དེ་རིང་།

ནགས་ཀྱི་ཤིང་ལོ་ནས།

མེ་ལྟར་ཚ་བའི་ཉི་མ་དེས།།
ས་གཞི་འདི་ཡང་འབར་རམ་ཅི།།
བར་སྣང་ལས་ཀྱས་མེ་འོད་འཕྲོས།།
རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།

ལྕགས་སྲེག་ཐང་དུ་ལྷུང་འདྲ་དེས།།
ལུས་ཀྱི་ཕྱི་ནང་གང་དུའང་འབར།།
མལ་དུ་ཉལ་བའི་སྙེས་འབོལ་དུ།།
ཚ་བས་བརྔུབས་པའི་རྔུལ་ཆུ་འཁྱིལ།།

རི་ལས་ལྗིད་པའི་ལུས་པོ་འདི།།
ཡར་དུ་བསླངས་ཀྱང་ཚ་བས་བཟི།།
དྭངས་ཤིང་གསལ་བའི་རྣམ་ཤེས་འདི།།
ཚ་བའི་ཀློང་དུ་མུན་ལྟར་འཐིབ།།

དེ་རིང་གནམ་ལ་སྤྲིན་པ་འཁོར།།
རླུང་བུ་དེ་ཡང་གྲང་ཞིང་བསིལ།།
ཚ་བའི་དྲོད་ཀྱིས་གཙེས་གཙེས་ཀྱིས།།
དལ་ཅིག་སེམས་འདི་ལྷོད་དུ་གྱུར།།

གློ་བུར་ཅི་ཞིག་བྱས་སམ་ཅི།།
ལུས་ཕྲ་འཁྱུགས་པའི་སྣེ་མོ་ནས།།
དབྱར་གྱི་རྔ་སྒྲ་འུར་གྱིས་ལྡིར།།
སྤྲིན་གྱི་མེ་ཏོག་ས་རུ་འཐོར།།

འཛིན་མ་ལན་ཅིག་ཁྲུས་ལ་རོལ།།
རྐང་འཐུང་འདི་རྣམས་གཉིད་ལས་བསླངས།།
ད་རུང་སྒེའུ་ཁུང་བར་གསེང་ནས།།
ཆར་གྱི་ཟིལ་བ་གདོང་ལ་འཐོར།།

དེ་ནས་རིམ་གྱི་སྒྱུ་སྐར་ལམ།།
སྤྲིན་གྱི་དར་སྒོ་བྱེ་བ་ན།།
སྣང་བྱེད་བུ་མོས་འཛུམ་ཙམ་གྱིས།།
ས་ཡི་ངོས་ནས་སྨུག་པ་འཁྱིལ།།

༢༠༡༧—༣—༦

 

Related Articles