ཚིག་འབྲུ་ཟུང་གི་སྒྲ་དོན།

ཀ་སོགས་དབྱངས་གསལ་འདུས་པའི་བཀའ་བསྟན་གངྒའི་ཆུ་བོའི་རྒྱུན།  །ཁ་ནས་བཤད་ཆོས་ཙམ་མིན་གདུལ་བྱའི་ཉོན་མོངས་གདུང་སེལ་དེ།  །ག་ལེར་བདག་ལ་སྩོལ་བའི་བདེ་གཤེགས་ཀུན་གྱི་ངོ་བོ་སྟེ།  །ང་ཡི་དངོས་བརྒྱུད་་བླ་མ་རྣམས་ལ་སྙིང་ནས་གུས་པས་འདུད། །

མིང་བྱུང་ཚུལ། ནང་ཆོས་ཞེས་པའི་ཡིག་འབྲུ་ཟུང་གཅིག་ལ་ལུང་ཚོགས་དང་མ་སྦྱར་བར་དོན་གྱི་སྙིང་པོ་ཞིག་གླེང་པར་འདོད་པ་ནི།  སྒྲ་དང་དོན་གཉིས་ལས། དང་པོ་ནི།  ནང་ཆོས་ཀྱི་ཚིག་ཟུར་གྱི་མིང་གི་ཆ་ཤས་ཀྱི་ནང་ཞེས་པ་དེ།  ང་ཚོའི་སྟོན་པ་བྱུང་བ་ནས་བཟུང༌།  ཕྱི་རོལ་པ་ལ་ལྟོས་པས་བཏགས་པ་ཞིག་དང༌།  ཕྱི་རོལ་པ་ཚོས་ཁོང་ཚོ་ལ་ལྟོས་པས་ང་ཚོ་ལ་དེ་

བཞིན་འདོགས་ཀྱི་ཡོད་པར་སེམས། དཔེར་ན་རང་གང་ན་ཡོད་པའི་རྒྱལ་ཁབ་ལ་ནང་གི་རྒྱལ་ཁབ་དང༌། དེ་ལས་གཞན་པ་ལ་ཕྱི་ཡི་རྒྱལ་ཁབ་འདོགས་པ་བཞིན་རེད། མིང་དེ་ནི་བལྟོས་བྱ་ལྟོས་བྱེད་ལ་བརྟེན་ནས་བཞག་པ་ཞིག་ཡིན་པ་འདྲ། འགྲེལ་ཚུལ་གཞན་ཞིག་ལ། སེམས་ལ་ནང་དང་ལུས་ལ་ཕྱི་ཡི་ཐ་སྙད་དུ་བྱས་ནས། ནང་སེམས་དགེ་བའི་ཕྱོགས་སུ་སྐུལ་བྱེད་དམ། སེམས་རྒྱུད་ཡར་རྒྱས་ཀྱི་ཕྱོགས་སུ་བཟོ་བཅོས་གཏོང་བྱེད་ཞིག་ལ་འགྲེལ་མཁན་ཡང་ཡོད། དེ་ནི་ཕྱི་རོལ་པས་ཞི་གནས་སྒྲུབ་པ་དང་སྒོམ་སྒྲུབ་བྱེད་པ་དེ་ཡང་ནང་སེམས་ལ་འགྱུར་བ་གཏོང་བྱེད་དུ་འགྱུར་བས་འཐད་པར་མི་སེམས་སོ། གཞན་ཡང་ཆོས་ཞེས་པ་ནི། རང་གི་ངོ་བོ་འཛིན་པ་ཞིག་ལ་ཆོས་ཟེར། རང་གི་ངོ་བོ་འཛིན་ཞེས་པ་གཞི་གྲུབ་ཀྱི་ཆོས་དེ་ཡོད་པར་འཇོག་པའི་བློ་ཚད་ལྡན་ཞིག་གིས་ངོ་བོ་འཛིན་པ་ལ་ལབ་ནའང་འགྲིག།།འོན་ཀྱང་སྐབས་འདིར་ཆོས་ཟེར་བ་འདི་དགེ་ཕྱོགས་ཀྱི་ལས་ཤིག་གམ་བྱ་བ་ཞིག་ལ་གོ་བ་ཡོད་དོ། སྒྲ་བཤད་པ་ལ་དཔྱད་པ་མང་ན་ཕན་འབྲས་ཆུང་བས་དེ་ཙམ་བྱས།

དོན་གྱི་སྙིང་པོ་བྱེད་སྟངས།

དོན་ལ་ཕྱི་ནང་གཉིས་ཀྱི་ཁྱད་པར་ཆོས་བྱེད་སྟངས་ཀྱི་ཆ་ནས་མི་འདྲ་བས། ཕྱི་ནང་ཞེས་ཁྱད་པར་ཕྱེ་བ་རེད། ཕྱི་རོལ་པ་ལ་དབྱེ་བ་མང་པོ་ཡོད་པའི་ནང་ནས་དབང་ཕྱུག་པ་དང༌། བྱེ་བྲག་པ། རིག་པ་ཅན་པ་གསུམ་གྱིས། འཇིག་རྟེན་གྱི་སྣོད་བཅུད་ཀུན་དབང་ཕྱུག་གི་བློའི་གཡོ་བ་སྔོན་དུ་བཏང་ནས་བྱས་པ་དང༌། དེ་རྣམས་ཀྱིས་དབང་ཕྱུག་གི་འདོད་པ་བསྒྲུབ་ན་ཐར་པ་དང༌། བདེ་བ་འཐོབ་པར་འདོད་ཀྱི་ཡོད། ཁྱབ་འཇུག་པས། ལྷ་ཁྱབ་འཇུག་བསྒོམ་པ་ན་བདེ་བ་འཐོབ་པར་འདོད། གང་གིས་ཁྱབ་འཇུག་ཡོན་ཏན་རྣམས། །རྟག་ཏུ་བསྒོམས་པས་བདེ་འཐོབ་འགྱུར། །ཞེས་ཟེར་བ་ལྟར་ཡིན། ཚངས་པ་པས་ནི། བདེ་སྡུག་ཀུན་དབང་ཕྱུག་གི་བྱིན་རླབས་དང་ཚངས་པའི་སྤྲུལ་པ་ལས་བྱུང་བ་ལ་འདོད། གང་ལྟར་ཕྱི་རོལ་པ་ཕལ་ཆེ་བས་འཇིག་རྟེན་བཀོད་པ་པོ་ལྷས་བྱས་པ་དང༌། དེ་འདྲའི་ལྷ་ལ་དགའ་བའི་ཆེད་དུ་ཕྱག་དང་མཆོད་པ། ནོར་དང་འབུལ་བ། མ་མཐའ་སོ་སོའི་སྲོག་ཀྱང་གཏང་ཐུབ་ན་བདེ་བ་དང་ཐར་པ་འཐོབ་ཟེར་ནས་འཆད་ཀྱི་ཡོད། ང་ཚོའི་ཆོས་ནི་དེ་དང་མི་འདྲ་བའི་ཁྱད་པར་ག་རེ་ཡོད་དྲིས་ན། འཇིག་རྟེན་གྱི་སྣོད་དང་བཅུད། བདེ་བ་དང་སྡུག་བསྔལ་ཀུན། བྱེད་པ་པོ་ལས་ལ་བརྟེན་ནས་བྱུང་བ་འདོད་ཀྱི་ཡོད། ལས་དེ་ཡང་སོ་སོ་རང་གིས་དཀའ་ལས་བརྒྱབ་ནས་གསོག་དགོས་པ་དང། ལྷ་དང་སྲུང་མ་དགའ་བ་ཙམ་གྱིས་ཐར་པ་དང༌། བདེ་བ་འཐོབ་པ་འཆད་ཀྱི་མེད། ཇི་སྐད་དུ་སློབ་དཔོན་དབྱིག་གཉེན་གྱིས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །དེ་ནི་སེམས་པ་དང་དེས་བྱས། །ཟེར་བ་ལྟར་སེམས་ཀྱིས་ཀུན་སློང་ཡག་སྡུག་སྣ་ཚོགས་པ་ལ་བརྟེན་ནས་ལས་དཀར་ནག་མང་པོ་ཞིག་གསོག །དེ་ལས་འབྲས་བུ་བདེ་སྡུག་འདྲ་མིན་ཞིག་འབྱུང་བར་འདོད་ཀྱི་ཡོད། འོན་ཀྱང་དེང་སང་ང་ཚོས་ཆོས་བྱེད་སྟངས་ཀྱི་ཆ་ནས་ཏག་ཏག་ཤིག་གནས་ཀྱི་ཡོད་དམ་སྙམ་གྱི་འདུག ། བདེ་བ་དང་ཐར་པ་ཞིག་འཐོབ་པར་འདོད་ནས་ཆོས་སྒྲུབ་སྐབས། ཕྱི་ཡི་ཀུན་སྤྱོད་དང༌། ནང་གིས་སྤངས་རྟོགས། ལས་རིགས་བྱེད་སྟངས། རྒྱུ་ནོར་གཏང་ཡུལ་སོགས་ལ་གང་ཡང་དཔྱད་པ་མ་བྱས་པར། བླ་མ་དང་གྲུབ་ཐོབ། སྔགས་པ་དང་དགེ་བཤེས། སློབ་དཔོན་དང་རྟོགས་ལྡན་ཟེར་བའི་གང་ཟག་མིང་ཅན་གཅིག་གི་མདུན་དུ། རྒྱུ་ནོར་གང་ཡོད་འབུལ་ཐུབ་ན་དེས་ཐར་པ་དང༌། བདེ་བ་སོགས་འབྱོར་ལྡན་གྱིས་སྤྲང་པོ་ལ་ཟས་བྱིན་པ་ལྟར་སྤྲོད་ཐུབ་པ་བློ་ལ་ཤར་གྱི་ཡོད། དེ་ནི་ནང་ཆོས་ལ་གོ་རྟོགས་མེད་པའི་རང་རྟགས་ནི་ཚོང་པའི་

 

ཚོང་ཟོག་མི་དམངས་དཀྱིལ་དུ་ངོམ་པ་ལྟར་ཆགས་ཀྱི་ཡོད། དེ་ལྟར་མིན་པར་སོ་སོ་རང་གིས་དད་ཡུལ་གསེར་དང་རག་གང་ཡིན་དཔྱད་ནས་ཆོས་ཀྱི་དད་པ་བྱེད་དགོས་པ་ཞིག་ཆགས་ཀྱི་ཡོད། མཆོད་ཡུལ་གྱི་ངོས་ནས་ཆ་རྐྱེན་ག་འདྲ་ཞིག་ཚང་དགོས་པ་ནི། སོ་སོ་རྟོགས་པ་མཐོ་དམན་ག་འདྲ་ཡོད་ཀྱང། ཐ་མལ་པའི་ཚུལ་བཞེས་ནས་གླིང་འདིར་གདུལ་བྱའི་དོན་དུ་ཕེབས་པ་ཞིག་ཡིན་པས། གདུལ་བྱའི་རྒྱུད་ལ་དང་བ་བསྐྱེད་པའི་ཆེད་དུ། ཕྱི་ཡི་ཀུན་སྤྱོད་དང་ནང་གི་ཡོན་ཏན། རྣམ་དཔྱོད་ཀྱི་ཤེས་ཚད་དང་དྲང་བདེན་གྱི་གཞན་ཕན། མི་ཕལ་པ་དང་མ་འདྲ་བའི་ཚུལ་ཞིག་ངེས་པར་དུ་སྟོན་དགོས། དེ་མིན་པར་རྟོགས་པ་མཐོ་པོར་རློམ་ནས་ལས་རིགས་གང་ལ་འཇུག་ན་མཛད་པ་བཅུ་གཉིས་ཀྱི་ཡ་གྱལ་ཞིག་ཡིན་མདོག་ངང་འབུལ་བ་གང་བྱུང་བ་དེ། འབྱུང་བའི་ཁུངས་དང་འབུལ་མཁན་གྱི་ཁ་སྟབས། སྦྱིན་བདག་གྱི་དམིགས་འདུན་དང་སོ་སོ་ཡིས་བྱེད་སྟངས། མཆོད་རྫས་བྱུང་རྗེས་བསྔོ་བ་ཙམ་ཡང་མེད་པར་ཐོབ་བློ་ཤུགས་ཆེན་ངང་ནས། ཁ་ཤས་ཀྱིས་རང་གི་ཟ་མ་བུ་ཕྲུག་ཆེད་དང། ལ་ལས་མཆོད་ཁང་ཁ་གཡར་ནས་ཚད་ལས་བརྒལ་བའི་གསེར་དངུལ་སྒྲུབ་པ་དང། འགའ་ཞིག་གིས་དགེ་འདུན་སློབ་གཉེར་གྱི་མིང་བཏགས་ནས་མི་ལྔ་དྲུག་ཙམ་ལས་མེད་པའི་གནས། རྒྱུ་ནོར་ཆུད་ཟོས་སུ་བཏང་ནས་བློ་ཡུལ་ལས་བརྒལ་བའི་མཁར་ཁང་བཞེངས་པ་སོགས་བྱེད་ན། འབུལ་མཁན་དང་འབུལ་ཡུལ་གྱིས་བསམ་བློ་ཡག་པོ་ཞིག་གཏང་ན་རྒྱུ་ནོར་ཆོས་སུ་འགྲོ་དང་མི་འགྲོ་ཤེས་བསླ། བོད་པ་ཚོས་ཆོས་ཤིག་བྱེད་སྐབས་བསོད་ནམས་ཀྱི་ཚོགས་གསོག་ཆེད་ཡར་ལྷ་དང་བླ་མ་ལ་ བཀུར་སྟི་བྱེད་པ་དང༌། ཁྲོ་བོ་གཏུམ་དྲག་ཅན་རྣམས་ལ་གསོ་མཆོད་བྱེད་པ་ལས། མར་སྤྲང་པོ་ལ་སྦྱིན་པ་བཏང་ནས་ཆོས་ཤིག་ཡོང་རྒྱུ་ཡོད་པ་དེ་ཕལ་ཆེར་བློ་ལ་འཁོར་གྱི་མེད། དེ་ནི་སངས་རྒྱས་ཀྱི་གསུང་རབ་ལ་ཐོས་བསམ་མ་བྱས་པས་ནོར་འཁྲུལ་ཁོ་ན་རེད། དེ་འདྲའི་ལྟ་བ་དེ་བཙལ་ན་ཕྱི་རོལ་པ་ལྟར། རང་ལ་གང་ཡོད་པ་དེ་ལྷ་ཀླུ་སྲུང་མ་སོགས་དགའ་བའི་ཐབས་སུ་སོང་ན། བྱ་བ་གང་བྱེད་ཀྱང་ཐོག་ཏུ་ཡོང་བ་དང༌། ཐར་པ་ཡང་དེ་ཚོས་སྤྲོད་ཐུབ་ཀྱི་རེད་བསམ་པ་ལས་མ་འདས། དེ་ནི་ནང་ཆོས་མ་ཤེས་པའི་སྐྱོན་རེད་དྲན། ཡག་པོ་དཔྱད་ནས་ཆོས་ཤིག་བྱེད་ན་དཔལ་ལྡན་ཟླ་བ་གྲགས་པའི་གསུང་ལས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་ཉིད་དོ ། །ཞེས་གསུངས་པ་ལྟར། ནང་ཆོས་ལས་བཤད་པ་ལྟར་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་བསོད་ནམས་ཀྱི་ཚོགས་ཀྱི་རྒྱབ་རྟེན་ངེས་པར་དུ་དགོས། འོན་ཀྱང་ཚོགས་གསོག་ཚུལ་དེ་ལ་ཡང་ཡར་དཀོན་མཆོག་ལ་འབུལ་བ་དང་མར་ངན་སློང་ལ་སྦྱིན་པ་གཏོང་དགོས་པ་གཉིས་ཆགས་ཀྱི་ཡོད།

སྙིང་རྗེ་དང་དད་པ།།

དང་པོ་སེམས་ཅན་སྐྱོ་བོའི་རིགས་ལ་ཕན་ཞིག་ཐོགས་པ་དང༌། རོགས་ཤིག་བྱེད་ཆེད་རང་ཐར་པ་འདོད་པའི་བློ་དང༌། དད་པ། སྐྱབས་འགྲོ་སོགས་རྒྱུད་ལ་བསྐྱེད་དགོས། བློ་དེའི་ངེས་པར་འབྱུང་ས་དང་དད་པའི་ཡུལ་སྐྱབས་གནས་སོགས་ཚད་དང་ལྡན་མི་ལྡན་དཔྱད་པ་བྱེད་དགོས། ཐར་པ་འཐོབ་བྱེད་ཀྱི་རྒྱུ་སྒྲུབ་སྐབས་གཙོ་བོ་ཕྱིན་དྲུག་ལ་སྦྱང་དགོས།

དང་པོ་སྤྱིན་པ་ལ་སྤྱོད་ཚུལ། སྦྱིན་པ་ནི། སྤྱི་ཚོགས་ལ་ཕན་པའི་བྱ་བཞག་སེམས་ཅན་སྐྱོ་བོའི་རིགས་ལ་ཕན་པའི་ཐབས་ལམ་སྦྱིན་པའམ་རྒྱུ་ནོར་ཆོས་ཆེད་དུ་གཏོང་དགོས་ན་སྐྱོ་བོའི་རིགས་ལ་ཕན་དགོས། དེ་ཡང་ལན་ལ་རེ་བ་མ་ཡིན་པར་སོ་སོ་བསོད་ནམས་གསོག་ཆེད་ཡིན་སྙམ་པ་དགོས། དེང་སང་སྦྱིན་པའི་ཉམས་ལེན་མིག་དཔེ་ལྟ་འོས་པའི་ཆོས་ལུགས་ཡེ་ཤུ་བ་ཚོས་སོ་སོ་ལ་དཔལ་འབྱོར་ཏོག་ཙམ་ཡོད་ན། ཉམ་ཐག་ཀྱི་རིགས་ལ་ཕན་ཆེད་སྨན་ཁང་རིན་མེད་རྒྱག་པ་དང༌། མ་འོངས་ཕུགས་བསམ་སྙིང་ལ་བཅངས་ནས་སློབ་གྲྭའི་ཆ་རྐྱེན་སྐྲུན་པ། ཉམ་ཐག་ལོང་བ་དང་ཞ་བོ་སོགས་ཀྱི་འཚོ་བའི་ཆ་རྐྱེན་སྒྲུབ་པ་སོགས་བྱེད་ཀྱི་ཡོད། ང་ཚོས་ཁ་ཙམ་ལས་ལག་བསྟར་བྱེད་ཐུབ་ཀྱི་མེད། དེ་ནི་ནང་ཆོས་ཀྱི་སྙིང་དོན་མ་ཤེས་པས་རེད་དྲན།

གཉིས་པ་ཚུལ་ཁྲིམས་ལ་སྤྱོད་ཚུལ།། ཚུལ་ཁྲིམས་ནི། ཡུལ་ཁྲིམས་དང་མཐུན་པའི་བྱ་བ་ལ་འཇུག་དགོས་པ་དང། བྱ་བ་གང་བྱེད་ན་དྲང་པོའི་ལམ་ལ་མ་སོང་ན་གནས་སྐབས་འགྲིག་ཀྱང་ལས་འབྲས་ལ་མི་རུང་སྙམ་པ་དགོས། གཡོ་སྒྱུ་ཁྲམ་གསུམ་གྱི་ལས་ལ་འཇུག་ན་ཆོས་སུ་མི་འགྲོ་བ་མ་ཟད་དལ་རྟེན་འདི་ཡང་མ་རྫོགས་བར་དུ་བཙོན་ནང་སྡོད་དགོས་པའི་ཉེན་ཁ་ཡང་ཡོད།

 

གསུམ་པ་བཟོད་པ་ལ་སྤྱོད་ཚུལ།། བཟོད་པ་ནི། སྤྱི་ཚོགས་ཀྱི་བདེ་འཇག་ཆེད་དུ་གཞན་གྱིས་ཏོག་ཙམ་ནོར་བ་བྱས་ན་ཡང་བཟོད་སེམས་བྱེད་དགོས། དེ་ཡང་ཉེས་པ་ཀུན་གྱི་ནང་ནས་ལྕི་ཤོས་ཁོང་ཁྲོ་ཡིན་སྙམ་དགོས། དེ་མ་ཡིན་པར་ཉིན་མཚན་བསྒྲིལ་ནས་ཆོས་བྱེད་མདོག་ངང༌། མི་གཞན་གྱི་ཚིག་ངན་ཟུར་ཙམ་ལབ་ས་མེད་པར་ང་རྒྱལ་གྱི་རི་བོ་ཁོག་ཏུ་བཅུག་ནས་ལན་ ཞིག་ངེས་པར་དུ་བརྒྱག་དགོས་བསམ་ན། ཆོས་པ་དེ་ནི་བཟོད་པའི་ཉམས་ལེན། ནེ་ཙོས་མ་ཎི་འདོན་པ་ལྟར་ལས་མ་འདས། ཕྱིན་དྲུག་གི་གོ་རིམ་དེ་གསུམ་སྔོན་དུ་གསུངས་པ་ནི་ཁྱིམ་པས་བསྒྲུབ་ན་སྒྲུབ་སླ་བ་དང་བསྒྲུབ་ན་ཕན་ཡོན་ཆེ་བ་ལ་དགོངས་ནས་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་རིམ་པ་དེ་གསུངས་ཡོད། ཟླ་བ་གྲགས་པས། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་བསྔགས། །ཞེས་གསུངས།

བཞི་པ་བརྩོན་འགྲུས་ལ་སྤྱོད་ཚུལ། བརྩོན་འགྲུས་ནི། ཁྱིམ་པ་དང་རབ་བྱུང་གཉིས་ཀྱི་ནང་ནས་གཙོ་བོ་རབ་བྱུང་ལ་བསྔགས་ཀྱང༌། ཐར་པ་འཐོབ་པ་ལ་ངེས་པར་དུ་མེད་དུ་མི་རུང་བ་ཞིག་ཆགས་ཀྱི་ཡོད། དེ་ཡང་བྱ་བ་གང་ཡིན་ན་ཡང་ལེགས་ཉེས་ཤེས་ཆེད་དང་པོ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱེད་སྐབས། དཀའ་ཚེགས་མེད་པར་ཡོན་ཏན་ཅན་ཞིག་ཆགས་འདོད་པ་ནི་སྣང་བ་སྐྱིད་པོའི་སྐད་ཆ་ཡིན་པས་དཀའ་ལས་བརྒྱག་དགོས། དེ་མིན་པར་ཟླ་གཅིག་ཟླ་གཉིས་དང། ལོ་གཉིས་ལོ་གསུམ་ཙམ་ལ་སློབ་གཉེར་དང༌། སྒོམ་སྒྲུབ་བྱས་ནས་འགྲིགས་སོང་བསམ་པའི་བློ་བསྐྱེད། དེ་ནས་གཞན་ལ་མངོན་ཤེས་ཤོད་མཁན་རྣམས་ནི་ཕལ་ཆེར་མགོ་སྐོར་གཏོང་མཁན་རིགས་ལས་མ་འདས། སོ་ཐར་གྱི་སྡོམ་པ་རྒྱུད་ལ་ཡོད་རིགས་ཡིན་ན་ཕམ་པ་འབྱུང་བའི་ཉེན་ཁ་ཡང་ཡོད། བརྩོན་པ་ཚད་དང་ལྡན་པ་གཅིག་བསམ་ན་རང་རེའི་སྟོན་པ་ལོ་དྲུག་དཀའ་བ་སྤྱད་པའི་རྣམ་ཐར་ལ་གཟིགས་ན་དཔག་ནུས།

ལྔ་པ་བསམ་གཏན་ལ་སྤྱོད་ཚུལ། བསམ་གཏན་ནི། དང་པོ་སོ་སོའི་སེམས་དེ་བརྟན་པོ་བྱེད་དགོས། སོ་སོས་དཔྱད་པ་གང་ཡང་མ་བྱས་པར། ཡར་ཕྱོགས་ན་ལྷ་འདུག་ལབ་དུས་ཡིན་ཆོག་ཆོག་དང །མར་ཕྱོགས་ན་འདྲེ་འདུག་ལབ་དུས་བསམ་ཆོག་ཆོག་མ་བྱས་པར། སོ་སོས་སེམས་དེ་བརྟན་པོ་བྱས་ནས་བྱ་བ་དེ་བསྒྲུབ་དགོས། སྒོམ་སྒྲུབ་བྱེད་དགོས་ཀྱང་སྒོམ་ལུགས་མ་ཤེས་པར། ཅི་ཡང་ཡིད་ལ་མི་སེམས་པར་མུན་ནག་ནང་ལ་མིག་གིས་གཟུགས་དབྱིབས་གང་ཡང་མ་མཐོང་ནས་བསྡད་པ་ལྟར་མ་ཡིན་པ་དང། ཕྱི་རོལ་པ་ལྟར་ལྷ་ཁོ་ན་བསྒོམས་ནས་དམིགས་ཡུལ་གཙོ་བོ་མངོན་ཤེས་དང་རྟགས་མཚན་ཏོག་ཙམ་ཡོང་ཆེད་མ་ཡིན་པ་དང། འགོ་སོ་སོའི་སྡུག་བསྔལ་གྱི་བྱུང་རིམ་ནས་བརྩམས་ཏེ་ཚེ་འདིའི་བདེ་སྡུག་གང་བྱུང་བ་རྣམས་རྒྱུ་མེད་རྐྱེན་མེད་དང། ཇ་ལན་ཆུ་འཇལ། བཟང་ངན་གོ་ལོག་ལ་བརྟེན་ནས་བྱུང་བ་མ་ཡིན་པར། མཐུན་པའི་རྒྱུ་ལས་མཐུན་པའི་འབྲས་བུ་བྱུང་བ་དང། ཐམས་ཅད་ལྷ་དང་ཁྲོ་བོ་སྲུང་མས་བྱས་པ་མ་ཡིན་པར་སོ་སོའི་ལས་བཟང་ངན་གང་སྔོན་དུ་སོང་བ་དེས། སོ་སོའི་ལུས་ཐོག་ལ་སྨིན་པ་ཤེས་དགོས་པ་དང། དེ་ཤེས་པ་ལ་གཡམ་རྒྱུག་ཙམ་མ་ཡིན་པར་སེར་སྐྱ་སུ་ཡིན་ཡང་ཆོས་ཀྱི་དོན་ཤེས་པའི་ཐབས་སློབ་གཉེར་བྱེད་དགོས། དཔྱད་པ་སྔོན་དུ་བཏང་ནས་ཕྱིན་དྲུག་གི་གོམ་རིམ་དང་ཕན་ཡོན་རྣམས་ཡིད་ལ་བཅངས་ནས་དམིགས་ཡུལ་ཐར་པ་དང་ཐམས་ཅད་མཁྱེན་པ་ཞིག་འཐོབ་ཆེད་སྒོམ་སྒྲུབ་བྱེད་དགོས་པ་ཆགས་ཀྱིཡོད།

དྲུག་པ་ཤེས་རབ་ལ་སྤྱོད་ཚུལ། ཤེས་རབ་ནི། མི་ཞིག་ཡིན་པའི་ཆ་ནས་རྣམ་དཔྱོད་བེད་སྤྱོད་གཏང་དགོས། ཆོས་སམ་བྱ་བ་གང་ཞིག་བསྒྲུབ་འདོད་ན་ཡང། དང་པོ་གཞན་གྱི་ཟེར་སྲོལ་ཁོ་ནའི་རྗེས་སུ་སོང་བ་མ་ཡིན་པ་དང། རྨོངས་དད་དང༌། ལྷ་སྒྲུང་དང༌། ཀླུ་སྒྲུང་གཞུང་ལུགས་མཐོང་རྒྱ་མེད་པའི་བསླབ་བྱ་སོགས་ཀྱི་རྗེས་སུ་སོང་བ་མ་ཡིན་པ། སོ་སོ་རང་གིས་སློབ་སྦྱོང་བྱས་ནས་བསམ་བློ་གཏོང་དཔྱད་པ་བྱེད་ལེགས་ཉེས་ཤེས་པའི་ཐོག་ནས་བྱ་བ་ལ་འཇུག་དགོས། དེ་ཡང་དྲང་པོའི་ལམ་དང། གཞན་གྱི་སྐྱོན་ཁོ་ན་ལ་བལྟས་ནས་རང་གི་སེམས་དང་ལུས་སོགས་ལ་དཔྱད་པ་མེད་པ་མ་ཡིན་པ་དང། ཕར་ཕྱོགས་ནས་མ་འགྲིག་པ་ཏོག་ཙམ་བྱུང་ན་སོ་སོའི་སེམས་ཀྱིས་བཟོས་པ་རེད་མ་གཏོགས། ཡུལ་ཕར་ཕྱོགས་ངོས་ནས་སོ་སོ་ལ་སྡུག་པོ་རྐྱང་རྐྱང་བྱས་པ་མ་ཡིན་པ་དེ་ཤེས་དགོས། དེ་ལྟར་ཤེས་ཐོག་སྒོམ་སྒྲུབ་བྱེད་པ་དང། སྤྱི་ཚོགས་ཀྱི་བྱ་བཞག་བསྒྲུབ་ན་ཤེས་རབ་ཕར་ཕྱིན་གྱི་ཉམས་ལེན་ཆགས་ཀྱི་ཡོད།

 

སྙིང་དོན་མདོར་བསྡུས།

ནང་ཆོས་ཀྱི་སྙིང་པོ་གཞན་ཕན་དང་ལྷག་བསམ། ཉམ་ཐག་ལ་རོགས་སྐྱོབ། དྲང་བདེན་གྱི་དཔང་པོ། དཔྱད་པ་བྱས་པའི་དད་པ། རང་ལ་གང་དགོས་པ་དེ་གཞན་ལ་དེ་མཚུངས་དགོས་པ་ཤེས་པ་སོགས་ཀྱི་ཉམས་ལེན་བྱུང་ན། ཁ་ནས་ཆོས་ལབ་ཀྱང་མ་ལབ་ཀྱང་དོན་ལ་ཆོས་ཀྱི་སྙིང་པོ་དེ་ལག་བསྟར་ཐོག་ཏུ་ཁེལ་བ་ཞིག་ལ་འགྲོ་ཡི་ཡོད། དེ་མ་ཡིན་པར་ཆོས་ཟེར་དུས་སྤྱི་ཚོགས་དང་མི་མཐུན་པའི་ལས་རིགས་ཞིག་དང༌། དད་པ་ལབ་ན་དཔྱད་པ་གང་ཡང་བྱེད་ཡག་མེད་པའི་རྨོངས་དད་ཀྱི་མུན་ནག་ཅིག་དང། བསོད་ནམས་ཀྱི་ཚོགས་བསོག་བཤད་ན་ཡར་ལྷ་དང་མཆོད་རྟེན་གྱི་ཆེད་དུ་འབུལ་བ་ལས་མར་ཉམ་ཐག་ལ་རྒྱུ་ནོར་སོང་བ་དེ་ཚོགས་སུ་མི་འགྲོ་བ་དང། ཡེ་ཤེས་ཀྱི་ཚོགས་ཟེར་སྐབས་མིག་བཙུམས་ནས་སྒོམ་སྒྲུབ་བྱེད་པ་དེ་ལས། ནང་ཆོས་ཀྱི་སྙིང་པོ་རྒྱུན་རིང་སྲ་བརྟན་ཡོང་བའི་ཆེད་དུ་གཞུང་ལུགས་ལ་དཔྱད་པ་བྱེད་པའི་རྩོད་རིག་སོགས་ལ་ཚོགས་མི་ཆགས་པ་འཆད་ན། ཆོས་ཤོད་མཁན་དང། དེའི་རྗེས་སུ་འགྲོ་མཁན་གཉིས་ཀས་རྣམ་དཔྱོད་ཡོད་ཀྱང་བེད་མེད་རྨོངས་དད་ཁོ་ནའི་རྗེས་སུ་སོང་བས། འདི་ཕྱི་གཉིས་ཀ་ལ་ཕན་འབྲས་ཆེ་བར་མི་ཡོང། མ་ཟད་ནང་ཆོས་ཞེས་པའི་ཡིག་འབྲུ་ཟུང་གཅིག་གི་དོན་མ་ཤེས་པ་ཞིག་མཚོན་པ་རེད་དྲན།

མཐའ་བསྡོམ་དད་པ་དང་རྨོངས་དད། དད་པ་དང་རྨོངས་དད་ཀྱི་ཁྱད་པར་ངེས་པར་དུ་ཤེས་དགོས། དད་པ་ནི་རང་གི་རྩ་བའི་བླ་མ་གཞན་ཕན་ལྷག་བསམ་ཡོད་པ་དང། རང་གི་བླ་མ་མ་ཡིན་ཀྱང་མདོ་རྒྱུད་ལས་གསུངས་པ་ལྟར། རྩ་བ་ཐོས་པ་དང༌། བར་དུ་སྒོམ་གྱི་རྣམ་བཞག་མཁྱེན་པ། མཐའ་མར་ཉམས་ལེན་གྱི་གོ་རིམ་རྗེ་བདག་ཉིད་ཆེ་པོས་གསུངས་པ་ལྟར་ཡོད་པ། འདི་ཕྱི་གཉིས་ལ་ཕན་པའི་ལམ་སྟོན་གནང་ཐུབ་མཁན། སྤྱི་ཚོགས་ལ་བསྟུན་པའི་རང་འོག་རྣམས་སྐྱོབ་པའི་ནུས་པ་ཡོད་མཁན། ཆོས་ཕྱོགས་ལ་སྦྱངས་པའི་ཡོན་ཏན་དང་སྐྱེས་སྟོབས་ཀྱི་ཤེས་རབ་ཡོད་མཁན་རིགས་ལ་ཡིད་ཆེས་ནས་རྗེས་སུ་འགྲོ་བ་དེ་དད་པ་ཟེར། ཆ་དེ་ཐམས་ཅད་མ་ཚང་ན་ཡང་གོང་དུ་བཤད་པ་རྣམས་ལ་དཔྱད་ན་དཔོག་ནུས། དེ་ལས་ལོག་པ་རྨོངས་དད་ནི་དད་པ་བྱེད་ཡུལ་ལ་དཔྱད་པ་སྤུ་ཙམ་མེད་པར། མི་གཅིག་གིས་བྲག་རྡོག་རྡོག་གཅིག་ལ་གནས་རི་ཟེར་དུས་དེར་རྒྱུགས་ཆོག་ཆོག་དང། ཕར་ཕྱོགས་དེར་གོས་དམར་གསེར་གྱོན་མཁན་ཞིག་བླ་མ་དང་གྲུབ་ཐོབ་སྔགས་པ་རེད་ལབ་དུས་འབུལ་བ་གང་ཡོད་དེར་སྤྲོད་ཆོག་ཆོག །ལུས་ལ་ན་ཚ་དྲག་པོས་མནར་སྐབས་དང་པོ་སྨན་ཁང་ལ་མ་བསྟེན་པར་མོ་པ་དང་རྩིས་པའི་ཤེས་ཚད་དང་རྟོགས་པ་གང་ལ་ཡང་དཔྱད་པ་མེད་པར་མོ་པ་དང་རྩིས་པའི་རྗེས་སུ་འགྲོ་བ་ནི་རྨོངས་དད་ལབ་ཀྱི་ཡོད།

ཚིག་འབྲུ་ཟུང་འདིའི་སྒྲ་དོན་གཉིས་ཀྱི་ཆེད། །མི་ལོ་ཉི་ཤུ་པཎ་གྲུབ་མཚན་ཉིད་གཞུང། །ཤེས་འདོད་སེམས་ལ་བཅངས་ནས་ངལ་བ་བྱས། །འོན་ཀྱང་སྐྱེས་སྟོབས་དམན་པས་སྦྱངས་འབྲས་ཆུང༌། །

ཚ་གདུང་ཆེ་བའི་གནས་ལ་སྡོད་དཀའ་བས། །རང་ཡུལ་ལྷ་ཡི་ཞིང་འགྲན་འབྲི་ལྗོངས་དང༌། །བཀའ་དྲིན་ཆེ་བའི་གཉེན་ཉེ་དྲན་ན་ཡང། །ཡུལ་དང་དུས་ཀྱིས་ཐོས་ཙམ་མི་ཚེ་ཡོལ། །ངལ་འབྲས་ཐོབ་པ་རྒྱ་མཚོའི་ཆུ་ཐིགས་ཙམ། །རང་རྒྱུད་གྱོང་པོའི་་གཤིས་དང་མཉམ་དུ་བསྲེས། །ཚིག་དང་དོན་ལ་གོ་བདེ་ཡོང་ཆེད་དུ། །གཞུང་ཚིག་དོར་ནས་འཇིག་རྟེན་ཐ་སྙད་བཀོད། །ནང་ཆོས་སྙིང་པོ་ཕར་ཕྱིན་དྲུག་པོ་ཡི། །ཚིག་དོན་ཟབ་པ་འགྲེལ་བའི་ནུས་མེད་ཀྱང། །བློ་དམན་རྣམས་ལ་མུན་ནག་སྒྲོན་མེ་ཙམ། །ཀློག་མཁན་རྣམས་ལ་ཕན་རེ་བཅངས་ནས་བྲིས། །

སེར་བྱེས་ལྷ་རམས་འཛིན་གྲྭ་འབྲི་རུ་བ་ངག་དབང་བསྟན་པས།

 

 

རྩོམ་ཡིག་འདི་ཐེངས་ 1890 བཀླགས་འདུག

Related Articles