སུན་སྣང་།

སྙིང་སྟོབས། ལམ་སྐྱ་བོ་འདིར་ཡར་དང་ཡར། མར་དང་མར་ཕྱིན་པ་སུན་སོང་། ལྟོ་ཕུར་ཁྲ་བོ་འདི་དང་།

ཇ་ཕུར་ལྗང་ཁུ་འདི་གཉིས་དང་ཉིན་འགྲོགས་མཚན་འགྲོགས་བྱས་པ་སུན་སོང་། ནམ་མཁའ་ནག་ནོག་ཡ་གིར་ཉིན་ལྟ་མཚན་ལྟ་བྱས་ཤིང་། རི་མ་ཐང་གི་ཕྱོགས་ཕ་ཚོར་ཡང་དང་ཡང་དུ་བལྟས་པ་སུན་སོང་། གནས་འདི་ན་ཡོད་ཚད་རྗེས་ཟློས་ཙམ་བྱས་ནས་ལོ་དང་ཟླ་བ་སྐྱེལ་བར་སུན་སྣང་སྐྱེས་བྱུང་། སུན་སྣང་གི་ཁུར་པོ་འདི་ནི། མེས་པོ་དང་མེས་པོའི་ཆད་པ་མ་རེད་ལ། མེས་པོ་དང་མེས་པོའི་ནོར་འཁྲུལ་ཡང་ག་ལ་ཡིན། སུན་སྣང་གི་ཁུར་པོ་འདི་ནི། རྗེས་ལུས་ཤིག་གི་སྔོན་རྟགས་རེད། ད་དུང་། རྨོངས་འཐོམ། ལེ་ལོ། ཕྱིར་འཐེན། ་་་ མདོར་ན། འདི་ནི་སོ་སོའི་སྒལ་པར་སོ་སོས་བཀལ་བའི་ཁུར་པོ་རེད། འདི་ནི། སོ་སོའི་འགྲོ་ལམ་སོ་སོས་མ་བརྙེད་པའི་ལན་ཁག་རེད། འདི་ནི། སོ་སོས་སོ་སོ་གཉའ་གནོན་བྱས་པའི་རྟགས་མཚན་རེད།

༡༢/༡༡/༢༠༡༣།

Related Articles