ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་།

ནགས་ཤོད་ཅོང་བརྡ།

༡༽གནའ་བོའི་མེ་ཏོག་གསོན་པོའི་དགའ་ཚལ་ལ་སྲིད་པའི་སྦྲང་ཆར་ཟིམ་ཟིམ་འབེབ་ཅིང་ལྷད་མ་འདྲེས་བའི་ལྷ་ཡུལ་གྱི་བ་གམ་དགུ་རྩིག་ཐུ་བྷོད་བཙད་པོའི་ཐུགས་ཀྱི་དགུང་སྔོན་ནས་འཁྲུངས་བའི་སྔ་མོའི་ལེགས་བྱང་དང་གངས་ཆུ་དྭངས་མོ་བ་ཚྭའི་འོབས་སུ་མ་ལྷུང་བའི་སྔོན་གྱི་གཤིས་ལུགས་རྩེ་གྲ། རི་ཚོགས་ཀྱི་གྲིབ་སོ་དང་སྤྱང་མོའི་ངུ་ཟུག འུག་པའི་ཐན་སྐད་སོགས་ཀྱིས་བཙོག་གྲིབ་མ་འགོས་པའི་མེས་པོའི་སྙིང་ཁྲག་དྲོན་མོ། རྙིང་ཞེན་གྱི་རུལ་དྲི་དང་གསར་འདོད་ཀྱི་གཡམ་རྒྱུག་མེད་པའི་གསེར་ནག་ཞུན་མའི་ཆུ་ཀླུང་གི་གཏིང་རྩ་སྲ་མོ།

༢༽ཁྱོད་ཀྱིས་ཉམས་དམའ་ཞིང་ཉག་ཕྲ་བའི་མི་རིགས་འདིའི་སྲོག་གི་རྒྱུན་ཐག་བཟུང་ཡོད། ཁྱོད་ཀྱིས་བོད་ཟེར་བའི་མགོ་བདེ་དྲན་འཕྲུལ་མི་ཤེས་པའི་མི་ཚོགས་ཆུན་པོ་ཞིག་གི་སྲོག་རྩ་སྲུང་ཡོད། ཁྱེད་ཀྱིས་མིང་དོན་གཉིས་ལྡན་གྱི་དཔའ་བོ་ཁེར་རྒྱུགས་དང་ར་གྲི་ཁེར་གཡུག་བྱས་བྱུང་བས། ཁྱེད་ལ་འབྲོང་བྲེ་ལུའི་དཔའ་ཡ་དང་སེང་དཀར་མོའི་འཐབ་ཡ་རེད་ཅེས་ཀུན་གྱིས་བསྔགས་པའི་རླབས་སྒྲ་བས་མཐའ་ནས་གྲགས་བྱུང་ལ་བདེན་པར་མཆིས།

༣༽ ཁོ་བོས་སྙིང་གི་གུར་ཁང་ནས་སྲོག་གི་གསེར་སྐུད་དགུ་སྒྲིལ་མ་ཆད་བར་དུ་བསྟོད་གླུ་ལེན་ཞིང་བསྟོད་མཆོད་འབུལ། ཁྱེད་ཀྱི་འཇའ་གུར་གྱིས་སྲིད་གསུམ་ལ་ཁྱབ་ཅིང་ཕུགས་རེ་མཁའ་ཡི་མཛེས་བྱེད་ཀྱི་ལང་ཚོའི་དཔལ་དང་ལྡན་པར་གྱུར་ཅིག དེང་རབས་སྒེག་མོའི་སྒྱུ་འཕྲུལ་གྱིས་ཁྱོད་ཀྱི་བསམ་གཏན་ལ་གཡོ་བ་མི་ཡོང་བ་སྨོན། སྲོལ་རྙིང་ལུགས་ངན་དུག་རྫས་ངར་མོས་ཁྱོད་ཀྱི་གཤིས་བཟང་ལ་དྲི་མ་མི་འཕོག་པར་ཤོག།             

༢༠༡༥/༡༠/༡༤/ ལ། ༼ ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ཟེར་བ་ནི་ཕྱི་བསྡོད་བོད་ཀྱི་རྒྱལ་ས་རྡ་ན་ཡོད། གནས་དེར་བོད་ཀྱི་སྲོལ་རྒྱུན་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་བཏང་དང་གཏོང་མུན་ཡིན། དཔེར་ན་མཐོ་སློབ་གཅིག་དང་། ལྷ་འབྲི་སྡེ་ཚན། ལྷ་བཟོ་སྡེ་ཚན་ཚོགས་གྲངས་མེད་དོ། ༽

 

Related Articles