ཀང་རའི་མཁར་རྫོང་དུ་ཕྱིན་པའི་ཟིན་ཐོ།

རྡོ་དཀར་ཁྲ།     

ང་རང་རྒྱ་གར་ན་གྲགས་ཆེ་བའི་ཀང་རའི་མཁར་རྫོང་གི་ཉེ་འཁོར་འདིར་འཚོ་བ་བསྐྱལ་ནས་མི་ལོ་ཧྲིལ་པོ་མང་དག་ཅིག་ཕྱིན་མོད།

ལྷ་སའི་རྒས་མོས་ལྷ་སའི་ཇོ་བོ་མི་མཇལ་ཞེས་པའི་དཔེ་ལྟར་ལོ་དེ་དག་གི་རིང་ལ་ངས་ཀང་རའི་མཁར་རྫོང་ཇི་འདྲའི་རྫིག་ཉམས་ལྡན་པ་ཞིག་ཡིན་པ་མིག་གིས་ལོངས་སུ་སྤྱོད་མ་ཐུབ་པར་ལུས། དེ་ནི་གཙོ་བོར་རྒྱུ་མཚན་གཅིག་ཁོ་ན་ལས་མེད་དེ་རང་ཉིད་རླངས་འཁོར་ནང་མི་འཕྲོད་པ་དེ་རེད། ངས་རྒྱུན་དུ་རང་ཉིད་ཅིའི་ཕྱིར་རླངས་འཁོར་ནང་མི་འཕྲོད་པ་རེད་ཅེས་སོ་སོས་སོ་སོར་འཁང་ར་བྱེད་ཀྱི་ཡོད།

གལ་སྲིད་རླངས་འཁོར་ནང་འགྲོ་སྐབས་མགོ་ཡུ་འཁོར་བ་སོགས་ཀྱི་དཀའ་ངལ་མེད་ཚེ། ངས་མ་མཐར་ལ་གུང་སེང་གི་དུས་ཚོད་དག་བེད་སྤྱད་ནས་རྒྱ་གར་དུ་གྲགས་ཆེ་བའི་གནའ་བོའི་དགོན་རྙིང་དང་རྒྱལ་ཁང་སོགས་མང་པོ་ཞིག་མིག་གིས་ལོངས་སུ་སྤྱད་ཚར་ཡོད་ངེས་རེད་ལ། མ་འོངས་པར་ང་རང་བོད་དུ་ཕྱིར་ལོག་ཐུབ་པའི་གོ་སྐབས་ཤིག་ཤར་ཚེ། ངས་ཁོང་ཚོ་ལ་གནས་འདིར་གྲགས་ཆེ་བའི་དགོན་རྙིང་དང་མཁར་རྫོང་སོགས་མང་དག་ཅིག་གི་མཛེས་སྡུག་ངོ་སྤྲོད་བྱེད་ཐུབ། ཡིན་ན་ཡང་། ང་རང་ཡུལ་གྱར་གྱི་འཚོ་བ་བསྐྱལ་ནས་ལོ་མང་འདས་ཀྱང་མཁའ་དབུགས་དོག་པའི་ཤིང་ནགས་འདིའི་དཀྱིལ་དུ་ལུས་ནས་རྒྱུས་ཡོད་དུ་གྱུར་བ་ནི་གྲོག་མ་དང་ཤིང་འབུ་ཙམ་དུ་ཟད། སྟབས་ལེགས་པ་ཞིག་ལ་དགེ་རྒན་མེ་འོད་ཀྱི་བཀའ་དྲིན་ལ་བརྟེན་ནས་ང་རང་འཚོ་སྡོད་བྱེད་སའི་ཉེ་འཁོར་ན་མི་ལོ་ཧྲིལ་པོ་སུམ་སྟོང་ལྔ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཀང་རའི་མཁར་རྫོང་གི་མཛེས་སྡུག་འཛིན་གྲོགས་ཚོ་དང་ལྷན་དུ་མཉམ་སྤྱོད་བྱེད་པའི་ཉིན་བཟང་ཞིག་དེ་རིང་གཞི་ནས་ཤར་བ་རེད།

ང་ཚོ་སློབ་གྲྭ་ནས་ཐོན་དུས་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཏག་ཏག་རེད། མ་གཞི་ང་ཚོའི་འཛིན་གྲྭའི་ནང་སློབ་མ་སུམ་ཅུ་ཙམ་ཡོད་མོད་འཛིན་གྲོགས་མང་དག་ཅིག་རྒྱུ་རྐྱེན་སྣ་ཚོགས་ཤིག་ལ་ཁ་གཡར་ནས་མ་ཡོང་པར་བརྟེན། འགྲུལ་སྐྱེལ་རླངས་འཁོར་གྱི་རྐུབ་སྟེགས་མང་དག་ཅིག་སྟོང་པར་གྱུར་འདུག་པས། དེས་བདག་གི་སེམས་ཁམས་སྟོང་ལྷང་ལྷང་ཞིག་བཟོ་འོང་ ཡིན་ཡང་། རླངས་འཁོར་འགྲོ་འགོ་བརྩམས་ཤིང་བདག་གི་རྒྱབ་ལོགས་ཀྱི་རྐུབ་སྟེགས་སྟར་ཕྲེང་དེ་དག་གི་ཐོག་ཏུ་བསྡད་པའི་འཛིན་གྲོགས་རྣམས་ཀྱིས་གླུ་དབྱངས་དང་རྩེད་རྒོད་ལ་རོལ་བ་དེས། ནད་ཐོག་གི་སྨན་འཁེལ་གྱི་དཔེ་རུ་གྱུར་ནས་ཡི་མུག་ཏུ་གྱུར་བའི་བདག་གི་སེམས་པ་བདེ་སྣང་གིས་བཟི་རུ་བཅུག་བྱུང་། དེ་ལྟར་བུ་མོ་རྣམས་གྱིས་གླུ་གཞས་བཏང་བའི་སྐད་སྒྲ་དང་བྱམས་པ་ཡིས་འགྲུལ་སྐྱེལ་རླངས་འཁོར་ནང་དུ་ཐད་དུ་བསླངས་པའི་ལྕགས་གདུང་རྐང་པས་འཁྱུད་ནས་རྩེད་མཚར་བསླངས་པ་སོགས་ཀྱི་ལྟད་མོར་རོལ་བཞིན་སྐད་ཅིག་ཉིད་ལ་ཀང་རའི་མཁར་རྫོང་དུ་སླེབས་བྱུང་། དེ་དུས་ངས་ཆུ་ཚོད་ལ་བལྟས་པ་ན་ང་ཚོའི་སློབ་གྲྭ་ནས་མཁར་རྫོང་དེ་བར་དུ་ཆུ་ཚོད་ཕྱེད་ཀའི་ལམ་ཐག་ཙམ་ལས་མེད་པ་རྟོགས་བྱུང་།

དུས་རྒྱུན་སློབ་གྲྭ་ནས་ཀང་རའི་ཕྱོགས་སུ་ལྟ་སྐབས་ཚང་ཚིང་ཤིང་ནགས་ཀྱི་ཐོད་དུ་དུ་ཞག་འཁྱིལ་བའི་ས་ཆ་སྙོམ་པོ་འབར་འབུར་དེ་ཙམ་མེད་པ་ཞིག་སྣང་མོད། གནས་འདིར་དངོས་སུ་སླེབས་དུས་འབར་འབུར་གྱི་རི་བོ་མང་ཞིང་ལྷག་ཏུ་མཁར་རྫོང་ཆགས་སའི་རི་བོ་དེ་མཐོན་པོ་ཡོད་པ་མ་ཟད་དེའི་ཐད་ཀྱི་རི་བོ་དེ་ཧ་ཅང་གི་མཐོ། ངེད་རྣམས་མཁར་རྫོང་ནང་དུ་འགྲོ་ཆོག་པའི་འཛིན་བྱང་ཉོས་རྗེས་ད་དུང་བོད་སྐད་ཐོག་ནས་མཁར་རྫོང་དེའི་འགྲེལ་བཤད་ཡོད་པའི་བརྙན་ཆས་ཁ་ཤས་ཤིག་གཡར་ཞིང་། དེ་རྗེས་གུང་ཟས་བླུགས་པའི་སྣོད་ཆས་དག་ཐོགས་ནས་མཁར་རྫོང་ནང་དུ་འཛུལ་བ་ཡིན། མ་གཞི་ངའི་སེམས་སུ་བོད་སྐད་ཀྱི་ལམ་ནས་འགྲེལ་བཤད་ཡོད་པའི་བརྙན་ཆས་དེའི་ནང་འགྲེལ་བཤད་ལྟར་ཞིབ་ཚགས་ཤིག་ལྟ་དགོས་སྙམ་མོད། ལག་ཏུ་གུང་ཟས་བླུགས་པའི་སྣོད་ཆས་ཆེན་པོ་ཞིག་ཐོགས་ཡོད་པས། བརྙན་ཆས་ཨང་གྲངས་བསྒྲིགས་བརྗེ་བྱས་ནས་ཞིབ་ཚགས་ཉན་རྒྱུ་ནི་རྩམ་པ་འགམ་རྒྱུ་དང་གླིང་བུ་འབུད་རྒྱུའི་དཔེ་རུ་གྱུར་སོང་།

མཁར་རྫོང་གི་རྒྱལ་སྒོ་ཐོག་མ་དེའི་ཐོད་དུ་ཁང་སྟར་ཞིག་ཡོད་པ་དེ་རྩིག་སྲུབ་མང་དག་ཅིག་གིས་ཁེངས་འདུག མར་ལོག་ཡོང་སྐབས་ཁང་པ་དེའི་ནང་འཛུལ་ནས་ལྟ་དུས། རྩིག་སྲུབ་གང་ནས་བལྟས་ཀྱང་ཕྱི་ཡི་ལམ་དེ་ཏག་ཏག་མཐོང་གི་འདུག་པས། ཕྱི་ཡི་དགྲ་བོ་ལམ་དེ་ནས་ཡོང་དུས་སྒོ་སྲུང་རྣམས་གྱིས་མདའ་འཕེན་སའི་ཁུང་བུ་ཞིག་ཡིན་པ་རྟོགས་ཐུབ། དེ་ལྟར་ང་རང་རྒྱལ་སྒོ་རེ་རེ་བཞིན་བརྒྱུད་སྐབས་བཟོ་བཀོད་མི་འདྲ་རེ་མངོན་འོང་ལ། དེས་བདག་ལ་ཚོར་སྣང་མི་འདྲ་བ་རེ་སྦྱིན་མོད། ཆེས་ཡིད་སྨོན་དང་ཡ་མཚན་སྐྱེ་ས་ནི་དམག་འཁྲུག་གི་སྒྱོགས་རྡོས་གཏོར་མ་ཐུབ་ཅིང་། དུས་ཀྱི་ཆར་ཆུས་ཟད་མ་ཐུབ་པ། ས་འགུལ་གྱི་གནོད་འཚེ་ཡིས་བསྒྱེལ་མ་ཐུབ་པའི་ཕྱི་ཡི་ལྕགས་རི་མཐོ་པོ་དེ་རེད། ལྕགས་རེ་དེ་མཐོ་ཞིང་རྩིག་ཞིང་ཧ་ཅང་ཆེ་ལ། རྩིག་རྡོ་དེ་དག་ཆེ་ཆུང་མཚུངས་ཤིང་རྩིག་ངོས་སྙོམ་པས། ད་ལྟའི་ཚན་རྩལ་གྱི་དུས་རབས་ལ་དེ་ལྟ་བུ་ཞིག་བསྐྲུན་རྒྱུར་ཅུང་དཀའ་བའི་ཚད་དུ་སླེབས་འདུག་སྙམ། ལྕགས་རིའི་རྩིག་ངོས་སུ་རྩིག་སྲུབ་ནར་མོ་མང་ཞིང་དེ་དག་ཕྱི་ནས་ལྟ་སྐབས་སྲུབ་ཀྱི་ཞིང་སོར་གསུམ་ཙམ་ལས་ཕལ་ཆེར་མེད་མོད་ནང་ནས་འདོམ་ཕྱེད་ཙམ་འདུག །མ་ཟད་རྩིག་སྲུབ་དེ་དག་ཐུར་དུ་ཟུག་འདུག་པས། གོང་བཞིན་ཕྱི་ཡི་དགྲ་བོར་མདའ་མདུང་འཕེན་ས་ཡིན་པར་ཚོད་བགམ་བྱེད་ཐུབ། ང་ཚོ་ཡིས་ལྕགས་རི་དང་རྩིག་སྲུབ་དེ་དག་ལ་བལྟས་རྗེས་མིག་བཙུམས་ནས་ཞིབ་འདང་ཞིག་བརྒྱབ་ཚེ། མིག་ངོས་སུ་གསལ་འོང་བ་ནི་རྩིག་ངོས་ཁྲག་གིས་ཁེངས་ཤིང་རྩིག་མཚམས་རོ་ཡིས་ཁེངས་པའི་སྐྱོ་གར་གྱི་སྣང་བརྙན་ཙམ་ལས་འཆར་རྒྱུ་ཕལ་ཆེར་དཀའ་བར་འགྱུར།

དེ་ལྟར་རིམ་བཞིན་གྱེན་ནས་གྱེན་དུ་འཛེགས་པས་མཐར་རྐུབ་སྟེགས་ནར་མོ་བཞག་པའི་ས་ཆ་སྟོང་པ་ཞིག་ལ་སླེབས་བྱུང་། རྐུབ་སྟེགས་དེའི་ཐོག་ཏུ་བསྡད་ནས་ཐད་དུ་ལྟ་དུས་མཁར་རྫོང་དེ་ཆག་སའི་རི་བོ་དེ་ལས་ཀྱང་མཐོ་བའི་རི་བོ་གཞོགས་སྐྱ་བོ་ཅན་ཞིག་མངོན་ཡོང་ བཤད་ཚུལ་ལ་ཁ་སྤྲོད་ཀྱི་རི་བོ་དེ་ནི་ཐོག་མར་ངོས་སྙོམ་པོ་མེད་པ་མ་ཟད་ཤིང་ནགས་དང་རྩྭ་ལྡུམ་སོགས་ཀྱིས་ཁེངས་ཡོད་སྐད། གནས་དེར་དགྲ་བོ་གབ་པར་དོགས་ནས་རྗེས་སུ་རི་རྩེ་ནས་ཐག་པ་བསྣར་ནས་མིའི་ལག་པས་རི་ངོས་དེ་སྙོམ་པོ་བཟོས་པར་གྲགས། ད་ལྟ་རི་བོ་དེའི་གཞོགས་སྐྱ་བོ་ཡིན་པ་མ་ཟད་ངོས་སྙོམ་པས། དེ་ལ་མི་ཞིག་འཛེགས་དགོས་ན་དཀའ་བའི་ཚད་དུ་ལྷུང་འདུག །

དེ་ནས་ངེད་རྣམས་མུ་མཐུད་དུ་འཛེགས་པས་དཀྱིལ་དུ་གནའ་སྡོང་ཆེན་པོ་ཡོད་པའི་རྭ་བ་ཞིག་ལ་སླེབས་བྱུང་། རྭ་བ་དེའི་ཕྱོགས་བཞི་ལ་གྱང་རོ་དང་གནའ་མཁར་གྱིས་ཁེངས་འདུག་པས། ས་དེར་མཁར་རྫོང་དེའི་ལྟེ་གནས་གཙོ་བོ་ཞིག་ཡིན་པ་ཚོད་དཔག་བྱེད་ཐུབ། མདོར་ན་དེའི་གཡས་གཡོན་དུ་བཙོན་ཁང་དང་ལྷ་ཁང་འདུག་ལ། རྡོ་བཟོས་ཀྱི་ཀ་བ་རིང་ཞིང་སྦོམ་པ་གཉིས་མ་ཉམས་པར་འགྱིང་ངེར་ལངས་འདུག དེ་ལས་ཀྱང་ཡ་མཚན་པ་ནི་དེ་ནས་གྱེན་དུ་འཛེགས་སའི་ཁང་པ་དེའི་རྩིག་རྩེ་ནས་རྩིག་གཤམ་བར་དུ་མཆོད་རྟེན་དང་མེ་ཏོག་སོགས་བརྐོས་རིས་སྣ་ཚོགས་ཀྱིས་ཁེངས་འདུག་པས། བཟོ་རྩལ་པ་རྣམས་ཀྱིས་དེའི་ཐོག་མི་ལོ་བཅུའི་དུས་ཚོད་བཏང་མྱོང་བ་རེད་ཟེར། མདོར་ན་རྡོ་བཟོས་ཀྱི་ཀ་བ་སོགས་དང་བརྐོས་རིས་དེ་དག་ལ་བལྟས་ཚེ་མི་ཟོག་གཉིས་ལ་མནར་གཅོད་ཅི་ཙམ་བཏང་ཡོད་པ་གསལ་པོ་ཤེས་ཡོང་། ཏག་ཏག་རེད། ངེད་རྣམས་གནའ་སྡོང་དེའི་འཁྲིས་ལ་དྲན་རྟེན་གྱི་འདྲ་པར་ཞིག་ལྷན་དུ་བརྒྱབ་པ་ཡིན། ང་ཚོས་གཡར་བའི་བརྙན་ཆས་དེའི་ནང་གི་སྐད་ཆ་ཞིག་སྟེ།"གལ་སྲིད་དུས་རབས་གསུམ་ལྷག་ཙམ་ཕྱིན་པའི་སྡོང་པོ་འདིས་སྐད་ཆ་བཤད་ཤེས་ཀྱི་ཡོད་ཚེ། ང་ཚོ་ལ་ཅི་འདྲའི་གནས་ཚུལ་མང་པོ་མཁོ་སྤྲོད་བྱེད་ཡོང་"ཞེས་པ་ལྟར། གལ་སྲིད་གནའ་སྡོང་འདིས་སྐད་ཆ་བཤད་ཤེས་ཀྱི་ཡོད་ཚེ། ས་རཱ་མཐོ་སློབ་ཀྱི་སློབ་མ་ཉི་ཤུ་མ་ཟིན་ཙམ་ཞིག་འཛུམ་ཤིག་ཤིག་ངང་ངའི་འགྲམ་ལ་དྲན་རྟེན་གྱི་འདྲ་པར་ཞིག་བརྒྱབ་སོང་ཟེར་ནས་ང་ཚོའི་རིགས་རྒྱུད་རྣམས་ལ་འཆད་ངེས་སྙམ།

དྲན་རྟེན་གྱི་པར་དེ་བརྒྱབ་ཚར་རྗེས་ངེད་ཚོས་དེའི་ཕྱོགས་ཀུན་ལ་མིག་མྱུར་བློ་ཁ་ཚིམ་པ་ཞིག་བྱས་རྗེས་མུ་མཐུད་དུ་གྱེན་དུ་འཛེགས་པ་ཡིན། དེ་ནས་ཡར་འཛེགས་སའི་རྡོ་སྐས་དེ་དག་ནི་འོག་གི་སྐས་ཐེམ་ལས་ལྡབ་ཀྱིས་ཁ་ཞིང་ཆུང་འདུག ངའི་རྣ་སྟེང་དུ་བསྐྱོན་པའི་བརྙན་ཆས་དེས་ང་ལ་ངོ་སྤྲོད་བྱས་པ་ལྟར་ན། གྱང་དབར་གྱི་རྡོ་སྐས་དེ་ནས་མི་གཉིས་ལས་མི་ཤོང་ཞིང་། དེ་ནི་དགྲ་བོ་བཙན་འཛུལ་བྱས་ཚེ་སྡེབ་གཅིག་ཏུ་ཕོ་བྲང་ནང་དུ་འཛུལ་མི་ཐུབ་པའི་ཆེད་དུ་རེད་ཟེར། དེའི་རྒྱུད་ལ་དེ་ལྟ་བུ་བཙན་ས་ཞིག་བཟོ་དགོས་དོན་ནི་དེའི་སྟེང་གི་ཁང་པ་ཞིག་རོ་དེ་དག་ནི་རྒྱལ་པོ་དང་རྒྱལ་པོའི་ཁྱིམ་མི་ཚོ་བཞུགས་སའི་ཕོ་བྲང་དག་ཡིན་པས་རེད།མ་གཞི་ད་ལྟ་རྒྱལ་པོ་བཞུགས་སའི་ཕོ་བྲང་དག་མཐོར་ཞིག་ཏུ་སོང་ནས་མཛེས་སྡུག་གི་ཉམས་དེ་ཙམ་མེད་མོད། མཁར་རྫོང་དེའི་རྩེ་མོར་ཁེལ་འདུག་པ་དེས་ང་ཚོ་ལ་གསལ་བཤད་ཅིག་བྱེད་ཡོང་།

ཡང་ཐོག་འཁྱམས་རའི་ས་ཆ་དེ་ནི་མཁར་རྫོང་ནས་རྒྱང་ལྟ་བྱེད་སའི་སྐྱོགས་མཁར་དེ་རེད། སྐྱོགས་མཁར་ཞེས་འབོད་དགོས་དོན་ནི་མཁར་དེའི་བཟོ་དབྱིབས་སྐྱོགས་ཤིག་དང་ཡོངས་སུ་མཚུངས།མཁར་དེའི་ཐོག་ནས་མར་ལྟ་སྐབས་མཁར་རྫོང་འདི་ནི་ཆུ་བོ་གཉིས་འདུས་མདོའི་བར་དུ་ཡོད་པའི་རི་རྩེ་ཞིག་ལ་ཆགས་ཡོད་པ་ཤེས་ཐུབ། མ་གཞི་སའི་གོ་ལའི་འགྱུར་བག་གི་དབང་གིས་ད་ལྟ་ལུང་པ་གཉིས་ནས་བཞུར་བའི་ཆུ་བོ་དེ་གཉིས་སྐམ་ལ་ཁད་མོད། མི་ལོ་སུམ་སྟོང་ལྔ་བརྒྱའི་གོང་ཆུ་བོ་དེ་རྒྱལ་མོ་དངུལ་ཆུ་བཞིན་སྔོ་མེར་མེར་བཞུར་བཞིན་ཡོད་པ་གྲམ་རྒྱ་ལས་རྟོགས་ཐུབ། གང་ལྟར་སྐྱོགས་མཁར་དེའི་རྩེད་མོ་ནས་ལྟ་སྐབས་རྒྱང་རིང་གི་ཡུལ་ལྗོངས་ལག་འཐིལ་བླུགས་པ་བཞིན་གསལ་པོ་མཐོང་ཐུབ། གལ་སྲིད་འདང་རྒྱག་དང་སེམས་ཀྱི་འཆར་བཀོད་སྣ་ཚོགས་བྱེད་རྒྱུར་དགའ་བའི་མི་ཞིག་ཡིན་ཚེ། སྐྱོགས་མཁར་དེའི་ཐོག་ཏུ་གོས་ཆེན་དང་ནོར་བུའི་རིགས་ཀྱིས་རྒྱན་པའི་རྒྱལ་པོ་ཞིག་གསེར་གྱི་ཁྲི་ཐོག་ལ་བཞུགས་ཤིང་།མདུན་གྱི་ཅོག་ཙེའི་ཐོག་ཏུ་གསེར་དངུལ་གྱི་སྡེར་མ་སྣ་ཚོགས་ཀྱི་ནང་དུ་ཟས་རིགས་འདྲ་མིན་བཤམས་པ་དང། གཡས་གཡོན་དུ་གདུགས་དང་རླུང་གཡབ་བཟུང་བའི་ཁོལ་མོ་གཉིས་ལངས་པ་མ་ཟད། དེའི་མཐའ་འཁོར་དུ་ད་སོ་མ་བཞད་པའི་མེ་ཏོག་ལྟར་མཛེས་སྡུག་རྣམ་པར་བཀྲ་བའི་ཞབས་ཞུ་མང་དག་ཅིག་བསྐོར་ཞིང་། བཞུགས་ཁྲིའི་གཡས་གཡོན་དུ་བཙུན་མོ་གཉིས་ཀྱིས་གཅེས་ལང་གི་ཚུལ་གྱིས་རྒྱལ་པོའི་ཁའི་ནང་ཤིང་འབྲས་བཅུག་བཞིན་པའི་སྣང་ཚུལ་ཞིག་འཆར་བཀོད་བྱེད་པར་ངེས། གང་ལྟར་མི་ལོ་སུམ་སྟོང་ལྔ་བརྒྱའི་གོང་དུ་(སུ་ཤར་མར་ཅཱང་ཙི་)མཆོག་གིས་རང་གི་རྒྱལ་སྲིད་སྲུང་བའི་ཆེད་དུ་བསྐྲུན་པའི་རྒྱ་གར་རྒྱལ་ཡོངས་ནང་མཁར་རྫོང་ཆེ་ཤོས་འདི། མི་ཉམས་འགྱིང་ངེར་གནས་པའི་རྒྱུ་མཚན་ནི་མཁར་རྫོང་འདིའི་ས་བབ་བཙན་པ་ལོ་རྒྱུས་ཉམས་ཞིབ་པ་རྣམས་ཀྱིས་བཤད་ཀྱི་ཡོད་པ་བཞིན། དེ་རིང་ཁོ་བོས་དངོས་སུ་མཐོང་པ་དེས་ལོ་རྒྱུས་དཔྱད་ཞིབ་པ་རྣམས་ཀྱིས་བཤད་པའི་སྐད་ཆ་ལ་ཡིད་ཆེས་མི་བྱེད་ཀ་མེད་དུ་གྱུར་སོང་།

མཁར་རྫོང་གི་ཕྱོགས་ཀུན་ལྟད་མོ་གྲུབ་རྗེས་ཆུ་ཚོད་བཅུ་གཉིས་ཟིན་ལ་ཉེ་བས་ངེད་རྣམས་རྒྱལ་པོའི་ཁྱིམ་མི་རྣམས་ཀྱི་ཕོ་བྲང་དུ་འབོད་པའི་ཁང་པ་ཞིག་རོ་དེའི་ཟུར་གྱི་སྤང་ཁ་ཡོད་ས་ཞིག་ལ་སྒོར་སྒོར་བྱས་ནས་བསྡད་དེ་ཉིན་གུང་གི་ཁ་ལག་བཟས་པ་ཡིན། ལོ་མང་པོའི་གོང་ས་ཆ་དེ་མི་རེ་གཉིས་ཤིག་གིས་སྒེར་བཟུང་བྱས་ཡོད་པས། ང་ཚོ་ལྟར་སྤྱིར་བཏང་གི་མི་བུ་དཀྱུས་མ་རྣམས་གནས་དེར་ཁ་ལག་ཟ་བའི་ཐོབ་ཐང་ཞིག་ག་ལ་ཡོད། ཡིན་ཡང་། དུས་ཚོད་ཀྱི་འགྱུར་འགྲོས་དབང་གིས་གནས་སྟངས་ཡོད་ཚད་འགྱུར་བ་ཕྱིན་ནས་ཧིན་སྒོར་ལྔ་ཡིས་གནས་དེར་བསྡད་ཆོག་པས། སྔར་གྱི་དབང་ཤུགས་དང་གནས་བབ་སོགས་ཡོད་ཚད་ལོ་རྒྱུས་ཙམ་དུ་ཟད་པ་རེད། དེ་ལྟར་ཉིན་གུང་ཁ་ལག་བཟས་རྗེས་ང་རང་མཁར་རྫོང་གི་ཕྱོགས་ཀུན་དུ་བསྐྱར་མྱུལ་ཞིག་བྱས་ནས་ཚུར་སྤང་ཁ་ཡོད་ས་དེར་ལོག་ཡོང་དུས། འཛིན་གྲོགས་རྣམས་སྔར་བཞིན་རྩེད་མོ་རྩེ་བཞིན་འདུག་ལ། དགོད་སྒྲ་ཡིས་མཁར་རྫོང་དེའི་ལྷིང་འཇགས་ཡོངས་སུ་བཅོམ་འགྲོ། སྐབས་དེར་ཉི་འོད་ཧ་ཅང་དྲོ་བས་ང་རང་གྱང་རོ་ཞིག་གི་འཁྲིས་ལ་ཚ་གདུག་གཡོལ་ཏེ་ཁོང་ཚོ་རྩེད་མོ་རྩེ་སར་གཡེངས་ནས་ཡུན་རིང་ཞིག་བསྡད་པ་ཡིན། དེ་ལྟར་དགོད་སྒྲ་དང་འཛུམ་མདངས་ཀྱི་ངང་ནས་གནས་དེར་ཆུ་ཚོད་གསུམ་པ་ཡོལ་ཙམ་བར་དུ་བསྡད་རྗེས། འཛིན་གྲོགས་རེ་རེའི་གདོང་ནས་ཡིད་ཚིམ་པའི་རྣམ་འགྱུར་རེ་བཞད་དེ་མཁར་རྫོང་དེའི་སྐས་ཐེམ་རེ་རེ་བཞིན་རྐང་འོག་ཏུ་མནན་ནས་ཐུར་དུ་བབས་པ་ཡིན།

ཀང་རའི་མཁར་རྫོང་སྤྲོ་འཆམ་ཚར་རྗེས་ངེད་རྣམས་འགྲུལ་སྐྱེལ་རླངས་འཁོར་དུ་བསྡད་ནས་སློབ་གྲྭའི་ཕྱོགས་སུ་ལོག་འགོ་བརྩམས། ད་སྐབས་ཀང་རར་ཚོང་འདུས་ཤིག་འཚོགས་ཡོད་པས། འཛིན་གྲོགས་ཚོས་ཞོར་དུ་དེ་ལ་ཐེངས་ཤིག་འགྲོ་དགོས་པའི་ནན་ཞུ་བྱས་པ་མ་ཟད་"མཚོ་ཞག་གི་གྲུ"ཞེས་པའི་རྩེད་ཆས་དེའི་ནང་ལྷན་ཞུགས་བྱེད་དགོས་ཟེར། མ་གཞི་གྲུ་དེའི་ནང་བསྡད་ཚེ་མགོ་ཡུ་འཁོར་རྒྱུ་ཡིན་པ་སྔོན་རྩིས་ཐུབ་མོད་འཛིན་གྲོགས་ཚོར་ངོ་བཅོག་མ་ཐུབ་པར་ཁས་ལེན་བྱེད་དགོས་བྱུང་། དང་ཐོག་གྲུ་དེ་འགུལ་བར་དལ་ལ་འགུལ་ཚད་ཀྱང་དམའ། རིམ་བཞིན་མགྱོགས་ཚད་ཆེ་རུ་ཕྱིན་པ་མ་ཟད་ཡར་ལྡིང་དུས་ཐང་དཀར་རྒོད་པོ་དང་འདྲ་ཞིང་མར་བབས་དུས་བྱ་གླག་དང་མཚུངས་པས། སྐབས་དེར་ངའི་ཁོག་པའི་ནང་གི་ཛར་ཛོར་རྣམས་མཚམས་རེ་མིད་པའི་འཁྲིས་ལ་སླེབས་པ་དང་ལན་རེ་རྒྱུ་སྨད་བར་དུ་དེད་སོང་སྙམ་པ་ལྟ་བུ་ཞིག་བྱུང་བས། ལྷན་དུ་མགོ་ཡུ་འཁོར་ཞིང་སྐྱུག་ལ་ཁད་བྱས་པས་ལག་པ་ཁ་ལ་བཀབ་ནས་གྲུ་དེ་མགྱོགས་ཙམ་འགུལ་མཚམས་འཇོག་པའི་རེ་བ་ཁོ་ན་བྱས་ནས་བསྡད། མཚམས་དེར་འཛིན་གྲོགས་བྱམས་པས་མིད་པ་ནས་མར་དེད་ཚར་བའི་ཁ་ཟས་དག་ཕྱིར་ཕྱི་ལ་ལུད་བྱུང་བས། ང་ཚོའི་ནང་མགོ་ཡུ་འཁོར་ཆེ་ཤོས་ཁོ་ཡིན་པ་ར་སྤྲོད་བྱས་བྱུང་།

དེ་ལྟར་"མཚོ་ཞག་གི་གྲུ"དེ་འགུལ་མཚམས་བཞག་རྗེས་གྲུ་ལ་མི་འཕྲོད་པ་རྣམས་ཉི་མའི་དཀྱིལ་དུ་བཞག་པའི་ཞོ་ཁོག་ལྟར་བཟོ་ལྟ་རྦད་དེ་ཤོར་འདུག །ལྷག་ཏུ་སྐྱུག་ཟིན་པའི་བྱམས་པའི་ཚུགས་ཀ་དེས་སྐྱུག་ལ་རན་པའི་ངའི་བཟོ་ལྟ་དེ་ངོ་སྤྲོད་བྱེད་ཡོང་། གང་ལྟར་སྐམ་ཐོག་ལྕགས་ལ་གནམ་ཐག་བརྒྱབ་པའི་གྲུ་དེའི་ཐོག་བསྡད་རྗེས་རྐང་མཐིལ་ནས་མགོ་ཡི་བར་དབྱུག་པ་གྲལ་བསྒྲིགས་ནས་གཞུས་པ་ལྟར་ང་རང་ནད་པ་ལྟ་བུ་ཞིག་ཏུ་གྱུར་སོང་། མ་འོངས་པར་འཛིན་གྲོགས་ཚོས་བསྐྱར་དུ་གྲུ་དེའི་ནང་མཉམ་ཞུགས་བྱེད་དགོས་པའི་རེ་སྐུལ་བྱས་ཚེ། ངས་རང་ཉིད་ལ་དབང་བའི་མགོ་བོ་འདི་འཕྲེད་དུ་གཡུགས་ནས་རྒྱབ་ལག་བྱས་ཏེ་ཤར་རེར་འགྲོ་རྒྱུ་ལས་སྨོས་མེད། གལ་སྲིད་དེ་རིང་འཆམ་འཆམ་ཕྱིན་པ་དེ་ལེའུ་ལ་ཕྱེ་ཚེ། ཀང་རའི་མཁར་རྫོང་ཕྱིན་པ་ནི་སྤྲོ་བའི་ལེའུ་ཡིན་པ་དང། ཀང་རའི་ཚོང་འདུས་ལ་ཕྱིན་པ་དེ་སྐྱོ་བའི་ལེའུ་ལ་བཞག་ཆོག་པར་སྙམ།

༢༠༡༦ ་༢ ་༢༩་

Related Articles