡོད་པས་རྒྱུ་མཚན་གཞན་དང་གཞན་མཐོང་ནས་འགྲེལ་བཤད་བྱེད་པ་ཡང་ཡིན་ཆོག་སྙམ། འཇིག་རྟེན་གྱི་ཁམས་འདི་འགྲེལ་བཤད་བྱེད་སྐབས་ཆེས་ ཡ་མཚན་པ་ཞིག་ནི་གད་སྒྲ་ཆེན་པོ་ཞིག་བྱུང་བའི་དབང་དུ་བཏང་ཡང་དེའི་སྔོན་གྱི་གནས་ཚུལ་ལམ་བརྒྱུད་རིམ་ཞིག་རྒྱུ་མཚན་ཡང་དག་གིས་གྲུབ་བཞིན་དུ་དེའི་སྔོན་གྱི་གནས་ཚུལ་ཚན་རིག་པས་ཁས་ལེན་མི་ཐུབ་ཅེས་པ་འདི་ཡིན། དེ་ཡང་རྒྱུ་འབྲས་ཀྱི་འབྲེལ་བ་དང༌། འགྱུར་བའི་རིམ་པ་ཙམ་ཞིག་གིས་དཔོག་ནུས་པའི་ཁྱད་ཆོས་མང་པོ་ཞིག་ཡོད་པས་དངོས་གནས་བྱེད་ན་རིག་པའི་གཞུང་ལུགས་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པའི་མཁས་དབང་རྣམས་ལྟ་ཅི་རྒྱུ་མཚན་ལ་བློ་ཁ་ཅུང་ཟད་ཕྱོགས་པ་ཙམ་གྱིས་ཀྱང་ཁས་ལེན་ཐུབ་པ་ཞིག་ཡིན། དེའི་སྔོན་གྱི་ ཞིབ་ཅིང་ཕྲ་བའི་ཁྱད་ཆོས་མང་པོ་ཞིག་ཡོད་ངེས་ཀྱང་དེ་དག་ཅུང་ཟད་དཔོག་དཀའ་བས་ད་ལྟའི་སྐབས་སུ་འགྲེལ་མི་ཐུབ་ཅེས་བཤད་ན་དེ་ནི་དངོས་ཡོད་གནས་ཚུལ་གྱི་བདེན་པའི་ འགྲེལ་བཤད་ཅིག་ཡིན། ཚན་རིག་པ་རྣམས་ཀྱིས་རྒྱུ་མཚན་ཕྱོགས་རེ་བ་མཐོང་བ་ལ་བརྟེན་ ནས་ཚོད་དཔག་དང༌། དེ་གཞི་ལ་བཞག་ནས་ཐག་གཅོད་བྱེད་པ། དེ་ཅུང་ཟད་གོམས་པས་གཏན་འབེབས་བྱེད་པ་སོགས་ཀྱི་ཐབས་ལམ་ཞིག་བེད་སྤྱོད་བྱེད་ཀྱི་ཡོད།

དེའི་རྒྱུ་མཚན་གྱིས་ཚན་རིག་པ་རྣམས་ཀྱིས་གཏན་འབེབས་བྱས་པ་ལ་ཡིད་གཏན་འཁེལ་བ་ཞིག་མེད་པར་མངོན། ཚན་རིག་པ་རྣམས་ཀྱིས་བཏན་འབེབས་བྱས་པ་ལ་ཐ་མའི་ཐག་གཅོད་ཞིག་དུས་ནམ་ཡང་ཡོང་མི་སྲིད་ཅེས་ཚན་རིག་པའི་མཁས་དབང་རྣམས་ཀྱིས་སྤོབས་པ་མཐོ་བོའི་སྒོ་ནས་འགྲེལ་བཤད་བྱེད་ཀྱི་ཡོད། དོན་ལ་ཡང་དེ་ལྟར་ཡིན་པ་ནི་སྔར་གྱི་ཚན་རིག་པ་རྣམས་ཀྱིས་གཏན་འབེབས་བྱས་པ་རྣམས་ད་ལྟ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད།དཔེར་ན། གཟའ་སྐར་རིག་པ་བ་རྣམས་ཀྱིས་གཟའ་དང་སྐར་མའི་འཁོར་ཕྱོགས་དང་ཆེ་ཆུང་སོགས་ཀྱི་སྐོར་དང༌། དེ་བཞིན་སྐྱེས་དངོས་རིག་པ་དང༌། འཛམ་གླིང་གི་བྱུང་རབས་སྐོར་ལ་བརྟག་དཔྱད་བྱས་རིམ་བཞིན་འགྱུར་བ་བྱུང་ཡོད་ལ།ཆུང་ས་ནས་བཤད་ན་འཛམ་གླིང་འདིའི་སྟེང་གི་དངོས་པོ་རྣམས་ཕན་ཚུན་འབྲེལ་མཐུད་སོགས་ཀྱི་སྒོ་ནས་བཟོ་སྐྲུན་བྱས་པ་གློག་ཀླད་དང༌། ལག་ཐོག་ཁ་པར། སྒྲ་གཏོང་རླུང་འཕྲིན་དང་གཟུགས་མཐོང་གློག་འཕྲིན་སོགས་ཀྱི་བོངས་ཚོད་དང༌། བྱེད་ལས་ཀྱི་ནུས་ཚད་སོགས་ལ་འགྱུར་བ་མང་པོ་ཞིག་ཕྱིན་ཡོད། གློག་ཀླད་ལྟ་བུ་ལ་མཚོན་ན་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ལྟ་བུ་ལ་བོངས་ཚོད་ཁང་པ་ཙམ་དང་དེའི་ནང་དུ་མི་རྣམས་ཕར་འགྲོ་ཚུར་འགྲོ་བྱས་ནས་བཟོ་བཅོས་དང་ལས་ཀ་བྱེད་ཀྱི་ཡོད།དེ་ཡང་ནུས་ཚད་དམ་ལས་ཀའི་ཁྱབ་ཚད་ནི་ཆུང་ཆུང་ཞིག་ལས་མེད་པ་ནས།ད་ལྟའི་ཆར་མི་གཅིག་གི་ལག་པའི་ནང་དུ་འཁྱེར་ནས་འགྲོ་ཐུབ་ལ་ནུས་ཚད་དམ་ལས་ཀའི་ཁྱབ་ཚད་ནི་ཧ་ཅང་གི་ཆེན་པོ་ཡོད་པའི་བར་འགྱུར་བ་ཕྱིན་ཡོད།

དེ་དག་སྔོན་མའི་དོན་རྣམས་ཐག་གཅོད་དང་བཟོ་སྐྲུན་བྱེད་པོ་རྣམས་ཀྱིས་ལྟ་ཚུལ་ཞིག་དང་མཐོང་ཚོད་ཅིག་ལ་གཏན་འབེབས་བྱས་ཡོད་ཀྱང༌། ཕྱིས་ཀྱི་འཕེལ་རིམ་དེ་དག་བྱུང་བ་ཡིན། དེ་ཡང་དུས་རབས་དང་མི་རབས། ལོ་རབས་སོགས་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་ཡར་ཐོན་དང་འཕེལ་རྒྱས། དངོས་པོ་རྣམས་ལ་དཔྱད་པ་ཞིབ་ཚགས་སུ་འགྲོ་བའི་གོམ་རླབས་ ཆེ་རུ་འགྲོ་བ་ནི་སྔོན་མ་རྣམས་ཀྱིས་ཐག་གཅོད་དང་གཏན་འབེབས་བྱས་པའི་འབྲས་བུ་དེས་བློ་གྲོས་ཀྱི་ཐབས་ལམ་ཞིག་སྦྱིན་པ་མ་ཚད་རང་ཉིད་ལས་དང་པོ་བའི་གནས་སྐབས་ཀྱི་དཔྱད་པ་ལ་འཇུག་མི་དགོས་པར་ལམ་ཕྱེད་ཙམ་ནས་འགོ་བཙུགས་ཏེ་འགྲོ་ཆོག་པའི་རྒྱུ་མཚན་གྱིས་ཡིན། དེ་དག་ལ་གཞིགས་ན་མི་རབས་སྔོན་མ་རྣམས་ཀྱིས་ཡུལ་དེ་ལ་དཔྱད་པ་ཇི་ཙམ་གཏིང་ཟབ་པར་བྱས་པ་དེ་ཙམ་གྱིས་དོན་དེ་ལ་འཇུག་པའི་ཕྱི་རབས་པ་རྣམས་ཀྱི་གོམ་རླབས་ཆེ་རུ་འགྲོ་བ་ཡིན་པས་མ་འོངས་པར་མདུན་སྐྱོད་བྱེད་པོ་རྣམས་ཀྱི་གོམ་རླབས་ཆེ་ཆུང་ནི་ད་ལྟའི་ཐག་གཅོད་དང་གཏན་འབེབས་བཟང་ངན་ལ་ཁྱད་པར་ཆེན་པོ་ཡོད་པ་མཚོན་ཐུབ། མདོར་ན་ཚན་རིག་པ་རྣམས་ཀྱིས་འཇིག་རྟེན་ཆགས་ཚུལ་འཆད་པའི་བརྒྱུད་རིམ་ནང་དང་པོར་འཐོར་ཞིག་ཏུ་ཕྱིན། དེ་ནས་འདུས་པའི་འགོ་བརྩམས་ནས་གོང་བུར་གྱུར། དེ་ཡང་གཅིག་ཙམ་མ་ཡིན་པར་སྟོང་སང་གི་ནམ་མཁའི་དབྱིངས་སུ་ཆེ་ཆུང་དང་དབྱིབས་གཟུགས་མི་འདྲ་བ་བགྲང་བ་ལས་འདས་པ་ཞིག་གྲུབ།

དེ་དག་ཕན་ཚུན་འཐེན་ཤུགས་ཀྱི་ནུས་པ་ཆེ་ཆུང་གིས་རྐྱེན་པས་འགའ་ཞིག་ཆེན་པོར་གྱུར་བ་དང་འགའ་ཞིང་ཆུང་ངུར་ལུས་པ་ནས་འགའ་ཞིག་དམིགས་མེད་དུ་གྱུར་བ་སོགས་ཀྱི་རྣམ་གཞག་མང་པོ་ཞིག་འཆད་དུ་ཡོད། བརྒྱུད་རིམ་དེ་དག་ལས་ཆེས་ཐ་མའི་གནས་སྟངས་ནི་འཇིག་རྟེན་གྱི་ཁམས་འདིར་གཟའ་སྐར་སོགས་སྒྲིག་འཛུགས་དང་ལྡན་པའི་རྣམ་པའི་ཐོག་འཁོར་ཕྱོགས་དང༌། དལ་ལྷོད་མཐོ་དམའ་སོགས་གང་ས་ཅི་ཐད་ནས་ཁོད་སྙོམ་པོ་ཞིག་གི་ཐོག་ཏུ་གནས་པ་འདི་ཡིན། ད་དུང་འཇིག་རྟེན་གྱི་ཁམས་འདི་གཞི་རྒྱ་ཆེ་རུ་འགྲོ་བ་དང༌།གོ་ལ་ཕན་ཚུན་བར་གྱི་རྒྱང་ཐག་དང་དགུ་ཚིགས་སྐྱ་མོ་ཕན་ཚུན་བར་གྱི་རྒྱང་ཐག་སོགས་རིང་དུ་འགྲོ་བ་མ་ཚད་མཐོང་ཡུལ་དུ་ཡོད་པའི་གོ་ལ་འདི་དག་ཀྱང་བོངས་ཚད་ཆེ་རུ་འགྲོ་བཞིན་ཡོད་པར་འཆད།

དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་རྒྱ་བསྐྱེད་འགྲོ་བའི་རྒྱུ་མཚན་འཆད་པའི་སྐབས་སུ་བཤད་ཚུལ་གཅིག་ལ་ཐོག་མར་འཇིག་རྟེན་གྱི་ཁམས་ཆགས་སྐབས་ཀྱི་གས་འཐོར་ཆེན་པོ་དེ་ཤུགས་ཆེ་དྲགས་ནས་དངོས་པོ་རྣམས་ཕྱོགས་སོ་སོར་རྦིད་རྒྱག་བཏང་བའི་ཤུགས་མ་རྫོགས་པའི་རྐྱེན་གྱིས་ཡིན་པར་བཤད་པ་དང༌། ཡང་ཕྱོགས་གཅིག་ནས་བཤད་ན་བར་སྣང་རྒྱ་ཆེ་རུ་ཕྱིན་པའི་རྒྱུ་མཚན་གྱིས་བར་སྣང་དེར་གནས་པའི་དངོས་པོ་རྣམས་བར་ཐག་ཇེ་རིང་དུ་འགྲོ་བ་ཡིན་ཞེས་འཆད་པ་སོགས་འདོད་ཚུལ་མི་འདྲ་བ་འགའ་ཞིག་ཡོད། འཆད་ཚུལ་དེ་དག་ལ་བསམ་གཞིག་བྱས་ནས་བརྟག་ན་ཕལ་ཆེར་ཚན་རིག་པ་རྣམས་ཀྱིས་འཆད་བཞིན་པའི་འཇིག་རྟེན་གྱི་ཁམས་ཆགས་ཚུལ་དང་རྒྱ་བསྐྱེད་ཚུལ་སོགས་ནི་དུད་འགྲོ་སུག་བཞི་འཁྱག་པའི་ཐོག་ཏུ་འགྲོ་བ་བཞིན་གནད་ཐིག་པའི་སྤོ་ས་ཞིག་མ་རེག་པའི་སྣང་ཚུལ་ཞིག་ངང་གིས་འབྱུང་བཞིན་ཡོད། མ་ཚད་འགལ་འདུའི་ཕུང་པོ་ཞིག་ཀྱང་ཕལ་ཆེར་ཡོད་ལས་ཆེ་སྙམ། གང་གི་ཕྱིར་ཞེ་ན་ཐོག་མར་འཐོར་བའི་སྐབས་ཀྱི་ཤུགས་དེས་ཕྱོགས་སོ་སོར་རྦིད་རྒྱག་བཏང་ནས་རིམ་གྱིས་འགྲོ་བ་ཡིན་ན་འཐོར་བའི་སྐད་ཅིག་གཉིས་པ་དེར་ཕྱོགས་སོ་སོར་འགྲོ་བའི་རྡོག་གཟུགས་ཅན་གྱི་དངོས་པོ་ཞིག་ཡོད་དགོས།

དེ་ཡོད་ན་འཐོར་བའི་རྗེས་སུ་རྡུལ་ཕྲན་རྣམས་འདུས་པའི་འགོ་བརྩམས་པ་ནས་བཟུང་རིམ་གྱིས་གོང་བུ་རྣམས་ཆགས་པར་འཆད་པ་དང་ཅུང་ཟད་མཐུན་དཀའ་བར་སྣང༌། གལ་ཏེ་འཐོར་བའི་སྐད་ཅིག་གཉིས་པར་རྡོག་གཟུགས་ཅན་གྱི་དངོས་པོ་དེ་དག་མེད་ན་སོ་སོར་ཕྱོགས་བསྐྱོད་བྱེད་པའི་བྱ་བ་ཡང་འབྱུང་དཀའ། འཐོར་ཟིན་པའི་རྡུལ་ཕྲན་དེ་དག་ཕྱོགས་སོ་སོར་མགྱོགས་ཚད་འོད་དང་མཉམ་པའི་སྒོ་ནས་འགྲོ་ན་སླར་ཡང་འདུས་པའི་གོ་སྐབས་ཤིག་ཡོད་དཀའ་སྙམ། དཔྱད་པ་ནི་རིགས་པ་སྨྲ་བ་རྣམས་ཀྱིས་ཐོག་མར་དོན་དུ་གཉེར་དགོས་པའི་ བྱ་བ་ཞིག་ཡིན་པས་འདིར་དོན་གཉེར་ཅན་རྣམས་ལ་བསམ་ཚུལ་ཙམ་ཞིག་བཀོད་པ་ཡིན། ད་ནི་དཀྱུས་ཀྱི་དོན་འཁྱོག་མེད་བཤད་ན་ཐོག་མར་ཤིན་ཏུ་སྲ་མཁྲེགས་ཅན་གྱི་དངོས་པོ་ཞིག་གས་འཐོར་ཏུ་ཕྱིན་པའི་རྗེས་སུ་དངོས་གཟུགས་ཐམས་ཅད་ཞིག་ནས་བར་སྣང་ཁམས་སུ་རྒྱ་ཁྱབ་ཏུ་གྲམ་པ་དང༌། དེ་ནས་རིམ་གྱིས་རྩ་རྫས་ཡང་རླུང་དང་སྲོག་རླུང་སོགས་གྲུབ་ནས་འདུས་པའི་འགོ་བརྩམས། འགའ་ཞིག་གིས་སྐབས་འདིར་ནམ་མཁའ་ཡང་གསར་དུ་གྲུབ་པར་ འདོད། གང་ལྟར་འཐོར་བའི་རྗེས་སུ་མདུན་བསྐྱོད་ཀྱི་བྱ་བ་གྲུབ་པ་དང་དེ་ནས་འདུས་པའི་བྱ་བ་འགོ་བརྩམས་ཡོད་པར་འཆད། དོན་གྱི་བྱ་བ་དངོས་གྲུབ་མིན་གང་ལྟར་ཡང་བྱ་བ་དེ་གྲུབ་ན་རིམ་པ་དེ་ལྟར་ཡིན་དགོས་པ་ནི་རིགས་པ་དང་མཐུན་པ་ཡིན། མདུན་བསྐྱོད་ཀྱི་མགྱོགས་ཚད་ནི་ཐོག་མར་འོད་ཀྱི་མགྱོགས་ཚད་ལས་ཀྱང་ལྷག་པའི་སྒོ་ནས་འགྲོ་བ་དང༌། དེ་ནས་རིམ་གྱིས་དལ་དུ་འགྲོ་བའི་བྱ་བ་ཡང་བྱུང་ཡོད།

མི་ལོ་ཐེར་འབུམ་ལྔ་ཙམ་ནས་དངོས་གཟུགས་དེ་དག་ཕྱོགས་བསྐྱོད་བྱེད་པའི་མགྱོགས་ཚད་ནི་འོད་ཀྱི་མགྱོགས་ཚད་དང་མཉམ་པ་བྱུང༌། དེ་ནས་རིམ་གྱིས་འོད་ཀྱི་མགྱོགས་ཚད་ལས་དལ་དུ་ཕྱིན་ནས་ད་ལྟའི་གནས་སྟངས་འདིའི་བར་དུ་བྱུང་བར་བཤད། དེ་ཡང་རིམ་དལ་ དུ་འགྲོ་དགོས་པའི་རྒྱུ་མཚན་ཡང་གདོང་ཐུག་བྱེད་པའི་དངོས་པོ་གཞན་གྱི་འགོག་རྐྱེན་མེད་ཀྱང་རང་དང་བགྲོད་ཚུལ་མཐུན་པའི་དངོས་གཟུགས་རྣམས་ཀྱི་འཐེན་ཤུགས་ཀྱིས་ཐོགས་མེད་དུ་འགྲོ་བ་ལ་གེགས་བྱས་པར་འདོད། དེ་ལྟ་བུའི་བརྒྱུད་རིམ་ཁྲོད་གོང་བུ་ཆེན་པོ་རྣམས་ཀྱིས་རང་གི་ཉེ་འགྲམ་གྱི་དངོས་པོ་དེ་དག་དབང་མེད་དུ་རང་གི་ཚོགས་ཕུང་ནང་དུ་འདུས་པར་བྱས་ནས་རང་ཉིད་ཀྱི་ནུས་པ་ཚད་མཐོར་སྤེལ་བའི་ཆ་རྐྱེན་དུ་སྤྱོད་བཞིན་པ་དང༌། གནས་ཚུལ་དེ་དག་གིས་རྐྱེན་པས་སྟོང་སང་གི་མཁའ་དབྱིངས་སུ་གོ་ལ་རྣམས་ཀྱི་གྲངས་ཚད་ཉུང་དུ་འགྲོ་བ་དང༌། བར་གྱི་སྟོང་ཆ་རྣམས་ཆེ་རུ་འགྲོ་བ་ཞིག་དོན་གྱིས་འཆད་དགོས། རྒྱུ་མཚན་དེ་དག་ལ་བསམ་གཞིག་ཞིབ་མོར་བྱེད་ན་སྔར་གས་འཐོར་ཆེན་པོའི་གནས་སྐབས་ཀྱི་ཤུགས་ཚད་དེས་དངོས་པོ་རྣམས་རྦིད་རྒྱག་བཏང་བའི་ལྟ་ཚུལ་དེ་ལ་བདེན་ཁ་ཞིག་བྱིན་པ་ལྟ་བུར་སྣང༌། འོན་ཀྱང་རིགས་པ་དེ་དང་མཐུན་པའི་ཐ་མའི་གནད་དོན་ཞིག་གཏན་འབེབས་བྱེད་ན་མཐར་དངོས་གཟུགས་དེ་དག་འགུལ་མེད་ངང་གནས་དགོས་པ་ཞིག་ཏུ་འགྱུར་ཏེ། ནུས་ཤུགས་གང་ཞིག་ཉམས་ཆགས་སུ་འགྲོ་བའི་འགོ་བཙུགས་ནས་རིམ་གྱིས་ཉམས་ཆགས་སུ་སོང་ན་མཐར་ནུས་མེད་ཀྱི་ངོ་བོར་གནས་དགོས་པ་ནི་དངོས་པོའི་གཤིས་ལུགས་ཡིན་པས་འགྲོ་བཞིན་པའི་དངོས་པོ་དེ་དག་གི་ནུས་པ་རིམ་གྱིས་ཉམས་ན་མཐར་འགུལ་མེད་ཀྱི་ངོ་བོར་གནས་དགོས་པ་དོན་གྱིས་གྲུབ་བོ།

འགའ་ཞིག་འདི་ལ་ཕྱོགས་བསྐྱོད་ཀྱི་མྱུར་ཚད་ཆུང་དུ་འགྲོ་བ་དང་རྒྱ་བསྐྱེད་ཀྱི་གོམ་རླབས་ཆེ་རུ་འགྲོ་བ་གཉིས་འགལ་འདུ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་པ་ནི་ཅུང་ཟད་མ་བརྟགས་པའི་རྣམ་པ་ཞིག་མཐོང༌། སྤྱིར་བཏང་བསམ་ཚུལ་འདི་ཡུལ་ཀྱི་གནས་སྟངས་ལ་བསམ་བློ་གཏོང་ཤེས་མཁན་གྱི་གང་ཟག་ཅིག་ལ་ཡོང་བ་ལས་ཐམས་ཅད་ཀྱི་བློ་ཡུལ་དུ་ཤར་དཀའ། འོན་ཀྱང་ཞིབ་ཚགས་པོའི་སྒོ་ནས་བསམ་བློ་བཏང་ནས་བཤད་ན་ཤར་དང་ལྷོ་སོ་སོར་འགྲོ་བའི་ལམ་ཁ་གཉིས་ཀྱི་མཐུད་མཚམས་ཟུར་ཚད་དགུ་བཅུ་ཅན་ཞིག་ཡོད་ན་ལམ་སོ་སོར་འགྲོ་བའི་གང་ཟག་གཉིས་པོ་དེ་གོམ་པ་ཇི་ཙམ་གྱིས་ཕྱོགས་སོ་སོར་འགྲོ་བ་དེའི་ཚེ་དེ་གཉིས་ཀྱི་བར་ཐག་ལ་འགྱུར་བ་ག་ཚོད་འགྲོ་བའི་སྐོར་ལ་བསམ་ན་ཕལ་ཆེར་རྟོགས་ནུས།འཇིག་རྟེན་གྱི་ཁམས་འདིར་འཁོར་བསྐྱོད་བྱེད་པའི་གཟའ་དང་རྒྱུ་སྐར་གྱི་སྐོར་སོགས་འཆད་ན་མང་དུ་དོགས་ནས་རེ་ཞིག་དེ་ཙམ་དུ་འདུས་པར་བྱས། འདིའི་སྐབས་སུ་ནང་པ་སངས་རྒྱས་པས་འཇིག་རྟེན་གྱི་ཁམས་ཆགས་ཚུལ་འཆད་པ་དང་མཐུན་པར་ཅུང་ཟད་བཤད་ན། རང་ཅག་རྣམས་ཀྱི་འདྲེན་མཆོག་བླ་ན་མ་མཆིས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་སྟོན་པ་བཀའ་དྲིན་ཅན་དེས་གདུལ་བྱའི་བློ་དང་འཚམ་པ་གང་ལ་གང་འདུལ་གྱི་སྒོ་ནས་རྗེས་སུ་བཟུང་བའི་ཆེད་དུ་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་བཀའ་བསྩལ་ཡོད་པ་རྣམས་ཀྱི་ནང་ནས་འདིར་སྐབས་སུ་བབ་པ་འཇིག་རྟེན་གྱི་ཆགས་ཚུལ་འཆད་པ་དེ་ཡིན། དེ་ཡང་དུས་འཁོར་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ་དང༌། ཆོས་མངོན་པའི་ལུགས་ཀྱི་འཇིག་རྟེན་ཆགས་ཚུལ།གཞན་ཡང་མདོ་དྲན་པ་ཉེར་གཞག་སོགས་ལས་ཀྱང་འཇིག་རྟེན་གྱི་ཆགས་ཚུལ་སྐོར་ལ་བཤད་པ་སོགས་ཤིན་ཏུ་མང་ཡང་སྐར་རྩིས་རིག་པ་བ་རྣམས་ཀྱི་ཁྲོད་དུ་དུས་འཁོར་ལུགས་འདི་འཆད་ཚུལ་དར་ཁྱབ་ཆེ་བ་དང༌། གཞུང་ཆེན་ཁག་ལ་སློབ་གཉེར་གནང་བའི་མཚན་ཉིད་པ་རྣམས་ཀྱི་ཁྲོད་དུ་མངོན་པ་མཛོད་ལུགས་འདི་དར་ཁྱབ་ཆེ་བར་མངོན།

འདིར་མངོན་པ་མཛོད་ལུགས་དང་མཐུན་པར་ཅུང་ཟད་བཤད་ན་དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དོ། །ཞེས་གསུངས་པའི་གཞུང་དོན་ལྟར་ན་འཇིག་རྟེན་གྱི་ཁམས་ཐོག་མར་ཆགས་སྐབས་སྟོང་སང་གི་ནམ་མཁའི་ཁམས་སུ་ཕྲ་རབ་ཀྱི་རྡུལ་ཕྲན་རྣམས་བར་མཚམས་མེད་པར་ཡོངས་སུ་ཁྱབ་ཅིང་དེ་དག་ཕན་ཚུན་འདྲེས་འདུས་བྱས་པ་ལས་རླུང་གི་རྩོམ་གཞིར་གྱུར་བའི་རྡུལ་ཕྲན་རྣམས་ཕྱོགས་སུ་འདྲིལ་ནས་འབྱུང་བ་

རླུང་ཞེས་པ་དེ་གྲུབ། རླུང་གི་དཀྱིལ་འཁོར་དེ་ནི་གཞི་རྒྱ་ཆེ་ཞིང་བར་སྣང་གི་ ཁམས་གང་སར་ཁྱབ་པ་རྔམས་སུ་ཏེ་དངོས་པོ་འདེགས་པའི་ནུས་པའི་ཁྱབ་ཚད་དམ་ཡང་ན་འཐུག་ཚད་ནི་དཔག་ཚད་དུ་མ་ཅན་ཞིག་གྲུབ་པར་འདོད། དེ་ཡང་མཛོད་འགྲེལ་མངོན་པའི་ རྒྱན་དགའ་ཤར་དཔེ་མཛོད་ཁང་གིས་དཔར་དུ་བསྐྲུན་པའི་དེབ་གཟུགས་ཤོག་གྲངས་ཉིས་བརྒྱ་བརྒྱད་ཅུའི་ཕྲེང་ཉི་ཤུ་ལས། རྟེན་ནི་སྣོད་ཀྱི་འཇིག་རྟེན་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་ གནས་པར་འདོད་པའི་མངོན་པ་བ་ལྟར་ན་སྣོད་ཀྱི་འོག་དག་གི་གཞིར་གྱུར་པའི་རླུང་གི་ དཀྱིལ་འཁོར་གྱི་རྔམས་ཏེ་སྟེང་འོག་ཏུ་ནི་དཔག་ཚད་ས་ཡ་དྲུག་འབུམ་ཡོད་ལ། རྒྱར་གྲངས་ མེད་པ་དང་ལྡན་པ་སེམས་ཅན་སྤྱིའི་ལས་ཀྱི་སྟོབས་ཀྱིས་འཆགས་སོ།

ཞེས་རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དྲུག་འབུམ་ཡོད་པར་བཤད་པ་དེང་སང་གི་ཚད་ལྟར་ན་ཕལ་ཆེར་ཀི་ལོ་མིས་ཊར་ས་ཡ་བཅུ་གཉིས་དང་འབུམ་བརྒྱད་ཙམ་ཞིག་ཡོད་པར་བཞག་ཆོག་སྙམ། གང་ཡིན་ཞེ་ན་སྔ་རབས་ཀྱི་མི་རྣམས་ཀྱི་ལུས་སྟོབས་ད་ལྟའི་མི་རྣམས་ལས་ལྷག་པ་ཡོད་པའི་བཤད་བགྲོས་མང་པོ་ཡོད་པས་ད་ལྟ་ལས་ཀྱང་ཆེ་བ་ཡོད་ཤས་ཆེ་བ་དང༌། མ་ཚད་གྲངས་ཀ་བགྲང་བདེ་བའི་ཆེད་དུ་བརྩིས་ན་མིའི་ལུས་ཀྱི་ཚད་གཞི་མིས་ཊར་གཉིས་ཡོད་པའི་དབང་དུ་གཏོང་ཡང་མི་ཆོག་པ་མེད་སྙམ། དེ་ལྟར་ན་རང་གི་ལུས་ཀྱི་ཚད་གང་ཡོད་པ་དེ་ལྟ་བུ་ཞིག་འདོམས་ཀྱི་ཚད་དུ་འདོད་པ་ནི་མི་ཐུང་ལག་རིང་དང་མི་རིང་ལག་ཐུང་ལྟ་བུ་འགའ་ཞིག་དམིགས་བསལ་ཡིན་པ་ལས་སྤྱིའི་འགྲོ་སྟངས་དེ་ལྟར་ཡིན། དེ་ཡང་གནའ་མིའི་དཔེ་ལ། རང་ལུས་འདོམས་གང་ཁྲུ་བཞི་འདི། །གང་དུ་ཕྱིན་ཀྱང་རང་དབང་ཡིན། །ཞེས་རང་གི་ལུས་འདོམས་གང་ངམ་ཡང་ན་ཁྲུ་བཞི་ཡོད་པའི་བཤད་སྲོལ་ཡོད།དེས་ན་འདོམས་ཞེས་སྤྱི་འགྲོས་ཀྱི་བཤད་སྟངས་ཤིག་གི་སྟེང་དུ་འགྲོ་དགོས་པ་ལས་འདོམས་ལ་རིང་ཐུང་གི་ཁྱད་པར་ཡོད་པས་ཞིབ་ཚགས་པོའི་ཚད་གཞི་ཞིག་གཏན་འབེབས་བྱེད་མི་ཐུབ་ཀྱང་རོབ་རྩིས་བྱེད་ན་རྒྱང་གྲགས་གཅིག་ལ་ཀི་ལོ་མིས་ཊར་གཅིག་བརྩིས་ན་ཆོག་སྙམ།དེ་ཡང་མངོན་པ་མཛོད་ལུགས་ལ་ཡིན་གྱི་དུས་འཁོར་ལུགས་ལྟར་ན་རྒྱང་གྲགས་གཅིག་ལ་ཀི་ལོ་མིས་ཊར་བཞི་འཇོག་དགོས་པར་སྣང༌། དེ་གཉིས་ཀྱི་ཁྱད་པར་ནི་མཛོད་ལུགས་ལྟར་ན་འདོམས་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་དང༌། དུས་འཁོར་ལུགས་ལྟར་ན་འདོམས་ཉིས་སྟོང་ལ་རྒྱང་གྲགས་གཅིག་གི་ཚད་བྱེད་ཀྱི་ཡོད།

དེའི་རིམ་པ་ནི་མཛོད་ལུགས་ལ་འདོམས་ལྔ་བརྒྱ་ལ་རྒྱང་གྲགས་གཅིག། དེ་བརྒྱད་ལ་དཔག་ཚད་གཅིག་བཤད་པས་དཔག་ཚད་རེ་ལ་ཀི་ལོ་མིས་ཊར་བརྒྱད་ཡོད་པར་འཇོག་དགོས། དུས་འཁོར་ལུགས་ལ་གཞུ་འདོམས་ཉིས་སྟོང་ལ་རྒྱང་གྲགས་གཅིག་དེ་བཞི་ལ་དཔག་ཚད་གཅིག་ཡིན་པར་བཤད་པས་དཔག་ཚད་གཅིག་ལ་ཀི་ལོ་མིས་ཊར་བཅུ་དྲུག་ཡོད་པར་འཇོག་དགོས། དེ་འདྲ་བའི་རླུང་གི་དཀྱིལ་འཁོར་དེའི་རྔམས་ཀྱི་ཚད་གཞི་དེ་འཇིག་རྟེན་ཁམས་ཀྱི་རྒྱ་ཁྱོན་ལ་བསམ་ན་ཆུང་ཆུང་ཞིག་ཡིན་པར་མཐོང་ཡང་དེ་ལྟ་བུ་ཡོད་པར་བཤད་པ་ལས་དེ་ལས་ལྷག་པ་མེད་ཅེས་མ་བཤད་པ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་སྙམ། སྐབས་དེ་དུས་ཀྱི་མིའི་བསམ་བློའི་གནས་ཚད་དང་ཧ་ཅང་གི་མི་འཚམ་པ་ཞིག་བཤད་ན་དོན་མེད་དུ་འགྱུར་བ་ལས་དགོས་པ་ཆེར་མི་འགྲུབ་པ་ཡིན། འོ་ན་རྒྱར་ གྲངས་མེད་བཤད་པ་ཇི་ལྟར་འཐད་ཅེ་ན་ གྲངས་མེད་ཅེས་པ་བགྲང་གིས་མི་ལང་བ་ལ་དེ་ལྟར་བཤད་པ་ཡོད་ཆོག་ཀྱང་གྲངས་གནས་ཤིག་གི་མིང་དུ་གྲངས་མེད་ཅེས་བཏགས་པ་ཡང་ཡོད་པས་འདི་ལ་དཔྱད་རྒྱུ་སྣང༌། རླུང་དེ་ཡང་ས་ལ་སོགས་པའི་རྡུལ་རྫས་བརྒྱད་འདུས་ཀྱི་དངོས་པོ་སྲ་ཞིང་མཁྲེགས་པའི་རང་བཞིན་ཅན་ཞིག་ཡིན་པ་ནི་མཛོད་འགྲེལ་མངོན་པའི་རྒྱན་ལས། རླུང་དེའི་མིང་ནི་ འཇམ་ པོ་ཞེས་བྱ་བ་དང༌། དབྱིབས་ནི་ཟླུམ་པོའོ། ཁ་དོག་སྣ་ཚོགས་པའམ། ཁ་ཅིག་ནི་སྔོ་སྐྱར་འདོད་ ལ། ཡོན་ཏན་ནི་ཚན་པོ་ཆེ་ཆེན་པོའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་དང༌། ལས་ནི་བརྟེན་ པ་རྣམས་འདེགས་པ་དང༌། ངོ་བོ་ནི་ས་ལ་སོགས་པ་རྫས་བརྒྱད་ཀྱི་རང་བཞིན་ཡིན་ཡང་རླུང་ ཤས་ཆེ་བའི་ཕྱིར་རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ།

ཞེས་གསུངས་པའི་དོན་དང་མཐུན་པ་ཡིན།རླུང་དེ་ཉིད་གཡོ་བ་དང་འགུལ་བའི་སྟོབས་ཀྱིས་རྡུལ་ཕྲན་ལྷག་མ་རྣམས་སྔར་ལས་ཀྱང་འགུལ་སྟོབས་ཆེ་བར་གྱུར་ནས་ཕན་ཚུན་བསྲེ་ སྦྱོར་དྲག་ཏུ་བྱས་པས་སྤྲིན་དང་ཆར་པའི་རྒྱུན་སོགས་རིམ་གྱིས་གྲུབ་ནས་རླུང་རྡུལ་འདུས་ པའི་ཚོགས་དོན་དེ་ལས་ཀྱང་འདུས་རྡུལ་རྣམས་ཀྱི་ཚོགས་ཕུང་གི་གྲུབ་གཟུགས་ཆེ་བར་གྱུར་ ནས་ལུས་ཀྱིས་རེག་པ་ཙམ་མ་ཚད་མིག་གིས་ཀྱང་མཐོང་དུ་ཡོད་པའི་གཟུགས་ཅན་གྱི་དངོས་པོའི་ཁྱད་ཆོས་དང་ལྡན་པའི་ཆུའི་དཀྱིལ་འཁོར་གྲུབ་པ་ཡིན་ཏེ་མཛོད་འགྲེལ་མངོན་པའི་ རྒྱན་ལས། དེ་ལྟ་བུའི་རླུང་དེའི་སྟེང་དུ་ནམ་མཁའ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་ཞེས་བྱ་བ་འཁྲིགས་པ་ལས་ཆར་གྱི་རྒྱུན་ལོ་མང་པོར་བབ་པ་ལས་ཆུའི་དཀྱིལ་འཁོར་འཆགས་ཏེ་དེའི་ ཚད་ནི་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་དག་ནི་ཉི་ཤུ་ཡོད་པའོ། ཞེས་གསུངས་པས་ཆུ་དཀྱིལ་གྲུབ་སྟངས་དང་དེའི་ཚད་གསལ་བར་བསྟན་པ་ཡིན། དེའི་ཚད་ ནི་དེང་དུས་ཀྱི་འཇལ་བྱེད་ལྟར་ན་རྔམས་སུ་ཀི་ལོ་མིས་ཊར་འབུམ་བརྒྱད་ཅུ་གྱ་དགུ་དང་ཁྲི་དྲུག་ཙམ་ཡོད། ཆུ་དེ་ཉིད་རླུང་གིས་བསྐྱོད་པའི་རླབས་ཀྱི་དཀྲུགས་རྐྱེན་གྱིས་བསྐྲུན་པའི་རྒྱ་ མཚོ་དང་ས་ཡི་དཀྱིལ་འཁོར་ཏེ་སྲ་འཐས་ཅན་གྱི་དངོས་པོ་དབང་ཆེན་གསེར་གྱི་ས་གཞི་ཞེས་པ་དེ་གྲུབ་པ་ཡིན། དེ་ཡང་ཐོག་མར་སྤྲིས་མ་ལྟ་བུ་སྲབ་མོ་ཞིག་ཆགས་པ་རིམ་གྱིས་ཇེ་མཐུག་ དང་ཇེ་སྲར་གྱུར་ནས་མཐར་གདོས་ཚད་ཆེ་ཞིང་འབུར་དུ་ལངས་ཐུབ་པ་འདི་ལྟ་བུ་བྱུང༌། དེ་ ཉིད་ཆུ་རླུང་གཉིས་ཀྱིས་བར་མེད་དུ་གཙེས་པས་སྐབས་འགར་འཐོར་བ་དང་ཞིག་པ་གས་པ་སོགས་ཀྱི་ལམ་ཁ་མང་པོ་ཞིག་བརྒྱུད་དེ་ཡར་འབུར་དུ་ཐོན་པ་དང༌། མར་གཤོང་དུ་དིམ་པ་ སོགས་ཀྱི་རྣམས་འགྱུར་མཐའ་ཡས་པའི་རྒྱུད་རིམ་ཁྲོད་རི་དང་མཚོ་སོགས་ཀྱི་རྣམ་པ་ཐོན་ ནས་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་གླིང་བཞི་རི་རབ་ཉི་ཟླ་དང་བཅས་པ་གྲུབ་ཅིང་རྩི་ཤིང་ནགས་ཚལ་སོགས་དང༌། ས་ཆེན་པོ་ལ་གནས་པའི་འགྲོ་བ་རྣམས་ཀྱང་གྲུབ་པ་ ཡིན། དེ་ལྟ་བུའི་གྲུབ་ཚུལ་ནི་འཇིག་རྟེན་གྱི་ཁམས་སྤྱིའི་གྲུབ་སྟངས་ཀྱི་རྣམ་གཞག་བསྟན་པ་ ཡིན་གྱི་ཐམས་ཅད་ཚད་དེའི་ནང་དུ་འདུས་པར་བསྟན་པ་ག་ལ་ཡིན། དེ་ཡང་ཐོག་མར་ འཆཌ་པའི་སྐབས་ཀྱི་གནས་ཚུལ་བཤད་པ་ཡིན་པ་ལས་ག་དུས་ཡིན་ཡང་དེ་ལྟ་བུར་གནས་དགོས་པ་ནི་སུས་ཀྱང་ཁས་མི་ལེན། འགའ་ཞིག་ད་ལྟའི་འཛམ་གླིང་གི་གོ་ལའི་གནས་སྟངས་ ལ་བསམ་ བློ་བཏང་ནས་འཆད་ཚུལ་འདི་དག་ལ་སྐྱོན་བརྗོད་ཁུལ་བྱེད་ཀྱང་དེ་ནི་རྟག་འཛིན་ གྱི་འཆིང་བས་དམ་དུ་བཅིངས་པའི་རང་རྟགས་གསལ་བར་བསྟན་པ་ཡིན།

དུས་ཡུན་ཐུང་ངུ་ཞིག་གི་ལོ་རྒྱུས་ལ་ཕྱིར་མིག་ཅིག་བལྟས་ན་སྐམ་ས་དང་རྒྱ་མཚོ།རི་དང་ཐང༌། གངས་རི་དང་ནགས་རི་སོགས་ལ་འགྱུར་བ་ག་ཚོད་ཕྱིན་པ་མཐོང་ཐུབ། དེ་དག་དཔེ་མཚོན་དུ་བཟུང་ནས་བསམ་གཞིག་བྱེད་ན་དུས་ཡུན་རིང་པོ་དེ་ཙམ་གྱི་ནང་དུ་འགྱུར་མེད་རྟག་པའི་རང་བཞིན་ཞིག་ཡིན་ན་མ་གཏོགས་བསམ་ཡུལ་ལས་འདས་པའི་འགྱུར་བ་ཕྱིན་ཡོད་པ་རྟོགས་ཐུབ། སློབ་དཔོན་དབྱིག་གཉེན་བྱོན་ནས་དུས་ཚོད་དེ་ཙམ་མ་ཕྱིན་ པས་འགྱུར་བ་ཆེན་པོ་དེ་འདྲ་ཇི་ལྟར་འཐད་སྙམ་ན། སློབ་དཔོན་གྱིས་འཇིག་རྟེན་ཆགས་ པའི་སྐབས་ཀྱི་གནས་སྟངས་ནས་བཟུང་སྟེ་འགྲེལ་བཤད་བྱས་པ་ཡིན་གྱི་སློབ་དཔོན་ཕེབས་ པའི་སྐབས་སུ་གནས་སྟངས་འདི་འདྲ་ཞིག་ཡོད་ཅེས་གང་དུ་ཡང་མ་གསུངས་པའི་ཕྱིར།འཇིག་རྟེན་ཐོག་མར་གྲུབ་པའི་སྐབས་སུ་དངོས་པོ་རྣམས་ཀྱི་ནུས་ཚད་དང་གནས་སྟངས་ མཐའ་གཅིག་ཏུ་མ་ངེས་པ་དང༌། དེ་ནས་གཟའ་དང་སྐར་མའི་འཁོར་ཕྱོགས་མ་ངེས་པ་ནས་ རིམ་གྱིས་ངེས་པའི་བར་འགྱུར་བ་ཕྱིན་ཡོད། འདི་འཇིག་རྟེན་ཐོག་མར་ཆགས་པའི་སྐབས་ ནས་བཟུང་སྟེ་འགྲེལ་བཤད་བྱེད་པ་ཞིག་ཡིན་པ་མི་འཐད་དེ། འདིའི་སྐབས་སུ་གླིང་བཞི་ དང་མི་ལ་སོགས་པའི་རྣམ་གཞག་བཤད་པའི་ཕྱིར་སྙམ་ན། དེ་ཙམ་སྒྲུབ་བྱེད་དུ་མི་འགྲོ་སྟེ། བསྐལ་པ་དང་པོའི་མི་ཡི་གནས་ཚུལ་བཤད་ནས་ད་ལྟའི་མི་ཡི་བྱུང་རབས་བཤད་ཀྱང་དེ་ གཉིས་དུས་མཉམ་དུ་གྲུབ་པ་སུས་ཀྱང་བསྒྲུབ་མི་ནུས་པའི་ཕྱིར།

འདིར་ཚན་རིག་པ་རྣམས་ཀྱིས་ཚ་ཚད་རབ་ཏུ་འབར་བའི་སྟོབས་ཀྱིས་གས་ཤིང་ འཐོར་བའི་རྗེས་སུ་འདུས་པའམ་གྲུབ་པའི་འགོ་བརྩམས་ཏེ་འཇིག་རྟེན་གྱི་ཁམས་འདི་གྲུབ་ པར་བཤད་པ་འདི་སྒྲ་ཇི་བཞིན་དུ་ཁས་ལེན་དཀའ་ཡང་དེ་ལྟར་བཤད་པའི་ས་བོན་ཙམ་ཞིག་ནང་པས་བཤད་བཞིན་པའི་བསྐལ་པ་མེ་འཇིག་ཅེས་པ་དེ་ལ་ཐུག་པར་བཤད་ཆོག་སྙམ། བསྐལ་པ་མེ་འཇིག་ཅེས་པ་དེ་བྱུང་སྐབས་ཚ་བའི་སྟོབས་ཚད་རབ་ཏུ་འཕེལ་ནས་མཐར་ འཇིག་རྟེན་གྱི་ཁམས་ཡོངས་རྫོགས་མེ་ལྕེ་གཅིག་ཏུ་གྱུར་ཏེ་ཐམས་ཅད་འཐོར་ཞིག་ཏུ་ཕྱིན། དེ་ནས་བར་གྱི་བསྐལ་པ་དེ་དག་བརྒྱུད་དེ་མཐར་འཆགས་པའི་བསྐལ་པ་འགོ་འཛུགས་དགོས་པ་ཡིན། སྐབས་དེ་དུས་སྔར་འཐོར་བ་དེ་དག་འདུས་པའི་འགོ་བརྩམས་ནས་རིམ་གྱིས་ཆགས་ པར་བཤད་པ་འདི་དག་ཞིབ་པར་བརྟག་ན་མཐུན་པའི་ཆ་ཤས་ཀྱང་དུ་མ་ཞིག་ཡོད་པར་སྣང༌།

 

 

རྩོམ་ཡིག་འདི་ཐེངས་ 2597 བཀླགས་འདུག

 

Related Articles