དད་པའི་མཆོད་སྤྲིན་སྤེལ་བའི་ཟེགས་མ།

ནགས་ཤོད་སྐལ་རྒྱན།

རྗེ་བཙུན་བླ་མ་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པའི་ཞབས་ལ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བརྩེ་བ་ཆེན་པོས་དུས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ལོ། །

འདིར་བདག་ཅག་གི་འདྲེན་མཆོག་དམ་པ་མཚན་བརྗོད་པར་དཀའ་བའི་དྲིན་པོ་ཆེ། གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག་དགོངས་པ་གཞན་དོན་དུ་གཤེགས་ནས་བགྲང་བྱ་གཅིག་འཁོར་བའི་སྐབས་འདིར་ཁོ་བོས་ལོ་སྔོན་མར་བྲིས་པའི་དད་པའི་མཆོད་སྤྲིན་ལ་འབྲུ་འགྲེལ་ཅུང་ཙམ་གྱི་སྒོ་ནས་རྗེས་དྲན་གྱི་རྣམ་དཀར་ལས་ལ་འཇུག་པར་བྱའོ།

བློ༵་གྲོས་བུམ་བཟ༵ང་འཁྱིལ་བའི་བདུད་རྩིའི་བཅུད། །
རྒྱ༵ལ་བསྟ༵ན༵་གང་གཱ་མ་ཡི་ཆུ་གཏེར་ཆེ། །
འཇིག༵ས་བྲ༵ལ་སྤོབས་པ་དགེ་བའི་ཧུབ་གཅིག་གིས། །
འདྲེན་མཛད་དབ༵ང་ཕྱུག༵་མཆོག་ལ་གསོལ་བ་འདེབས། །

ཁྱོད་ཀྱི་བློ་གྲོས་ཀྱི་བུམ་བཟང་ཡངས་པོར་འཁྱིལ་བའི་ཟབ་རྒྱས་ཀྱི་ཆོས་ཚུལ་བདུད་རྩིའི་སྙིང་པོའམ་བཅུད་དུ་གྱུར་པ་དག་ནི། རྒྱལ་བའི་བསྟན་པ་ཆུ་མོ་གང་གཱ་མ་ཡི་ཆུ་གཏེར་ཆེན་པོ་ལས་དྲངས་པ་དང་། དེ་ཡང་འཇིགས་པ་དང་བག་ཚ་གཏན་ནས་མེད་པའམ་བྲལ་བའི་སྒོ་ནས་བློ་གྲོས་སྤོབས་པ་དགེ་བའི་ཧུབ་གཅིག་གིས་འདྲེན་པར་མཛད་པའི་དབང་ཕྱུག་བརྒྱད་དང་ལྡན་པའི་དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས་ཞེས་པའོ། །

སྒྲ་རིག་ལང་ཚོ་གཞོན་ནུའི་དུས་ནས་དར། །
སྡེབ་ལེགས་རྩོམ་པ་ལྷན་སྐྱེས་ངག་གི་དཔལ། །
མདོ་སྔགས་ཆོས་ཀྱི་སྒྲ་ཆེན་སྒྲོག་པའི་གཏམ། །
འཇིགས་བྲལ་སྨྲ་བའི་དབང་ཕྱུག་ཆོས་ཀྱི་རྗེ། །

སྒྲ་རིག་པའི་ལང་ཚོ་སྟེ་སྒྲ་རིག་མཁྱེན་པའི་རྩལ་ཆེན་པོ་གཞོན་ནུའི་དུས་ནས་དར་ཞིང་སྡེབ་ལེགས་རྩོམ་པ་སྤེལ་བའི་ཚེ་ན་དབྱངས་ཅན་མ་ངག་ལ་ཞུགས་པ་ལྟར་ལྷན་སྐྱེས་ཀྱི་ངག་གི་དཔལ་མཆོག་ཏུ་མངའ་བས་མཁས་པའི་དབུས་སུ་མདོ་སྔགས་ཟབ་རྒྱས་ཀྱི་ཆོས་ཀྱི་སྒྲ་ཆེན་སྒྲོག་པའི་གཏམ་སྨྲ་བར་བྱེད་པ་ལ་འཇིགས་པ་ཅུང་ཟད་ཙམ་མི་མངའ་བའམ་འཇིགས་པ་དང་བྲལ་བའི་སྒོ་ནས་སྨྲ་བའི་དབང་ཕྱུག་ཏུ་གྱུར་པ་ནི་ཆོས་ཀྱི་རྗེ་འོ་ཞེས་པའོ། །

མཁྱེན་རབ་འོད་སྣང་ཤེས་བྱའི་མཁའ་ལ་འབར། །
གནས་ལྔ་རིག་པའི་མཚན་གྱི་ཅོད་པཎ་འཆང་།
གྲངས་མེད་རྒྱུ་སྐར་དབུས་ན་ཆེས་དཀར་བ། །
ཡབ་རྗེ་མཚན་མོའི་མགོན་དེ་ནུབ་ལ་བཞུད། །

དེ་ལྟ་བུའི་མཁྱེན་རབ་ཟབ་མོའི་འོད་ཀྱི་སྣང་བ་དེ་ཤེས་བྱའི་མཁའ་ལ་འབར་བ་སྟེ་རབ་ཏུ་རྒྱས་ཤིང་རིག་པའི་གནས་ལྔ་ཡི་ཕ་མཐར་སོན་པ་ན་ཡོངས་ཀྱི་དགེ་བའི་བཤེས་གཉེན་དམ་པས་གནས་ལྔ་རིག་པའི་དབང་ཕྱུག་ཅེས་མཚན་གྱི་གཅོད་པཎ་གནང་བ་ལྟར་འཆང་ཞིང་གྲངས་མེད་པའི་མཁས་པ་རྒྱུ་སྐར་གྱི་དབུས་ན་གྲགས་པ་ཆེས་ཆེར་དཀར་བའི་ཡབ་རྗེ་མཚན་མོའི་མགོན་དུ་གྱུར་པ་དེ་ཉིད་བདག་སོགས་གདུལ་བྱ་རྣམས་ཀྱི་བསོད་ནམས་དང་སྐལ་པ་དམན་པའི་དབང་གིས་གློ་བུར་དུ་ནུབ་ལ་བཞུད་སོང་ཞེས་པའོ། །

སྟོན་པ་འཇིག་རྟེན་མིག་ཁྱེད་ཟུམ་པའི་ཚེ། །
རྒྱལ་བསྟན་དབུ་འཕང་སྨད་པའི་མྱ་ངན་གྱིས། །
བསྟན་འཛིན་ཀུན་ཀྱང་སྐྱོ་བའི་མཆི་མ་འབྱིན། །
ཐུབ་བསྟན་རིང་དུ་གནས་སམ་འཕྱང་མོ་ཉུག །

གདུལ་བྱ་རྣམས་ལ་བླང་དོར་གྱི་གནས་སྤྱི་དང་ལྷག་པར་དུ་མདོ་བསྔགས་ཟབ་རྒྱས་ཀྱི་ཆོས་ཚུལ་ཕྱིན་ཅི་མ་ལོག་པར་འདོམས་པས་ན་སྟོན་པ་འཇིག་རྟེན་གྱི་མིག་ཏུ་གྱུར་པ་ཁྱེད་གློ་བུར་ཏུ་ཟུམ་པའི་ཚེ། རྒྱལ་བསྟན་དབུ་འཕང་སྨད་པ་སྟེ་རྒུད་པའི་མྱ་ངན་གྱིས་བསྟན་པའི་ཁུར་འཁྱེར་བའི་བསྟན་འཛིན་ཀུན་ཀྱང་སྐྱོ་བའི་མཆི་མ་འབྱིན་ནས་ཐུབ་པའི་བསྟན་པ་འདི་རིང་དུ་གནས་སམ་མི་གནས་འཕྱང་མོ་ཉུག་པ་སྟེ་ཐེ་ཚོམ་དང་སོམ་ཉི་གྱུར་ཞེས་པའོ། །

ལེགས་བཤད་སླར་འཛིན་སུས་ཀྱང་མི་རྙེད་པ། །
རྒྱ་མཚོ་ལ་ནི་ཆུ་བོ་ཐིམ་པ་བཞིན། །
རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད། །
ཆོས་ཀྱི་གྲགས་པའི་གདམས་ངག་ཡང་ཡང་དྲན། །

ཁྱེད་ཀྱི་མཁྱེན་རབ་རྩལ་ཆེན་པོས་ལེགས་པར་བཤད་པའི་མདོ་སྔགས་གསུང་རབ་ཀྱི་ཟབ་རྒྱས་ཆོས་ཚུལ་དཀའ་བའི་གནད་སྟོན་པའི་མན་ངག་རྣམས་ནི། སྐྱེ་བོ་རྣམས་ཀྱི་བློ་གྲོས་ཀྱིས་མི་འཆུན་པས་ན་སླར་ཡང་སུ་ཞིག་གིས་རྒྱུན་འཛིན་མི་ནུས་པའང་སུས་ཀྱང་དེ་ལྟ་བུའི་ཟབ་གནད་མི་རྙེད་ཚུལ་ནི། རྒྱ་མཚོ་ལ་ནི་ཆུ་བོ་ཐིམ་པ་བཞིན་དུ་ཁྱེད་ཀྱི་མཁྱེན་པའི་རྩལ་ཆེན་པོས་རྙེད་པའི་གནད་རྣམས་ནི་ཁྱེད་ཀྱི་ལུས་ལ་ཐིམ་ཞིང་འཇིག་རྟེན་གྱི་ཁམས་འདིར་ནུབ་པ་ཉིད་དུ་གྱུར་པ་སྟེ། དཔེར་ན་ཆོས་ཀྱི་གྲགས་པའི་མཁྱེན་རབ་རྩལ་ཆེན་པོས་བརྩམས་པའི་ཚད་མ་རྣམ་འགྲེལ་དེ་ཉིད་འཇིག་རྟེན་འདིར་ཇི་བཞིན་མི་ཤེས་པས་ན་རྒྱ་མཚོ་ལ་ནི་ཆུ་བོ་ཐིམ་པ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར་གསུངས་པའི་དཔལ་ཆོས་ཀྱིས་གྲགས་པའི་གདམས་ངག་ཡང་ཡང་དྲན་ཞེས་པའོ

སྐྱོ་གདུང་མུན་པར་འཐིབ་པའི་འཁོར་ཚོགས་ཀྱི། །
གདུང་སེལ་ཡང་སྤྲུལ་གསར་པའི་སྐྱ་རེངས་ཀྱིས། །
འཛད་མེད་འོད་སྣང་སྦྱིན་པའི་ཆོས་ཚུལ་དཔལ། །
མྱུར་བར་འཆར་བའི་སྨྲེ་ངག་དགོངས་ལགས་སམ།།

མགོན་པོ་ཁྱེད་ཞི་བར་གཤེགས་པའི་སྐྱོ་གདུང་གིས་སེམས་ཚོར་མུན་པར་འཐིབ་པའི་སྡུག་བསྔལ་གྱིས་གཟིར་བའི་འཁོར་ཚོགས་སློབ་མ་རྣམས་ཀྱི་གདུང་བ་སེལ་ཕྱིར་དུ་ཡང་སྤྲུལ་གསར་པའི་སྐྱ་རེངས་ཤིག་ཤར་ནས་དེ་ཉིད་ཀྱིས་འཛད་པ་མེད་པའི་ཆོས་ཚུལ་མཐའ་ཡས་པའི་འོད་ཀྱི་སྣང་བ་ལྷམ་མེར་སྦྱིན་པའི་དཔལ་དང་སྐལ་པ་དུས་མྱུར་བ་ཉིད་དུ་འཆར་བའི་འོ་དོད་དང་སྨྲེ་ངག་འབོད་བཞིན་པ་འདི་དགོངས་ལགས་སམ་ཞེས་པའོ། །

རྒྱལ་བསྟན་ལུགས་བཟང་སྤེལ་ལ་མཐུ་ཐོབ་པ། །
ཟབ་རྒྱས་ཆོས་ཚུལ་མ་འདྲེས་གསལ་བྱེད་པ། །
ཡབ་རྗེ་དགུང་གི་ཉི་མས་མཛེས་པ་ཡི། །
མདོ་སྔགས་པདྨའི་ཚལ་དེ་སུ་ཡིས་སྐྱོང་། །

མགོན་པོ་ཁྱོད་ནི་རྒྱལ་བསྟན་ལུགས་བཟང་ངམ་ལུགས་མཆོག་ཏུ་གྱུར་པ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་མཐུ་ཐོབ་པས་ཟབ་རྒྱས་ཆོས་ཚུལ་ཟབ་མོའི་གནད་རྣམས་ཀྱང་མ་འདྲེས་པར་སོ་སོར་གསལ་བར་བྱེད་པའི་ཡབ་རྗེ་སྟེ་རྗེ་བོ་ཡིན་པས་ན། ཁྱེད་ནི་དགུང་གི་ཉི་མ་དང་འདྲ་བས་ཁྱེད་ཀྱི་བློ་གྲོས་ཟེར་ཕྲེང་གིས་མཛེས་པར་གྱུར་པ་མདོ་སྔགས་པདྨའི་ཚལ་ཆེན་པོ་དེ་དག་ད་ནི་སུ་ཡིས་སྐྱོང་ཐུབ་སྟེ་མཐུ་མ་ཐོབ་པ་རྣམས་ཀྱིས་སྐྱོང་མི་ནུས་པའི་ཕྱིར་ཞེས་པའོ། །

མདོ་རྒྱུད་གསུང་རབ་ཟབ་དོན་ཕྲ་རགས་རྣམས། །
ཞིབ་མོར་ཚུལ་གསུམ་རིགས་པས་འབྱེད་པའི་ཚེ། །
ལྗགས་ཀྱི་འདབ་མ་ལྷུག་པོར་གྲོལ་བ་ཡིས། །
ཆ་ཙམ་འཁྲུལ་མེད་འཆད་པའི་རྩལ་དེ་དྲན། །

མདོ་རྒྱུད་གསུང་རབ་རྣམས་ཀྱི་ཟབ་དོན་ཕྲ་རགས་རྣམས་མགོན་པོ་ཁྱེད་ཀྱིས་ཞིབ་མོར་ཚུལ་གསུམ་རིགས་པའི་སྒོ་ནས་གསལ་བར་འབྱེད་པའི་ཚེ། ལྗགས་ཀྱི་འདབ་མ་ལྷུག་པོར་གྲོལ་བ་སྟེ་ཐོགས་མེད་དུ་སྨྲ་བར་བྱེད་པ་ཡིས་ཆ་ཕྲ་མོ་ཙམ་ལ་འཁྲུལ་བ་མེད་པ་གདུལ་བྱ་ལ་གོ་བ་བདེ་བླག་ཏུ་སྟེར་བར་བྱེད་པའི་བླ་ན་མེད་པའི་འཆད་པའི་རྩལ་དེ་དྲན་ཞེས་པའོ། །

རྣམ་དཔྱོད་གློག་གི་རྩེད་གར་རོལ་པ་ལས། །
ཕ་རོལ་འཆིང་བའི་ལོག་རྟོག་གཞིལ་བྱེད་པ། །
ཟབ་གསལ་མྱུར་བའི་ཤེས་རབ་བརླིང་བ་ཡི། །
རིགས་ཚུལ་རྣོན་པོའི་རྩོད་ངག་དཔལ་དེ་དྲན། །

ཁྱེད་ཀྱི་རྣམ་དཔྱོད་ནི་ཤིན་ཏུ་མྱུར་བས་གློག་གི་རྩེད་གར་རོལ་པ་དང་འདྲ་སྟེ་གློག་འཁྱུག་པ་ལྟར་མྱུར་བའི་སྒོ་ནས་མཐའ་ཡས་པའི་རིགས་ཚུལ་གྲངས་མེད་ཀྱིས་ཕ་རོལ་རྒོལ་བའི་ཐེ་ཚོམ་དང་འཆིང་བའི་ལོག་རྟོག་གཞིལ་བ་བྱེད་པ་དང་། ཟབ་པ་དང་གསལ་བ་དང་མྱུར་བའི་ཤེས་རབ་ཤིན་ཏུ་བརླིང་བ་ཡི་རིགས་ཚུལ་རྣོན་པོའི་རྩོད་ངག་གི་དཔལ་དང་གཟི་བརྗིད་དེ་དག་ནམ་ཡང་བརྗེད་དུ་མེད་པར་ཡང་ཡང་དྲན་ཞེས་པའོ། །

ཐུབ་བསྟན་གསེར་གྱི་ས་ཆེན་མཛེས་བྱེད་པ། །
རྩོམ་པ་ཨུཏྤལ་དཀར་པོའི་ཕྲེང་བ་བཞད། །
འཇིགས་བྲལ༵་སྨྲ་བ་ངག་གི་དབ༵ང་ཕྱུག༵་དཔལ། །
ལེགས་བཤད་བློ་གསལ་དགའ་བའི་རྒྱན་དེ་དྲན། །

ཐུབ་བསྟན་གསེར་གྱི་ས་ཆེན་འདི་མཛེས་པར་བྱེད་པའི་རྩོམ་པ་མེ་ཏོག་ཨུཏྤལ་དཀར་པོའི་ཕྲེང་བ་ལྟར་རབ་ཏུ་བཞད་པའི་ཚེ། འཇིགས་བྲལ་སྨྲ་བ་ངག་གི་དབང་ཕྱུག་སྟེ་ངག་གི་དཔལ་དུ་གྱུར་པའི་ལེགས་བཤད་དག་བློ་གསལ་དགའ་བར་བྱེད་པའི་རྒྱན་དུ་གྱུར་པ་དེ་དག་དྲན་ཞེས་པའོ། །

གཞུང་ལུགས་གདམས་པར་ཤར་བའི་མན་ངག་གིས།།
བཤད་སྒྲུབ་ལས་ཀྱིས་ཐུབ་བསྟན་ཡང་སྙིང་འཛིན། །
དམ་པས་བསྟན་ལ་བཞག་པའི་ཕྱག་རྗེས་རྨད། །
འཇིག༵ས་བྲ༵ལ་སྨ་བའི་དབ༵ང་ཕྱུག༵་མཛད་འཕྲིན་དྲན། །

ཐོས་བསམ་སྒོམ་གསུམ་རྒྱུན་དུ་སྐུ་ཉམས་སུ་བསྟར་བས་རྒྱ་ཆེ་བའི་ཞུང་ལུགས་ཐམས་ཅད་གདམས་པར་ཤར་བའི་སྒོ་ནས་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཐབས་ཚུལ་དང་མན་ངག་གིས་བཤད་པ་དང་སྒྲུབ་པའི་ལས་ཀྱིས་ཐུབ་བསྟན་ཡང་སྙིང་སྟེ། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་དག་ཐུགས་དམ་གྱི་མཐིལ་དུ་འཛིན་པ་ནི་དམ་པའི་སྐྱེས་བུས་བསྟན་པ་ལ་བཞག་པའི་ཕྱག་རྗེས་རྨད་དུ་བྱུང་བ་ཡིན་པས་དེ་ལྟ་བུའི་ཡབ་རྗེ་བློ་བཟང་རྒྱལ་བསྟན་འཇིག་བྲལ་སྨྲ་བའི་དབང་ཕྱུག་གི་མཛད་འཕྲིན་བླ་མེད་དེ་དྲན་ཞེས་པའོ། །

གྲངས་མེད་རྒྱལ་བའི་བཀའ་དང་དགོངས་པའི་དཔྱིད། །
གསུང་རབ་མ་ལུས་འགལ་མེད་ཐུགས་ཉམས་བསྟར། །
སྐྱེས་བུ་གསུམ་གྱི་ལམ་རིམ་ཐུགས་ལ་རྫོགས། །
ཡབ་རྗེ་བློ་བཟང་རྒྱལ་བའི་གདུང་འཚོབ་དྲན། །

གྲངས་མེད་རྒྱལ་བ་སངས་རྒྱས་ཀྱི་བཀའ་དང་། རྒྱལ་བ་དེའི་དགོངས་པའི་དཔྱིད་གསལ་བར་སྟོན་པའི་དགོངས་འགྲེལ་གྱི་བསྟན་བཅོས་སྟེ་གསུང་རབ་མ་ལུས་འགལ་མེད་དུ་གཟིགས་ནས་ཐུགས་ཉམས་སུ་བསྟར་བས་སྐྱེས་བུ་གསུམ་གྱི་ལམ་རིམ་ཐུགས་ལ་རྫོགས་པའི་ཡབ་རྗེ་བློ་བཟང་རྒྱལ་བའི་གདུང་འཚོབ་དངོས་དེ་དྲན་ཞེས་པའོ། །

དེང་དུས་ཕལ་ཆེར་ཁྱིམ་པའི་རྟུལ་ཞུགས་འཆང་། །
ཆོས་མིན་རུ་མཚོན་འཕྱར་བའི་དགེ་སྦྱོང་ཟོལ། །
བཤེས་གཉེན་དམ་པ་དགྱེས་པའི་སྐབས་མེད་ཀྱང་། །
བརྩེ་ཆེན་སྙིང་རྗེས་བཞད་པའི་འཛུམ་དཀར་དྲན། །

དེང་གི་དུས་འདིར་རབ་བྱུང་ཕལ་ཆེར་ཁྱིམ་པའི་བརྟུལ་ཞུགས་འཆང་ཞིང་ཚེ་འདི་སྣང་ལ་ཞེན་ནས་ཆོས་མིན་རུ་མཚོན་འཕྱར་བའི་དགེ་སྦྱོང་གི་ཟོལ་དུ་གནས་པས་ན་བཤེས་གཉེན་དམ་པ་ཁྱེད་ཐུགས་ཅུང་ཟད་དགྱེས་པའི་སྐབས་མེད་མོད་ཀྱིས་འོན་ཀྱང་རིང་ནས་གོམས་པའི་རྩེ་བ་སྙིང་རྗེ་ཆེན་པོའི་དབང་གིས་གདུལ་བྱ་ལ་ཉེ་བའི་བཞད་མོ་བཞད་པའི་འཛུམ་དཀར་དེ་ཡིད་ལ་ལྷང་ལྷང་དྲན་ཞེས་པའོ། །

བསྐྱེད་རྫོགས་རིམ་གཉིས་གོམས་པ་མཐར་སོན་པ། །
སྣང་གསུམ་འོད་གསལ་ཆོས་སྐུའི་ཞི་དབྱིངས་ནས། །
ངོ་མཚར་བཀོད་པའི་སྒྱུ་འཕྲུལ་འབྱམས་སུ་ཀླས། །
ཟུང་འཇུག་རོལ་པའི་རྣམ་ཐར་ཨེ་མ་ཧོ། །

བསྐྱེད་རྫོགས་རིམ་པ་གཉིས་ཀྱི་གོམས་པ་མཐར་སོན་པས་སྣང་གསུམ་འོད་གསལ་ཆོས་སྐུའི་ཞི་དབྱིངས་ནས་ངོ་མཚར་བཀོད་པའི་སྒྱུ་འཕྲུལ་འབྱམས་སུ་ཀླས་པའི་ཟུང་འཇུག་བདེ་སྟོང་ལ་རྟག་ཏུ་་རོལ་པའི་རྣམ་པར་ཐར་པ་ནི་ཨེ་མ་ཧོ་སྟེ་ངོ་མཚར་ཤིན་ཏུ་ཆེ་བའོ་ཞེས་པའོ། །

རིང་ནས་བརྩེ་ཆེན་ཐུགས་རྗེས་ཉེར་བཟུང་སྟེ། །
ཟབ་རྒྱས་ཆོས་ཚུལ་མདོ་སྔགས་གཞུང་ལུགས་ལ། །
རྣམ་འབྱེད་མིག་འབྲས་སྦྱིན་པའི་དྲིན་ཆེན་རྗེ། །
ཚེ་རབས་ཀུན་ཏུ་སྤྱི་བོའི་རྒྱན་དུ་བྱོན། །

རིང་ནས་བརྩེ་བ་ཐུགས་རྗེ་ཆེན་པོས་ཉེ་བར་བཟུང་སྟེ་ཟབ་རྒྱས་ཆོས་ཚུལ་མདོ་སྔགས་གཞུང་ལུགས་ལ་ལྟ་བའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་མིག་འབྲས་སྦྱིན་པས་ཚེ་རབས་ནས་ཚེ་རབས་ཐམས་ཅད་དུ་བཀའ་དྲིན་འཁོར་མཐའ་བྲལ་བའི་རྗེ་བཙུན་བླ་མ་དམ་པ་ཁྱེད་ཚེ་རབས་ཀུན་ཏུ་བདག་གི་སྤྱི་བོའི་རྒྱན་དུ་བྱོན་ཞེས་པའོ། །ཞེས་མཚན་བརྗོད་པར་དཀའ་བ་ཁྱབ་བདག་འཁོར་ལོའི་མགོན་པོ་གནས་ལྔ་རིག་པའི་དབང་ཕྱུག་སྐྱབས་རྗེ་ཆོས་ལྡན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་བསྟན་འཇིགས་བྲལ་དབང་ཕྱུག་མཆོག་དགོངས་པ་ཞི་དབྱིངས་སུ་ཐིམ་ཚུལ་བསྟན་ནས་ལོ་གཅིག་འཁོར་བའི་རྗེས་དྲན་ཉིན་གུས་སློབ་གྲལ་མཐའ་པ་ནགས་ཤོད་སྐལ་རྒྱན་པས་བྲིས་པའོ། ། ༢༠༡༦/༩/༡༡

Related Articles