ཤིང་རྟའི་སྲོལ་འབྱེད་ལ་དཔྱད་པ།

ནགས་ཤོད་སྐལ་རྒྱན།

དམ་པའི་ཆོས་མཛོད་གཞན་གྱིས་གནས་མིན་སྦས་དོན་ཡུམ་མདོས་ཉེར་སྦས་པ། །
མི་ཕམ་མགོན་པོས་ལེཌ་པར་གསལ་ཞེས་ལུང་བསྟན་དབུཌ་དབྱུང་བསྩལ་དང་ལྷན། །

ཉིད་ཀྱི་ཅོད་པཎ་དབུ་ལ་བསྒྲོན་ནས་རྒྱལ་ཚབ་དམ་པར་མངའ་གསོལ་བ། །
དགའ་ལྡན་ལྷ་ཡི་ལྷ་མཆོག་གྱུར་པ་མི་ཕམ་མགོན་ལ་གུས་ཕྱག་འཚལ། །
ཡུམ་དོན་གསལ་མཛད་ཤིང་རྟ་ཆེ་རྣམས་ཀྱིས། །
ཇི་ལྟར་བཀྲལ་དང་མདོ་རྒྱུད་ཚད་མའི་ལུང༌། །

མ་ལྷག་ཆད་པ་གསལ་བྱེད་ཚངས་པའི་ཐིག །མ་འཁྱོག་དྲང་པོའི་བློ་ཡིས་གདབ་པར་བྱ།

དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། བདག་ཅག་གི་སྟོན་པས་ཆོས་ཀྱི་བདུད་རྩི་ཇི་སྙེད་ཅིག་བཀའ་བསྩལ་པ་རྣམས་ཀྱི་ནང་ནས་ཆེས་ཤིན་ཏུ་ཟབ་པ་དང་ལྡན་པ་ནི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པའི་ལམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་སྡེ་རིན་པོ་ཆེ་ཉིད་ཡིན་ལ། འདིའི་དགོངས་པ་འགྲེལ་བའི་བསྟན་བཅོས་ལ་ཡང་དུ་མ་ཞིག་ཡོད་ཀྱང་གཙོ་བོར་གྱུར་པ་ནི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་བཞི་ཞེས་སྔ་མ་རྣམས་ལ་གྲགས་སོ། ཞེས་གསུངས་པ་ལྟར། སྔ་རབས་པ་རྣམས་ཀྱི་འདོད་པ་བཞི་ལས་བརྒྱད་སྟོང་དོན་བསྡུས་དང་གཞུང་འགྲེལ་གནོད་འཇོམས་གཉིས་ལ་རིགས་པས་གནོད་བྱེད་ལེགས་པར་བསྟན་ནས་རིགས་ཚོགས་དྲུག་དང༌། མངོན་རྟོགས་རྒྱན་གཉིས་རང་ལུགས་སུ་བཞེད་ནས་རྗེ་བཙུན་དང་ཀླུ་སྒྲུབ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། ཞེས་བྱ་བར་ཡང་གནས་སོ། ཞེས་མཐའ་དཔྱད་པའི་གྲུབ་དོན་སྡོམ་ཚིག་ཏུ་གསུངས་སོ།

འོན་ཀྱང་ཕྱི་རབས་ཀྱི་མཁས་པའི་ཁྲོད་དུ་རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་ཡིན་མིན་ལས་འཕྲོས་པའི་དགག་སྒྲུབ་ཇི་སྙེད་ཅིག་བྱུང་སྣང་ངོ༌། འདི་ཡི་དོན་ལ་ཅུང་ཟད་དཔྱད་ན། ཤིང་རྟའི་སྲོལ་འབྱེད་ཀྱི་དོན་དང༌། གྲངས་ངེས། དོགས་པ་བསུས་ནས་ལུང་རིགས་ཀྱིས་གཏན་ལ་འབེབ་པའོ། དང་པོ་ནི། མི་ཡི་རྟེན་ཅན་གྱི་འགྲེལ་བྱེད་གཞན་ལ་མ་ལྟོས་པར་བཀའ་ཡི་དགོངས་པ་རང་དབང་དུ་འགྲེལ་བར་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པའི་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན། གཉིས་པ་ནི། མགོན་པོ་ཀླུ་སྒྲུབ་དང༌། རྗེ་བཙུན་བྱམས་མགོན། འཕགས་པ་ཐོཌ་མེད་བཅས་གསུམ་དུ་གྲངས་ངེས་སོ། གསུམ་པ་ནི། ཤིང་རྟའི་སྲོལ་འབྱེད་ལ་རྒྱལ་བ་རང་ཉིད་ཀྱིས་ལུང་བསྟན་པ་ཅིག་དགོས་པས། རྗེ་བཙུན་བྱམས་མགོན་ཤིང་རྟའི་སྲོལ་འབྱེད་བསྟན་པའི་མདོ་རྒྱུད་གང་གི་ལུང་ཚད་ལྡན་མེད་པའི་ཕྱིར། ཤིང་རྟའི་སྲོལ་འབྱེད་དུ་ཇི་ལྟར་རིགས་ཞེ་ན། མདོ་རྒྱུད་གང་གི་ལུང་ཚད་ལྡན་མེད་པར་སྨྲ་བ་མ་གྲུབ་པ་ཁོ་ན་སྟེ། རྒྱ་ཆེར་རོལ་པའི་མདོ་ལས། གྲོགས་པོ་དག་ད་ཁོ་བོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་མི་རྒྱ་བར་འདུག་པ་དེ་ནི་ཁོ་བོས་བྱས་པ་མ་ཤེས་ཤིང་རིགས་པ་མ་ཡིན་པར་འགྱུར་རོ། དེ་དག་དགའ་ལྡན་གྱི་རིས་ཀྱི་ལྷའི་བུ་དེ་དག་ངུ་ཤིང་བྱང་ཆུབ་སེམས་དཔའི་རྐང་པ་གཉིས་ལ་འཇུས་ཏེ་འདི་སྐད་ཅེས་འཛེར་ཏོ། སྐྱེས་བུ་དམ་པ་ཁྱེད་མི་བཞུགས་ན་དགའ་ལྡན་གྱི་གནས་འདི་མཛེས་པར་མི་འགྱུར་རོ། དེ་ནས་བྱང་ཆུབ་སེམས་དཔས་ལྷའི་འཁོར་ཆེན་པོ་དེ་དག་ལ་འདི་སྐད་དུ། བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཁྱེད་ལ་ཆོས་སྟོན་པར་འགྱུར་རོ།

ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔའ་རང་གི་མགོ་ལས་ཐོད་དང་ཅོད་པཎ་ཕོག་སྟེ་བྱང་ཆུབ་སེམས་དཔའ་བྱམས་པའི་མགོ་ལ་བཞག་ནས་འདི་སྐད་དུ། སྐྱེས་བུ་དམ་པ་ཁྱེད་ནི་ངའི་འོག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་འགྱུར་རོ། ཞེས་དེ་སྐད་སྨྲས་ཏེ། དེ་ནས་བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་པ་བྱམས་པ་དགའ་ལྡན་གྱི་གནས་དམ་པར་དབང་བསྐུར་ནས་ཡང་ལྷའི་འཁོར་ཆེན་པོ་དེ་དག་ལ་སྨྲས་པ། གྲོགས་པོ་དག །ཁོ་བོས་ཇི་ལྟ་བུའི་གཟུགས་ཀྱིས་མའི་མངལ་དུ་འགྲོ་བར་བྱ། ཞེས་སོགས་གསུངས་པའི་ཕྱིར། དེ་ལྟ་བུའི་མདོ་ཡིས་དགའ་ལྡན་གྱི་ལྷ་ལ་རྗེ་བཙུན་གྱིས་མ་འོངས་པ་ན་ཆོས་སྟོན་པར་ལུང་བསྟན་པ་ཙམ་ཡིན་གྱིས་སྦས་དོན་ཐོག་མར་གསལ་བར་བཀྲལ་བའི་ཤིང་རྟའི་སྲོལ་འབྱེད་དུ་ལུང་བསྟན་པའི་ཤེས་བྱེད་ཅུང་ཟད་ཀྱང་མི་འགྲོ་བའི་ཕྱིར་མི་འཐད་དོ་ཞེ་ན། ལུང་དོན་བཤད་པར་བྱ་སྟེ། དེ་བཞིན་གཤེགས་པས་བྱང་ཆུབ་སེམས་དཔའ་བྱམས་པ་འདི་ཁྱེད་ལ་ཆོས་སྟོན་པར་འགྱུར་རོ།

ཞེས་གསུངས་པས། ཟབ་རྒྱས་ཀྱི་ཆོས་ཚུལ་གཉིས་ལས་ཡུམ་མདོས་ཉེ་བར་སྦས་པ་རྒྱ་ཆེ་བའི་མངོན་རྟོཌ་ཀྱི་རིམ་པ་ཤིན་ཏུ་རྟོཌ་དཀའ་བ་རྣམས་རྒྱན་དང་སྦྱར་བའི་སྒོ་ནས་མ་འོངས་པ་ན་གསལ་བར་སྟོན་པ་འགྱུར་ཞེས་པ་ཡིན་གྱིས་ཆོས་སྟོན་པ་ཙམ་ལ་ལུང་བསྟན་པར་འདོད་ན་དགོས་པ་ཤིན་ཏུ་ཆུང་བའི་ཕྱིར་རོ།

དེ་ལྟར་ཡང་འཇམ་མགོན་བླ་མའི་ལེགས་བཤད་གསེར་གྱི་ཕྲེང་བ་ལས། མདོ་སྦྱར་བའི་རྒྱུ་མཚན་མེད་པ་ལྟར་སྣང་བ་རྣམས་ནི་དེ་དག་ཏུ་སྦྱར་བའི་རྒྱུ་མཚན་གཉིས་ཡོད་པས་སྦྱར་དུ་རུང་ཏེ། དང་པོ་ནི་རིམ་བཞིནསྦྱར་རིགས་པ་རྣམས་སྦྱར་བ་ན་ལྷག་མ་རྣམས་དེ་དང་སྦྱོར་བར་ཤུགས་ལ་གོ་སྟེ་དེ་ཡང་དངོས་སུ་བརྗོད་པ་ལ་གཙོ་བོ་མ་གྱུར་པའོ། གཉིས་པ་ནི། དེ་བཞིན་གཤེཌ་པས་རྗེ་བཙུན་ལ་དེ་ལྟར་སྦྱར་བའི་ལུང་མངའ་བའི་ཕྱིར་ཡང་ཡིན་ཏེ། རྗེ་བཙུན་རྒྱལ་ཚབ་ཏུ་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་གཞན་གྱིས་བལྟ་བའི་གནས་མིན་པ་ལ་ཕའི་ལུང་གི་དབང་བསྒྱུར་བའི་ཕྱིར་རོ། ཞེས་གསུངས་པས་རྗེ་བཙུན་ལ་མདོ་དང་རྒྱན་སྦྱར་བའི་ལུང་མངའ་བར་གསུངས་པའི་ལུང་ནི་གོང་གི་རྒྱ་ཆེར་རོལ་མདོ་ལས་གཞན་དུ་བསམ་པར་མི་བྱ་སྟེ། རྗེ་བླ་མས་གོང་གི་ལུང་ཚིག་གི་དོན་རྣམས་དེ་བཞིན་གཤེགས་པས་རྗེ་བཙུན་ལ་དེ་ལྟར་སྦྱར་བའི་ལུང་མངའ་བའི་ཕྱིར་ཡང་ཡིན་ཏེ། རྗེ་བཙུན་རྒྱལ་ཚབ་ཏུ་དབང་བསྐུར་བས་དམ་པའི་ཆོས་ཀྱི་མཛོད་གཞན་གྱིས་བལྟ་བའི་གནས་མིན་པ་ལ་ཕའི་ལུང་གི་དབང་བསྒྱུར་བའི་ཕྱིར་རོ། ཞེས་པ་རྒྱ་ཆེར་རོལ་མདོའི་ལུང་ཚིག་གོང་འོག་རྣམས་དོན་སྡོམ་བརྒྱབ་ནས་རྟཌ་གསལ་དུ་དྲིལ་འདུག་པ་རྣམ་དཔྱོད་ཅན་དག་གིས་ལུང་དོན་ལ་བློ་ཁ་ཕྱོགས་ཙམ་གྱིས་ངེས་ཤེས་བདེ་བླག་ཏུ་འདྲོང་ངེས་སོ། དེས་ན་ལུང་འདི་དག་གིས་རྗེ་བཙུན་གྱིས་མདོ་དང་རྒྱན་སྦྱར་བར་དེ་བཞིན་གཤེགས་པས་ལུང་བསྟན་པ་གསུངས་པས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བཀྲལ་བའི་རྗེ་བཙུན་ཤིང་རྟའི་སྲོལ་འབྱེད་ཀྱི་ལུང་བསྟན་བླ་ན་མེད་པ་ཞིག་སྟེ༌། མདོ་དང་རྒྱན་སྦྱར་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བཀྲལ་བ་ན་ཤིང་རྟའི་སྲོལ་ཕྱེ་བ་ལ་བཞག་དགོས་པའི་ཕྱིར་རོ།

དེས་ན་མདོ་རྒྱུད་གང་གི་ལུང་ཚད་ལྡན་ཡོད་མེད་དོགས་པའི་གནས་ཅུང་ཟད་ཙམ་མེད་དོ། གལ་ཏེ་ལུང་འདིས་རྗེ་བཙུན་ཤིང་རྟའི་སྲོལ་འབྱེད་དུ་མི་འགྲུབ་སྟེ། དེར་ཤིང་རྟའི་སྲོལ་འབྱེད་ཅེས་པ་ཚིག་གི་མ་ཟིན་པའི་ཕྱིར་ཞེ་ན། འོ་ན་ལང་གཤེགས་དང་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དེ་དག་གིས་ཀླུ་ཐོགས་གཉིས་ཤིང་རྟའི་སྲོལ་འབྱེད་དུ་མི་གོ་པར་ཐལ། ཤིང་རྟའི་སྲོལ་འབྱེད་ཅེས་པ་ཚིག་གིས་དངོས་སུ་མ་ཟིན་པའི་ཕྱིར་རོ། ཁྱབ་པ་ཁས།རྟགས་ལུང་ཚིག་འབྲུ་འདེད་ཀྱིས་གྲུབ་བོ། འདོད་མི་ནུས་ཏེ། མཁས་པ་ཀུན་ལ་རླུང་ལྟར་གྲགས་པའི་ཕྱིར་རོ། དེས་ན་རྗེ་བཙུན་བྱམས་མགོན་མདོ་དང་རྒྱན་སྦྱར་བ་དེ་བཞིན་གཤེགས་པའི་ལུང་མངའ་བ་དང་དམ་པའི་ཆོས་ཀྱི་མཛོད་དེ་ཡུམ་དོན་ཤིན་ཏུ་རྟོགས་དཀའ་བས་ཤིང་རྟའི་སྲོལ་འབྱེད་ཞིག་གིས་འགྲེལ་བ་ལས། གང་ཟག་གཞན་གྱིས་བལྟ་བའི་གནས་མིན་པ་སྟེ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་དང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གཉིས་ལས། སྔ་མ་ཀླུ་སྒྲུབ་དང་ཕྱི་མ་རྗེ་བཙུན་གྱིས་འགྲེལ་བར་ཕའི་ལུང་གིས་དབང་བསྒྱུར་བ། ཞེས་ལུང་དོན་འགྲེལ་ན་རྗེ་བླ་མའི་དགོངས་པ་བླ་ན་མེད་པ་སྟེ། རྗེ་བཙུན་དང་ཀླུ་སྒྲུ་ཞབས་གཉིས་ཀྱིས་ཤེར་ཕྱིན་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། ཞེས་བྱ་བར་ཡང་གནས་སོ། ཞེས་གསུངས་པའི་དགོངས་པ་ལ་ལེགས་པར་འབྱོར་བའི་ཕྱིར་རོ་སྙམ་མོ། འཇམ་དབྱངས་མི་ཡི་རྣམ་རོལ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་ཀྱང་གསུང་འདི་དག་གིས་རྗེ་བཙུན་ཤིང་རྟའི་སྲོལ་འབྱེད་དུ་བཞེད་པའི་ཕྱིར། ཤིང་རྟའི་སྲོལ་འབྱེད་དུ་ལེགས་པར་གྲུབ་བོ།

གལ་ཏེ་ཁྱོད་ཀྱིས་རྗེ་བཙུན་ཤིང་རྟའི་སྲོལ་འབྱེད་དུ་བསྒྲུབ་ན་དབུ་སེམས་གང་གི་ཤིང་རྟའི་སྲོལ་འབྱེད་ཡིན་སྨྲ་དགོས་ལ། དབུ་མ་པའི་སྲོལ་འབྱེད་ཡིན་ན་མི་རིགས་ཏེ་དེའི་གོང་དུ་ཀླུ་སྒྲུབ་ཀྱིས་བཀྲལ་ཟིན་པ་གང་ཞིག །དེ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པའི་ཕྱིར་ཞེ་ན། འོ་ན་བསྟན་བཅོས་མངོན་རྟོགས་རྒྱན་དེ་དབུ་མ་པའི་ཤེར་ཕྱིན་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་དང་མིན།དང་པོ་ལྟར་ན་རིགས་ཚོགས་དྲུག་དང་མངོན་རྟོགས་རྒྱན་གཉིས་ཀ་དབུ་མ་པའི་ཤེར་ཕྱིན་མདོའི་དགོངས་འགྲེལ་དུ་གྱུར་པའི་ཤིང་རྟའི་སྲོལ་འབྱེད་ཀྱི་བསྟན་བཅོས་ཡིན་པར་འདོད་དགོས་ལ། དེ་ཡང་རིགས་པ་མ་ཡིན་ཏེ། ཀླུ་སྒྲུབ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པས་རྗེ་བཙུན་བྱམས་མགོན་མ་ཡིན་པར་བསྒྲུབས་པའི་རིཌ་མཚུངས་ཡོད་པའི་ཕྱིར། དེ་ལ་སྐྱོན་མེད་ལན་ཐེབས་ན། རྗེ་བཙུན་དང་ཀླུ་སྒྲུབ་གཉིས་ཀ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་ལ་མི་འགལ་བ་ཁོ་ནའོ། དེས་ན་ཡུམ་དོན་དབུ་མར་འགྲེལ་བའི་ཚུལ་གཉིས་ཡོད་པས་ཀླུུ་སྒྲུབ་ཀྱིས་ཟབ་མོའི་ལམ་རིམ་དང་རྗེ་བཙུན་གྱིས་རྒྱ་ཆེ་བའི་ལམ་རིམ་དབུ་མ་པའི་ཚུལ་དུ་འགྲེལ་བས་འགྲེལ་ཚུལ་གཉིས་སུ་བྱུང་ངོ༌། ཞེ་བྱ་བ་ཡང་གནས་སོ། ཞེས་གསལ་བར་གསུངས་པས་གཉིས་ཀ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དུ་གྲུབ་བོ།

འོན་ཀྱང་རྗེ་བཙུན་གྱིས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་གནས་གང་ཞིག་ཏུ་གསལ་བར་བཀྲལ་མིན་མཁས་པ་རྣམས་བརྩོད་པའི་གནས་སུ་འདུག་པས་དེ་ལ་དཔྱད་པ་བྱ་བ་འདི་ཡོད་དེ། རྗེ་བཙུན་གྱིས་བསྟན་བཅོས་མངོན་རྟོགས་རྒྱན་ཐོག་མར་དགའ་ལྡན་དུ་བརྩམས་པའི་དུས་དེ་སྦས་དོན་མངོན་རྟོཌ་ཀྱི་རིམ་པ་གསལ་བར་བཀྲལ་བའི་དུས་དེ་ཡིན་ནམ་མིན། མིན་ན་ངོས་བཟུང་མེད་པའི་དུས་ཤིག་ཁས་ལེན་དགོས་པ་འགྱུར་རོ། དང་པོ་ལྟར་ན་བསྟན་བཅོས་ཐོག་མར་གསུང་དུས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསལ་བར་བཀྲལ་བས་དགའ་ལྡན་དུ་སྲོལ་ཕྱེ་བ་འགྱུར་ལ། དེ་ཡང་རིགས་པ་མ་ཡིན་ཏེ་དེ་ན་ལུགས་སྲོལ་བཟང་པོ་མ་ཉམས་པར་ཡོད་པའི་ཕྱིར་ཞེ་ན། འོ་ན་བསྟན་བཅོས་མངོན་རྟོགས་རྒྱན་དགའ་ལྡན་དུ་ཐོག་མར་གསུང་པ་མ་ཡིན་པར་ཐལ། དེ་ན་མདོ་དོན་བདེ་བླག་ཏུ་མ་རྟོགས་པ་རྟོགས་པར་བྱར་མེད་པའི་ཕྱིར། ཁྱབ་པ་ཁས་བླངས་ལ་སོང་སྟེ། བསྟན་བཅོས་མངོན་རྟོཌ་རྒྱན་གནས་དེར་གསུངས་ན་མདོ་དོན་བདེ་བླག་ཏུ་རྟོཌ་ཕྱིར་གསུངས་དགོས་པའི་ཕྱིར་ཏེ། དེ་མདོ་དོན་བདེ་བླག་ཏུ་རྟོགས་ཕྱིར་བརྩམས་པའི་ཕྱིར། དེ་ལ་ཁྱབ་པ་མེད་དེ།དགའ་ལྡན་དུ་གསུངས་ཀྱང་དགའ་ལྡན་གྱི་ཆེད་དུ་གསུངས་པ་མིན་པས་ཉེས་པ་མེད་དོ་ཞེ་ན། འོ་ན་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་དགའ་ལྡན་དུ་ཐོག་མར་གསལ་བར་བཀྲལ་ཀྱང་དགའ་ལྡན་གྱི་ཆེད་དུ་མིན་པར་འདོད་རིགས་པར་ཐལ། དེ་ཕྱི་རབས་ཀྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་བཀྲལ་བའི་ཕྱིར་ཏེ། ཐོཌ་མེད་ཀྱིས་འཛམ་བུ་གླིང་གི་གདུལ་བྱ་རྣམས་ཀྱི་ཆེད་དུ་རྗེ་བཙུན་བསྒྲུབས་པ་གང་ཞིག་དགའ་ལྡན་དུ་མངོན་རྟོཌ་རྒྱན་སོགས་བྱམས་ཆོས་གསན་པའང་དེའི་དོན་དང་འཛམ་བུ་གླིང་དུ་ཕེབས་ནས་ཀྱང་དེ་རྣམས་ལ་དམ་པའི་ཆོས་ཀྱི་སྐྱེས་ཀྱང་གནང་བའི་ཕྱིར། དེས་ན་དོན་གྱིས་འཛམ་བུ་གླིང་དུ་གསལ་བ་བཀྲལ་བ་མ་ཡིན་ནམ། འཛམ་བུ་གླིང་དུ་སྲོལ་ཕྱེ་བར་འདོད་ན། ཐོགས་མེད་ཀྱིས་དམ་པའི་ཆོས་ཀྱི་སྐྱེས་གནང་བའི་སྐབས་སུ་ཕྱེ་བ་ཡིན་ནམ། ཐོག་མར་དགའ་ལྡན་དུ་གསུངས་པའི་དུས་སུ་བཀྲལ་བ་གང་ཡིན། ཕྱི་མ་ལྟར་ན་འཛམ་བུ་གླིང་དུ་གྲགས་ཆེན་པོ་མི་འགྱུར་ཏེ་དགའ་ལྡན་དུ་སྦས་དོན་མངོན་རྟོགས་ཀྱི་རིམ་པ་གསུང་སྐབས་དེ་ཐོས་པའི་འཛམ་བུ་གླིང་གི་གདུལ་བྱ་ཡོད་དུ་ཆུག་ཀྱང་ཡོངས་སུ་མ་གྲགས་པ་རྟོགས་སླ་བའི་ཕྱིར། དང་པོ་ལྟར་ཡིན་ན་ཐོགས་མེད་ཀྱིས་དམ་པའི་ཆོས་ཀྱི་སྐྱེས་ཀྱང་གནང་ཞེས་པ་བྱམས་ཆོས་ལྷ་ཡི་སྐད་ནས་མིའི་སྐད་ལ་བསྒྱུར་བའི་དོན་ཡིན་ནམ་མན་ངག་གི་བརྒྱུད་པ་ངག་ཐོག་ནས་གཞན་ལ་འཆད་པ་གང་ལ་བྱེད། ཡང་ན་བཀའ་སྡུད་པ་པོ་རྣམས་ཀྱིས་བཀའ་གླེཌ་བམ་གཟུགས་སུ་བཀོད་པ་ལྟར་བྱམས་ཆོས་གླེཌ་བམ་གཟུགས་སུ་བཀོད་ནས་གནང་བའི་དོན་གང་ཡིན། ཇི་ལྟར་ཡང་གསུམ་པོ་གང་དུ་འདོད་ཀྱང་འཛམ་བུ་གླིང་དུ་ཐོག་མར་གསལ་བར་བཀྲལ་བའི་དོན་བཤད་དུ་མེད་པའི་ཕྱིར་སྙམ་མོ། དེས་ན་ཁོ་བོས་ནི་ཐོག་མར་ལྷའི་འཁོར་ཆེན་པོ་དང་ལྡན་པའི་གནས་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་རྗེ་བཙུན་བྱམས་མགོན་གྱིས་བསྟན་བཅོས་མངོན་རྟོགས་རྒྱན་གསུངས་ནས་སྦས་དོན་མངོན་རྟོཌ་ཀྱི་རིམ་པ་གསལ་བར་བཀྲལ་བ་འདོད་པ་ཁོ་ནའོ། དུས་དེར་ཐོགས་མེད་ཀྱིས་མན་ངག་ལེགས་པར་ཉམས་སུ་མྱོང་བར་བྱས་ནས་རིམ་པས་འཛམ་བུ་གླིང་དུ་གྲགས་ཆེན་པོ་བྱུང་བ་ཡིན་གྱི་གློ་བུར་གྱི་གྲགས་ཚུལ་གཞན་ཞིག་མ་བྱུང་ངོ་སྙམ་མོ། དེ་ལྟ་བུའི་བསྟན་བཅོས་མངོན་རྟོགས་རྒྱན་གྱིས་ཐོག་མར་བཀྲལ་བའི་རྒྱ་ཆེ་བའི་ལམ་གྱི་ལུགས་སྲོལ་དེའང་སྔོན་ནས་ཡོད་པ་མི་འདོད་དེ་གྲགས་ཆེ་བའི་སྲོལ་བཏོད་སུ་ཡང་མ་བྱུང་ངོ༌། སྟོན་པས་ཀྱང་སྦས་དོན་མངོན་རྟོགས་ཀྱི་རིམ་པ་རྣམས་ཡུམ་མདོའི་སྐབས་སུ་སྦས་པའང་གསལ་ཁ་མ་བྱས་པས་ཡིན་གྱིས་གནས་དེར་ཉམས་པའི་དོན་ཡང་མ་ཡིན་ནོ། འདི་ལ་དཔྱད་པ་བྱ་བ་མང་ཡང་ཚིག་ཚོགས་སྐྱུང་པའི་ཕྱིར། རེ་ཞིག་དེ་ཙམ་གྱིས་ཆོག་པར་བྱས་སོ།།

ཅུང་ཟད་རྣོ་བའི་ལུང་རིགས་མཆུ་འཆང་བ།།
ཅུང་ཟད་གནད་ལ་འབིགས་པའི་ལུས་སྟོབས་ལྡན།།
ཅུང་ཟད་གཡོ་བའི་སྐྱེས་སྦྱངས་གཤོག་ཡངས་པ།།
ཅུང་ཟད་ཤེས་བྱའི་མཁའ་ལ་འཕུར་ཐལ་ལོ།།

Related Articles