དབྱར་རྩྭ་དགུན་འབུ།

ནགས་ཧ་ཧ་སྐལ་བཟང་།

དེང་སྐབས་འཛམ་བུ་གླིང་འདིར་རྒྱལ་ཁབ་དང་ཡུལ་ལུང་གང་སར་དར་གུད་སྣ་ཚོགས་པ་འདིའི་ཁྲོད་དུ་དབུལ་ཕྱུག་གི་འཕོ་འགྱུར་གྲངས་མེད་པ་ཞིག་འགྲོ་བཞིན་པ་དང་དུས་མཚུངས།ར་བྭ་གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་བོད་ཆོས་ལྡན་གྱི་ཞིང་དུ་ཡང་དབུལ་ཕྱུག་གི་འཕོ་འགྱུར་དང་།གཞན་ནང་ཆོས་དང་བོད་ཀྱི་སྐད་ཡིག་སོགས་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་ཉམས་རྒུད་ཆེན་པོ་ཞིག་འགྲོ་བཞིན་ཡོད་ལ།དེ་འདྲ་འབྱུང་བའི་རྒྱུ་རྐྱེན་མང་པོ་ཞིག་ཡོད་ཀྱང་མི་མངོན་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་དབྱར་རྩྭ་དགུན་འབུ་ཞེས་པ་འདི་ཡིན་པར་སེམས།དེ་ཡང་བོད་ཀྱི་ས་ཁུལ་མང་པོ་ཞིག་དེ་སྔོན་སྲོལ་རྒྱུན་གྱི་འཚོ་རྟེན་ཞིང་པ་ཚོས་ས་ཞིང་འདེབས་ལས་བྱེད་པ་དང་འབྲོག་པ་ཚོས་སྒོ་ཟོག་གསོ་སྐྱོང་བྱས་ནས་འཚོ་བ་སྐྱེལ་གྱི་ཡོད་ན་ཡང་།ད་སྐབས་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཆ་ཚང་དང་ཁ་བྲལ་ཏེ་དབྱར་རྩྭ་དགུན་འབུ་ཁོ་ན་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་མི་ཉུང་བ་ཞིག་བྱུང་དང་འབྱུང་བཞིན་ཡོད།

དེ་དག་གིས་དེ་སྔོན་གྱི་འཚོ་རྟེན་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་བྲལ་ནས་རྟག་ཏུ་དབྱར་རྩྭ་དགུན་འབུ་ཁོ་ནས་འཚོ་བ་སྐྱེལ་སྙིང་འདོད་པ་དེ་ནི་ཧ་ཅང་ཉེན་ཁའི་གནས་ཞིག་ཏུ་མཐོང་།འོ་ན་གང་འདྲ་བྱས་ནས་འཚོ་བ་སྐྱེལ་ཀྱི་ཡོད་རེད་ཟེར་ན་དབྱར་རྩྭ་དགུན་འབུ་ཁོ་ན་ལ་རེ་ངན་བཅངས་ཏེ་འབྲོག་ས་དང་ཞིང་ས་རྣམས་བདག་མེད་དུ་བཞག་ནས་གྲོང་ཁྱེར་གང་སར་ཚད་ལས་བརྒལ་བ་དང་བློ་དང་ལྡན་པ་རྣམས་ཀྱི་བསམ་ཡུལ་ལས་འདས་པའི་ས་རིན་དང་ཁང་རིན་སྤྲད་ནས་གྲོང་ཁྱེར་དུ་གནས་སྤོ་བྱེད་ཀྱི་ཡོད་པ་དང་།དེ་ནས་སྒོར་ལྷག་རྣམས་རླངས་འཁོར་དང་རྒྱན་ཆ་གྱོན་ཆས་སོགས་ལ་འགྲན་རྩོད་བྱས་ནས་ལོ་དེའི་དབྱར་རྩྭ་དགུན་འབུ་བཙོང་རིན་སྒོར་མོ་རྣམས་ལོ་དེ་གར་མ་རྫོགས་ན་ཐབས་མེད་པ་འདྲ་བོ་ཞིག་དང་།སྒོར་མོ་དེ་དག་གིས་གལ་སྲིད་ཚོང་ལས་སོགས་ལས་རིགས་གཞན་གཉེར་བ་དང་དངུལ་ཁང་དུ་མ་དངུལ་གསོག་འཇོག་བྱེད་མཁན་དེ་འདྲ་ཡོད་ན་ཀུན་གྱིས་མི་དེ་ནི་འདོད་རྔམ་ཚ་བོ་དང་སེར་སྣ་ཆེན་པོ་ཡོད་པ་ཞིག་དང་།ཡང་ན་བྱེད་ཐབས་མ་ཤེས་པའི་བཟོ་འདྲ་བོ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཚོད་འདུག།།

གྲོང་གསེབ་ནས་གྲོང་ཁྱེར་དུ་གནས་སྤོ་བྱེད་མཁན་རྣམས་ཁྱིམ་ཚང་རེར་མང་ཤོས་ལ་མི་བཅུ་བཞི་བཅོ་ལྔ་ཡན་མན་དང་།ཉུང་མཐའ་ལ་གཉིས་གསུམ་ཡན་མན་ཡོད།ཁོ་རང་ཚོས་ལོ་འཁོར་གཅིག་ལ་ཟླ་བ་བཅུ་གཉིས་ཡོད་པ་ལས་དབྱར་རྩྭ་དགུན་འབུ་བརྐོ་དུས་ནི་བོད་ཟླ་བཞི་པ་དང་ལྔ་པ་གཉིས་ཀྱི་ནང་ཁེལ་ཀྱི་ཡོད་ཀྱང་ཁོང་ཚོས་དུས་ཚོད་དེ་ཆ་ཚང་བ་ཞིག་ལེན་ནས་འབུ་བརྐོ་མ་ཐུབ་པར་ཉིན་རེ་ལ་སུམ་ཅུ་བཞི་བཅུ་ཡོད་པའི་སྐབས་སུ་ཡང་མི་བརྐོ་བར་ལོག་ཡོང་གི་ཡོད།དེ་ལས་གཞན་ཟླ་བ་བཅུ་གྲངས་ཞིག་ལ་ལས་ཀ་གང་ཡང་མེད་པར་བརྒྱ་གྲོང་ཉུལ་ནས་འདུག་གི་ཡོད་པ་རེད།

ཡང་དེ་སྔོན་ཡིན་ན་བུ་ཕྲུག་ཕལ་ཆེ་བས་ཕ་མས་ཅི་བཤད་དང་གང་བྱེད་ཉན་ཀྱི་ཡོད་ཀྱང་ད་སྐབས་ཁོ་རང་ཚོས་གང་འདོད་ལས་ཕ་མས་གང་བཤད་ཡོང་གི་མེད་པའི་གནས་ཚུལ་ཉུང་ཉུང་ཞིག་ག་ལ་ཡིན།དེ་འདྲ་ཡོང་དགོས་དོན་ཡང་གཞོན་ནུ་ཚོ་ཅུང་ནར་སོང་བ་ན་རང་ཉིད་ཀྱི་འཚོ་བ་ཕ་མར་རེ་མི་དགོས་པར་དབྱར་རྩྭ་དགུན་འབུ་བརྐོས་ནས་ལོ་རེའི་འཚོ་བ་ལ་དཀའ་ཚེགས་གང་ཡང་མེད་པར་གང་འགྲོ་དང་གང་འདོད་བྱེད་ཆོག་པས་རེད།རྒྱུ་མཚན་དེ་དག་གིས་སློབ་ཕྲུག་ཚོ་ཡང་སློབ་གྲྭ་མཐར་ཕྱིན་པ་ཞིག་འགྲོ་མཁན་ཇེ་ཉུང་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་དང་།ཆོས་བྱེད་ཀྱི་རབ་བྱུང་ཕོ་མོ་ཚོ་ཡང་ཕ་མའི་རེ་བ་དང་དགོན་པའི་སྒྲིག་ཁྲིམས་མ་བསྲུངས་པར་དགོན་པ་ལས་ཐོན་ནས་དབྱར་རྩྭ་དགུན་འབུ་བརྐོ་བ་དང་དེ་ནས་དགོན་གྲོང་ལས་ས་ཐག་རིང་བའི་བརྒྱ་གྲོང་ལ་ཉུལ་ནས་འགྲོ་མཁན་ཡང་བོད་ཀྱི་ས་ཕྱོགས་གང་སར་ཇེ་མང་ནས་ཇེ་མང་དུ་ཡིན་སྐད་རེད།

ཁོ་རང་ཚོ་ཡང་ཕ་མ་དང་འབྲེལ་མེད་དུ་དེ་འདྲ་འགྲོ་དགོས་དོན་ནི་ཕ་མ་སོགས་དང་ཁ་བྲལ་ན་ཡང་ལོ་དེའི་དབྱར་རྩྭ་དགུན་འབུ་བཙོང་རིན་གྱི་སྒོར་མོ་དེས་རང་ཉིད་སུ་ལ་མ་བསྟུན་པར་གང་འདོད་བྱེད་ཆོག་པའི་དབང་གིས་ཡིན་ལ། འོ་ན་གནས་ཚུལ་དེ་དག་ལ་གཞིག་པའི་འབྱུང་འབྲས་གང་འདྲ་ཞིག་ཡོང་གི་ཡོད་དམ་ཞེ་ན་འདི་ནི་ཧ་ཅང་གི་ཉེན་ཁའི་གནས་ཞིག་ཡིན་པ་ནི་གོང་སྨོས་བཞིན་ཡིན་པ་ལྟ་ཅི་སྨོས།དེ་ཡང་རེ་ཞིག་ཀུན་གྱི་འཚོ་རྟེན་དུ་རེ་བའི་དབྱར་རྩྭ་དགུན་འབུ་འདི་ནི་ལོ་རེ་བཞིན་དུས་རྟག་ཏུ་ཡོད་ཡོད་པ་ཞིག་དང་ཉམས་ཆག་མེད་པ་དང་རྫོགས་མཐའ་མེད་པ་ཞིག་གཏན་ནས་མིན་པ་ནི་བློ་དང་ལྡན་པ་ཞིག་གིས་ཞིབ་མོར་དཔྱད་ན་ཤེས་ཐུབ་པ་ཞིག་ལོས་ཡིན།དེ་སྔོན་ལོ་བཞི་བཅུ་ལྔ་བཅུའི་གོང་ལ་མི་རེས་ཉི་མ་གཅིག་ལ་འབུ་སྟོང་ཕྲག་ཁ་ཤས་བརྐོ་ཀྱི་ཡོད་པའི་གནས་ཚུལ་ཡོད།འོན་ཀྱང་དེང་སང་ཡག་པོ་བརྐོ་ཐུབ་མཁན་དེ་ཚོས་ཀྱང་མཚམས་རེ་ལ་མ་གཏོགས་འབུ་བརྒྱ་སྐོར་ཡང་ལོན་གྱི་མེད་པས་ནམ་ཞིག་རྩ་མེད་དུ་འགྲོ་བ་ནི་གསལ་པོ་རེད།

མདོར་ན་ད་སྐབས་གོང་ཞུས་ལྟར་འཚོ་བ་སྐྱེལ་མཁན་གྱི་མི་རྣམས་ནི་དབྱར་རྩྭ་དགུན་འབུ་ཁོ་ན་ལ་སྐྱབས་བཅོལ་ཏེ་དཀའ་ཚེགས་གང་ཡང་མི་དགོས་པར་བདེ་སྐྱིད་ཀྱི་འཚོ་བ་རོལ་པ་ལས།གྲོང་ཁྱེར་དུ་བསྡད་ནས་ཚོང་ཁང་དང་ཟ་ཁང་སོགས་ཚོང་ལས་དང་།ཡོང་སྒོ་ཅན་གྱི་ལས་རིགས་གཞན་པ་གང་ཡང་ལས་ནུས་ཀྱི་མེད་པ་དང་ལས་མི་དགོས་པ་འདྲ་བོ་ཞིག་བྱེད་བཞིན་གནས།འདི་འདྲའི་ལས་མེད་དུ་སྡོད་མཁན་དེ་ཚོ་ནི་ཡར་ཐོན་ཅན་གྱི་མི་རིགས་དེ་ཚོས་གོ་རིག་བྱུང་ཚེ་ངོ་མཚར་བའི་གནས་ཤིག་དང་ཐབས་རྡུགས་ཀྱི་མི་གྲལ་ཞིག་ཏུ་འཇོག་ངེས་ཡིན་པ་ནི་སྨོས་ག་ལ་དགོས།མི་རིང་བར་ནམ་ཞིག་དབྱར་རྩྭ་དགུན་འབུ་འདི་མཇུག་རྫོགས་པ་ཡིན་ན། ཞིང་པའི་ས་ཞིང་དང་འབྲོག་པ་རྣམས་ལ་ཕྱུགས་ཟོག་མེད་པའི་དུས་དེ་འདྲ་ཞིག་འབྱུང་བའི་སྐབས་གྲོགས་པོ་ཚོ་ག་རེ་གནང་ངམ།།ལྷག་དོན་གཞོན་སྐྱེས་ཚོ་ལ་ཡང་སློབ་སྦྱོང་གང་ཡང་མེད་པའི་དུས་ཤིག་མི་རིང་བར་འཆར་ཉེན་འདུག་ལ།གནས་ཚུལ་དེའི་འབྱུང་རྩ་གཙོ་བོ་ཞིག་ཡོད་པ་ནི་མི་མངོན་པའི་དགྲ་བོ་དབྱར་རྩྭ་་དགུན་འབུ་འདི་ཡིན་པ་སྨོས་མེད་རེད།དེས་ན་གྲོགས་པོ་ཚོ་ཡར་ཐོན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཁག་དང་། དཔལ་དང་འབྱོར་བས་ཕྱུག་ཅིང་སློབ་སྦྱོང་དང་སྙན་གྲགས་ཀྱིས་ཁྱབ་པའི་ཕྱི་ཕྱོགས་ཀྱི་གྲགས་ཅན་མི་སྣ་ཁག་ལ་གཅིག་གཟིགས་དང་།དཔལ་འབྱོར་དང་སྙན་གྲགས་ག་ཚོད་ཡོད་པ་དེའི་ཚོད་ཀྱིས་ཡར་རྒྱས་དང་འགྲན་སྡུར།རང་ལ་སྒོར་མོ་ག་ཚོད་ཡོད་ཀྱང་དེ་ལ་ཁ་སྣོན་བྱེད་རྒྱུའི་ཐབས་ཤེས་སྣ་ཚོགས་བྱེད་པ་ལས་ཉེན་ཁ་ཆེ་བའི་འཚོ་རྟེན་གཅིག་ཁོ་ན་ལ་རེ་བ་བྱས་ཏེ་ལོ་དེའི་ཡོང་འབབ་ལོ་དེ་གར་རྫོགས་ཐབས་བྱས་ནས་ཟ་ཉལ་གཉིས་མ་གཏོགས་ལས་མེད་དུ་སྡོད་མཁན་ཞིག་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་ཡོད་པ་ནི་ཉིན་མོའི་སྐར་མ་དང་མཚུངས་སོ། །

མདོར་ན་ཁ་བའི་སྤུན་ཟླ་ཚོ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་རྟེན་དང་ཁ་བྲལ་ནས་གྲོང་ཁྱེར་དུ་གནས་སྤོས་བྱས་ཀྱང་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ལས་བྱུང་བའི་སྒོར་མོ་དེས་མ་འོངས་པའི་འཚོ་རྟེན་ཆེད་ཚོང་ལས་གཉེར་བ་དང་དངུལ་ཁང་ལ་མ་འཇོག་བྱེད་པ་སོགས་ལས་རིགས་སྣ་ཚོགས་ཤིག་གཉེར་དགོས་པ་ནི་སྐབས་དང་དུས་ལ་བབ་འདུག་ལ་ལྷག་དོན་གཞོན་སྐྱེས་ཚོས་ལོ་རེར་དབྱར་རྩྭ་དགུན་འབུ་བརྐོས་ཏེ་ལོ་དེའི་འབུ་རིན་སྒོར་མོ་འབའ་ཞིག་གི་གཞན་དབང་དུ་མ་སོང་པར་བོད་མི་རིགས་ཀྱི་སྲོག་རྩ་དང་རང་ཉིད་ས་ཕྱོགས་གང་དུ་ཕྱིན་ཀྱང་རིན་ཆེན་དངུལ་ལས་ལྷག་པ་དང་དུས་འགྱུར་གྱི་གནས་ཚུལ་གང་འདྲ་ཞིག་བྱུང་ཡང་འཚོ་རྟེན་དང་འདུན་ལམ་ཡོད་པའི་སློབ་སྦྱོང་ལ་ངེས་པར་དུ་འབད་དགོས་པ་ནི་མིག་ཅིག་ཡོད་ན་མཐོང་ཚོད་དང་སེམས་དང་ལྡན་ན་ཤེས་ཚོད་རེད།ཡང་དབྱར་རྩྭ་དགུན་འབུས་བོད་ལ་འབྱུང་འབྲས་ངན་པ་གཞན་ཞིག་སྟེར་ཀྱི་ཡོད་པ་ནི་བོད་མི་རིགས་འདི་ཆགས་དང་འཇིག་གི་མཚམས་འདིར་འབུ་འདིའི་ཆེད་དུ་སྤུན་ཟླ་མང་པོ་ཞིག་དོན་མེད་དུ་ཚེ་སྲོག་ཤོར་ཀྱི་ཡོད་ལ་བོད་མི་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་མེད་པ་བཟོ་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་འདི་ཡིན་པ་རེད།

དེ་ཡང་དབྱར་རྩྭ་དགུན་འབུ་འདི་བོད་ཀྱི་ས་ཁུལ་རྣམས་སུ་ཡོད་མེད་ཀྱི་ཁྱད་པར་ཆེ་བས།གལ་སྲིད་འབུ་མེད་པའི་ས་ཁུལ་གྱི་མི་རྣམས་འབུ་ཡོད་པའི་ས་ཁུལ་དུ་འབུ་བརྐོ་རུ་འགྲོ་ཚེ་ས་རིན་སྒོར་མོ་སྟོང་ཕྲག་མང་པོ་སྤྲད་ནས་འགྲོ་དགོས་པ་ལས་ས་གནས་སོ་སོར་ས་མཚམས་དང་ཆུ་མཚམས་ཀྱིས་ཁྱད་པར་འབྱེད་དེ་དབྱར་རྩྭ་དགུན་འབུ་ཡོད་པའི་ས་ཁུལ་ཁག་ཏུ་ནམ་རྒྱུན་འཆམ་མཐུན་དང་གཅིག་སྒྲིལ་གང་འདྲ་ཞིག་ཡོད་རུང་དུས་ཚིགས་འདིར་རྩོད་རྙོག་སྣ་ཚོགས་བསྟུད་མར་མི་འབྱུང་བའི་དུས་ཤིག་ག་ལ་སྲིད། དབྱར་རྩྭ་དགུན་འབུ་བརྐོ་ཐེངས་རེར་ས་ཕྱོགས་གང་སར་སྡེ་བ་ཅིག་ཅིག་ནས་མི་ཞིག་བསད་སོང་ཟེར་བ་དང་ཡང་གཞན་ཞིག་ནས་རྡུང་རེས་བྱས་སོང་ཟེར་བ་སོགས་སྐད་ཆ་རྒྱུན་ཆད་མེད་པ་ཞིག་དང་དེའི་རྐྱེན་པས་མི་དམངས་མང་པོ་ཞིག་མགོ་བཅག་ལག་རྨས་དང་ཤ་རྡུང་རུས་རྡུང་གིས་སྨན་ཁང་དུ་འཚང་ཁ་ཤིག་ཤིག་འགྲོ་དགོས་ཡོད་པའི་གནས་ཚུལ་ནི་ལོ་རེ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཚུལ་རེད།

འོ་ན་མི་མངོན་པའི་དགྲ་རུ་གྱུར་པའི་དབྱར་རྩྭ་དགུན་འབུ་ཞེས་པ་འདི་ནི་གང་འདྲ་ཞིག་ཡོད་དམ་ཞེ་ན།འདི་ནི་དབྱར་ལ་རྩྭ་དང་དགུན་ལ་འབུ་ཡིན་པར་བཤད་ཀྱི་ཡོད་དེ་ཡང་ཁོ་རང་གི་གཟུགས་དབྱིབས་ནི་སེམས་ལྡན་གྱི་འབུ་ཞིག་དང་འདྲ་བ་རྐང་ལག་དང་མགོ་ཁ་མིག་སོགས་དབང་པོའི་གཟུགས་དབྱིབས་ལྡན་ཞིང་།དབྱར་དུས་སམ་དཔྱིད་དུས་སུ་ཁོ་རང་གི་གཟུགས་དབྱིབས་ཡོངས་རྫོགས་ས་འོག་ཏུ་ཡོད་ཀྱང་མགོ་ལ་རྭ་ཞིག་ཡོད་པ་དེ་དཔྱིད་ཀྱི་དཔལ་ཡོན་བཞད་སྐབས་སུ་ཕྱི་ལ་ཐོན་ཡོང་གི་ཡོད་ལ།དེ་ཡང་རི་ལུང་གང་སར་མེད་པར་གཙོ་བོ་སྤང་རི་ཤས་ཆེ་བར་སྐྱེ་ཀྱི་ཡོད་པས་དབྱར་རྩྭ་དགུན་འབུ་དོན་གཉེར་པ་རྣམས་ཀྱིས་ཀྱང་སུག་བཞི་ས་ལ་བཙུགས་ནས་རྩྭ་གསེང་དུ་མིག་ཧྲིག་ཧྲིག་བྱས་ནས་རྭ་དེ་འཚོལ་གྱི་ཡོད།དགུན་འབུ་ཟེར་དགོས་དོན་ཡང་དགུན་དུས་སུ་མགོ་ལ་རྭ་མེད་པ་ལས་གཞན་གཟུགས་དབྱིབས་དེ་དང་ཆ་འདྲ་བའི་སེམས་ལྡན་གྱི་འབུ་ཞིག་སྐབས་སྐབས་སུ་ས་འོག་ནས་ཐོན་གྱི་ཡོད་པའི་རྒྱུ་མཚན་གྱིས་དགུན་འབུ་ཟེར་བ་དེ་འདྲ་ཡང་ཡིན་སྲིད།

མདོར་ན་དངོས་པོ་འདི་རིན་ཐང་ཆེ་བའི་རྩ་ཆེའི་རང་བྱུང་གི་ཐོན་ཁུངས་ཤིག་ཡིན་ཀྱང་ལོངས་སུ་སྤྱོད་པ་པོ་རྣམས་ཀྱིས་ཤེས་ཡོན་དང་བསམ་བློའི་ཆུ་ཚད་ཞན་པའི་རྐྱེན་གྱིས་བེད་སྤྱོད་ལོག་པར་བཏང་ནས་གོང་ཞུས་ཀྱི་གནས་ཚུལ་ངན་པ་རྣམས་འབྱུང་གི་ཡོད།།

Related Articles