ཁ་བརྡ་ཚིག་གསུམ།

 ནགས་ཤོད་སྐལ་རྒྱན་པས།

ཀ་སོགས་གངས་ཅན་བོད་ཀྱི་ཡི་གེ་ཡིན། ། ཁ་བ་བོད་པའི་གཞོན་ནུ་ཕོ་མོས་སྦྱོངས། །
ག་ཚད་དཀའ་ལས་ཁ་ཡང་སྡུག་རུས་བྱོས། ། ང་ཚོའི་སྐད་ཡིག་མ་ཤེས་ངོ་ཚ་ཡིན། །

ཅ་གས་བཅང་རྒྱུ་ནང་གི་སྐད་ཡིག་དང་། ། ཆ་ལུགས་ཕྱི་ཡི་སྤྱོད་ལམ་མ་འགྱུར་བར། །
ཇ་མར་ཐུད་སོགས་བོད་ཟས་གཙང་མ་ལས། ། ཉ་འབུ་སྡིག་སྲིན་ཟ་བ་ངོ་ཚ་ཡིན། །

ཏ་ཐ་ག་ཐའི་བསྟན་འདི་དགག་བྱ་མིན། ། ཐ་སྙད་གནའ་དེང་རིག་གཞུང་འཛེམས་བྱ་མིན། །
ད་གཟོད་རིན་ཐང་མ་ཤེས་མཁས་པ་མིན། ། ན་རེ་སྐྱོན་དུ་ལྟ་བ་ངོ་ཚ་ཡིན། །

པ་ལོ་སྨུག་པོའི་ཁ་མདོག་གཞན་དུ་བསྒྱུར། ། ཕ་མེས་ཡང་མེས་ཆ་ལུགས་རྒྱང་དུ་དོར། །
བ་ལང་ལྟ་བུའི་བླུན་རྟགས་ཅི་བསྟན་ཀྱང་། ། མ་རྩ་ཤེས་ཡོན་མེད་ན་ངོ་ཚ་ཡིན། །

ཙ་གེ་ཙིག་གེ་བྱ་བྱེད་ཅི་བྱེད་ཀྱང་། ། ཚ་རུ་པགས་ཚག་གྱོན་པའི་བོད་རིགས་ཡིན། །
ཛ་རེ་ཛོ་རེའི་རྟུལ་ཞུགས་མི་མཛེས་པ། ། ཝ་ལེར་སེམས་སུ་མ་འཁོར་ངོ་ཚ་ཡིན། །

ཞྭ་གོས་ཆ་མིན་ཡ་འཐོར་མཛེས་ཆོས་མིན། ། ཟ་རི་ཟི་རིའི་སྐད་ལོག་ཡོན་ཏན་མིན། །
འ་རེ་འུར་རེའི་གཏམ་ཉོག་ལ་རྒྱ་མིན། ། ཡ་ཡུད་གླེན་རྟགས་བསྟན་ན་ངོ་ཚ་ཡིན། །

ར་བ་གངས་རིའི་སྤུན་ཟླ་སུ་ཡིན་རུང་། ། ལ་ལུང་ཕྱོགས་རེའི་རྩ་ཟ་ཆུ་འཐུང་ཆེད། ། 
ཤ་འཁོན་ཞེ་འཁོན་ནང་དམེ་མ་བྱེད་ཡ། ། ས་ཡ་དྲུག་པོ་མ་འཆམས་ངོ་ཚ་ཡིན། །

ཧ་རེ་བྲིས་པའི་ཀ་ཕྲེང་མདོར་བསྡུས་འདི། ། ཨ་བར་བྲིས་པའི་ཁ་བརྡ་ཚིག་གསུམ་མོ། །

2013 7 4 ཉིན།

 

 

Related Articles