ཨ་མ་དྲན་པ།

ཀརྨ་བདེ་ཆེན།

གྱེས་བྲལ་གཅོང་རོང་ཟབ་མོའི་ཐུ་འོག་ན། །

ཉི་ཟླའི་འཆར་ནུབ་རེས་མོས་འཁོར་བཞིན་དུ། །

ཁ་ཆར་མོད་པའི་རྒྱང་རིང་རི་གྲོང་ནས། །

བརྩེ་བའི་ཨ་མ་དྲན་པའི་གླུ་ཞིག་འཐེན། །

 

སྔོན་ཞིག་ལས་བསོད་ཡོད་མེད་མི་ཤེས་ཤིང་། །

མི་རྟག་སྐྱེ་འཆིའི་རྒྱུན་ཞིག་ཡོད་ཀྱང་རུང་། །

བདག་ལུས་འབྱུང་གཞི་ཨ་མ་ཁྱེད་ཉིད་ཡིན། །

བརྩེ་བའི་མ་ཁྱེད་བདག་གི་ཚེ་སྲོག་ཡིན། །

 

ཀུན་ལ་བརྩེ་བའི་བྱང་སེམས་ལྡན་པ་དང་། །

རིགས་དྲུག་བུ་ལྟར་སྐྱོང་བའི་བྱམས་མ་ཞིག །

འཁོར་བའི་ཀློང་ན་ཡོད་མེད་མི་ཤེས་ཀྱང་། །

བྱམས་ལྡན་མ་ཁྱེད་བདག་གི་མགོན་སྐྱབས་ཡིན། །

 

ཨ་མས་བཙོག་གཅིན་ཕྱག་གིས་ཕྱིས་པ་དང་། །

མི་གཙང་སྣ་ལུད་ཞལ་གྱིས་འཇིབ་པ་བཅས། །

རང་གི་སྲོག་ལྟར་གཅེས་པ་མ་དྲན་ཡང་། །

བདག་ལུས་གྲུ་བཞི་རྒྱས་པར་མ་ཁྱེད་དྲིན། །

 

བྲལ་དུས་མིག་ཆུས་སྐྱེལ་མ་བྱེད་ཚུལ་དང་། །

ཐུག་དུས་འཛུམ་གྱིས་བསུ་མ་བྱེད་ཚུལ་ཏེ། །

དགའ་སྐྱོའི་ཚིག་གི་མཚོན་ཐབས་མི་ཤེས་ཀྱང་། །

བདག་གི་འཇིག་རྟེན་དྲོ་སྐྱིད་མ་ཁྱེད་དྲིན། །

 

ས་མཐའི་བགྲང་བྱ་སོར་རྩེར་འཁོར་བའི་ཁྲོད། །

ངན་ངོན་འཚོ་བའི་གདུང་ཡུས་མོད་ཀྱང་རུང་། །

སེམས་ཀྱི་ཉིན་གསེབ་ཚ་གྲང་མི་སྙོམས་དུས། །

བྱམས་ལྡན་མ་ཁྱེད་བདག་གི་དྲན་ཤིང་ཡིན།

 

བཟློག་མེད་ལོ་ཟླ་རིམ་གྱིས་རྒས་པའི་ཁྲོད། །

མ་ཁྱེད་སྐྲ་ལོའི་ཁ་དོག་འགྱུར་ཚུལ་དང་། །

ལང་ཚོའི་ཚུགས་ཁ་གང་ཞིག་ཤོར་ཡང་རུང་། །

མ་ཁྱེད་བདག་གི་གངས་ལྷ་མེ་ཏོག་ཡིན། །

སྤྱི་ལོ་༢༠༢༢ཟླ་བ་༡༡ཚེས་༡༣ཉིན།

རྒྱང་རིང་གི་གནམ་ས།

ཀུན་ཁྱབ།
སྒེའུ་ཁུང་འགྲམ་གྱི་སྡོང་ལོ་ལྷུང་ཚུལ་ལ་བལྟས་ནས། །
ལོ་ངོ་མང་པོ་འདི་ལྟར་དྲན་གདུང་གིས་བསྐྱལ་བས། །
བདག་གི་མིག་ཟུང་ཀློགས་དང་རྒྱང་རིང་གི་ཕ་ཡུལ། །
ཕྱིར་མིག་འཁྱག་པའི་ནང་དུ་ཞེན་ཆཌ་དེ་སྦས་ཡོད། །

ཡར་ཀླུང་གཞུང་གི་སྨུག་པ་ནང་སེམས་སུ་འབྱར་བ། །
ལྷ་སའི་གཞུང་གི་ངོ་གདོང་ལག་ནང་དུ་འཁྱག་པའི། །
འགྱུར་བའི་སྣེ་མོ་འདི་ལ་སིག་སིག་ཏུ་འདར་དུས། །
བདག་གི་གློ་ཁར་འབྱར་བའི་ཉི་མ་ཡང་བཞུད་ཐལ། །

མཚན་མོ་འདི་ནས་ང་རང་ཙོག་པུ་རུ་བསྡད་ནས། །
རྒྱང་རིང་ཞེས་པའི་བར་ཐག་ནང་སེམས་སུ་སླ་དུས། །
བདག་སེམས་ཆ་ཤས་མ་ལུས་དུམ་བུ་རུ་གྱུར་ནས། །
སྟོན་མཇུག་ལོ་མ་ལྷན་དུ་རེ་རེ་བཞིན་ཟགས་སོང་། །

སེམས་ཀྱི་ཕྱེད་ཀ་དྲོས་ཀྱང་ཕྱེད་ཀ་འདི་འཁྱག་པའི། །
ཡུལ་གྱར་མི་ཡི་ངོ་གདོང་འགྱུར་བ་ཞིག་མང་ཡང་། །
ཁོ་བོར་ངོ་ལོག་མ་བྱས་ཁྲེལ་གཞུང་གིས་བསྲུང་བའི། །
རྒྱང་རིང་གནམ་ས་དེ་ཡང་བརྗེད་པ་ཞིག་མི་འདུག །

ཁེར་རྐྱང་ལོ་ཟླ་རིང་མོའི་འཁྱག་རོམ་དུ་ཟགས་ནས། །
དྲན་གདུང་སྐྲ་ལོ་དག་ཀྱང་རེ་རེ་བཞིན་འཐོར་དུས། །
ཆར་ཞོད་ཆེ་བའི་ལོ་ཟླ་གྲང་རླུང་གིས་བསྐྱལ་ཡང་། །
ལོ་མ་རློན་པ་དག་ཀྱང་ནང་སེམས་སུ་འབྱར་འདུག །

རུས་རྐང་འཁྱག་པའི་ལོ་ཟླ་དུས་ཚོད་ཀྱིས་དྲུད་ནས། །
ང་རང་གཅེར་བུར་བུད་ནས་ཁེར་རྐྱང་དུ་ཆས་དུས། །
དགུན་ཟླ་གསུམ་པའི་གྲང་ངར་ཕྱི་རོལ་ན་མི་འདུག །
དྲན་པ་ཐང་ལ་ཟགས་པའི་ནང་སེམས་ལ་འདུག་གོ།

རྒྱང་མིག་ཆད་པའི་ལོ་ཟླ་རེས་མོས་ཀྱིས་འཁོར་ནས། །
སེམས་དང་གློ་བ་མ་ལུས་དེ་བཞིན་དུ་འཁྱག་དུས། །
ཐག་རིང་ཉི་འོད་དེ་ལ་ཡུན་རིང་དུ་བསྒུགས་ཀྱང་། །
དྲོ་ཞིང་འཇམ་པའི་ཉི་ཐིགས་ལྷུང་རྒྱུ་དེ་མི་འདུག །
༢༠༢༢ /༡༠ /༢༨ ཉིན།

སེམས་གདུང་།

འབྲི་སྐལ་ལྡན།

བདག་ནི་བག་ཡངས་སེམས་ཀྱི་ཞི་བདེ་ལ་འདོད་ཀྱང་། །

གཞན་དབང་གྲང་མོའི་ངལ་བ་གཡོལ་ཐབས་ཤིག་མི་འདུག །

ལྷ་ཡུལ་ལྟ་བུའི་སྐྱིད་པའི་མཛེས་ལྗོངས་སུ་སླེབས་ཀྱང་། །

ཕ་ཡུལ་དྲན་པའི་གདུང་བ་འགོག་ཐབས་རང་མི་འདུག །

 

རང་ཉིད་རང་དབང་ཆེད་དུ་ཞི་བདེ་ལ་བརྩོན་ཀྱང་། །

འཁྲུག་རྩོད་མེ་ལྕེའི་རླབས་ཕྲེང་གཡོལ་ཐབས་ཤིག་མི་འདུག །

ནང་མི་སྤུན་མཆེད་ལྟ་བུའི་གྲོགས་མཆོག་དང་མཇལ་ཡང་། །

སེམས་གཏམ་ཕན་ཚུན་ཤོད་པའི་ལམ་བུ་ཞིག་མི་འདུག །

 

བུ་ཆུང་གཉེན་དང་འཕྲད་པའི་ཐབས་མང་ལ་འབད་ཀྱང་། །

དགྲ་བོ་འཁྱོག་པོའི་ཕྱོགས་ལ་དྲང་བདེན་ཞིག་མི་འདུག །

སྙིང་དང་འདྲ་བའི་མཛའ་མོའི་བརྩེ་མདངས་ལ་འཁོར་ཡང་། །

ཕ་མའི་ཞལ་རས་སེམས་ནས་བརྗེད་ཐབས་ཤིག་མི་འདུག །

 

རང་ལུས་གྲུ་བཞི་འདི་ལ་ལོང་ཁོམ་ཞིག་མེད་ཀྱང་། །

སེམས་ཀྱི་རྟ་ཕོའི་འགྲོས་ལ་རིན་ཐང་ཞིག་ལོས་ཡོད། །

ཀྱག་ཀྱོག་མི་ཚེ་འདི་ལ་རྫོགས་མཐའ་ཞིག་མེད་ཀྱང་། །

རང་དབང་འཁོར་བའི་ལས་ལ་བདེ་སྐྱིད་ཅིག་ལོས་ཡོད། །

 

མ་བསམ་བརྗོད་ལས་འདས་པའི་ཞིང་ཁམས་ཤིག་མེད་ཀྱང་། །

རང་བྱུང་སྐྱེ་དངོས་ཁྲོད་ན་སྐྱིད་སྣང་ཞིག་ལོས་ཡོད། །

ཡུལ་གྱར་འཁྱམ་པོའི་གནས་ལ་རྟེན་གཞི་ཞིག་མེད་ཀྱང་། །

མ་ཉམས་སྙིང་སྟོབས་འདི་ལ་ནུས་པ་ཞིག་ལོས་ཡོད། །