འཆི་ཁར་ཆོས་ལ་བསྐུལ་བའི་མན་ངག་བདུད་རྩིའི་སྙིང་པོ།

དགའ་ཤར་ལྷོ་པ་དགེ་བཤེས་བློ་བཟང་ཕུན་ཚོགས།
བདེ་ལེགས་ཀུན་གྱི་གཏེར་དུ་གྱུར་པ་ཡི།།
སྐྱབས་གནས་ཀུན་འདུས་དྲིན་ཆེན་བླ་མ་ཡིས།།
ཚེ་རབས་ཀུན་ཏུ་མཉེས་བཞིན་རྗེས་བཟུང་སྟེ།།
འགྲོ་བ་ཀུན་ལ་ཕན་བདེའི་དངོས་གྲུབ་སྩོལ།།

སྐྱེས་ནས་འཆི་བ་འདི་ལས་བྲོས་ས་མེད།།
འཆི་ཁར་རང་བློ་ཆོས་ལ་ཕྱོགས་པའི་ཆེད།།
མཐུན་རྐྱེན་ཅི་དགོས་དྲན་ལམ་འཆར་ཚོད་ཙམ།།
གོ་བདེའི་ཡིག་ཚོགས་ཅུང་ཞིག་སྤྲོ་བར་བྱ།།
ཇི་སྐད་དུ། མི་རྟག་པའི་ཚོམས་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང༌།།སྐུ་ལུས་འདི་ནི་སྤོང་མཛད་ན།།སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས་པ་ལྟར། འདིར་ནི་མི་ཞིག་གི་སྐྱེ་བ་བླངས་ཕྱིན་ཆད་ངེས་པར་བརྒྱུད་དགོས་པ་སྐྱེ་འཆི་གཉིས་ལས། སྐབས་འདིར་བཤད་བྱ་ནི་འཆི་བའི་སྐོར་ཡིན། བྱང་ཆུབ་ལམ་རིམ་ཆེན་མོ་ལས། ངེས་པར་འཆི་བ་བསམ་པ་དང༌། ནམ་འཆི་ངེས་མེད་བསམ་པ་དང༌། འཆི་བའི་ཚེ་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པ་བསམ་པའོ། །ཞེས་རྩ་བ་གསུམ། རྒྱུ་མཚན་དགུ །ཐག་བཅད་པ་རྣམ་པ་གསུམ་གྱི་སྒོ་ནས་འཆི་བ་མི་རྟག་པ་གསུངས་ཡོད། གཞུང་དེ་དག་ལས་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པའི་ཚུལ་གསུངས་པ་ལ་གཞིགས་ན། ད་ལྟ་རང་ཆོས་བསྒྲུབ་དགོས་པའི་ཚོར་སྣང་སྐྱེ་ཐུབ་པ་ཞིག་རེད། དལ་འབྱོར་གྱི་རྟེན་བཟང་ཐོབ་པའི་དུས་འདིར་ཆོས་ཡང་དག་མི་བསྒྲུབ་མི་འབད་པར་ཕྱི་མར་དལ་འབྱོར་ཐོབ་པའི་སྨོན་ལམ་བརྒྱག་པ་ནི། དེ་རིང་རྙེད་པའི་ནོར་བུ་ཆུ་ལ་གཡུགས་ནས་སང་ཉིན་དེ་ལྟ་བུ་ཞིག་རྙེད་པར་ཤོག་ཅེས་པ་དང་གཅིག་མཚུངས་ཡིན། འཇིག་རྟེན་འདིར་སྐྱེ་བ་བླངས་ཕྱིན་ཆད་ཤི་རྒྱུ་ལས་མ་འདས་པས། འཆི་བ་ནི་མཆོག་དམན་དང་དབུལ་ཕྱུག་གི་ཁྱད་པར་མེད་པ་ཚང་མའི་ཐོག་ཏུ་འོང་བའི་ཆོས་ཉིད་ཅིག་ཡིན། འཆི་ཚུལ་དེ་ལ། ཚེ་ཟད་ནས་འཆི་བ་དང༌། བསོད་ནམས་ཟད་ནས་འཆི་བ། གཉིས་ཀ་ཟད་ནས་འཆི་བ། བར་ཆད་ཀྱིས་འཆི་བ་བཅས་བཤད་ཡོད། འཆི་བའི་འོག་ཏུ་བར་དོ་ཞེས་ཚེ་ཚད་ཞག་ཞེ་དགུ་ཅན་སྐྱེ་བ་ཕྱི་མ་བརྒྱུད་ནས་འགྲོ་སའི་ལམ་ཁ་དེ་ཡིན། དེས་ན་ང་ཚོ་འཁོར་བ་ལས་མ་གྲོལ་བར་དུ་འཆི་སྲིད། སྐྱེ་སྲིད། བར་སྲིད། མངོན་དུས་ཀྱི་སྲིད་པ་ཞེས་སྲིད་པ་འདི་བཞི་པོ་གང་རུང་ལ་གནས་དགོས་པ་ཡིན། སྐབས་འདིར་བཤད་བྱའི་དགོས་དབང་ལ་ལྟོས་ཏེ་བླ་མ་རྡོ་རྗེ་འཆང་གིས་སྔགས་བླ་མེད་ཀྱི་གཞུང་ལས་གསལ་བའི་ཐུན་མོང་མིན་པའི་ཟབ་ཁྱད་རྣམས་རིན་ཐང་བྲལ་བའི་ནོར་བུ་བཞིན་སྦས་ནས། རིམ་གྱིས་འཆི་འཕོ་མཁན་གྱི་སྐྱེ་བོ་མཆོག་དམན་ཀུན་གྱི་བློ་ངོར་འཆར་བར་ངེས་པའི་འཆི་རིམ་ཕྲན་ཙམ་བཤད་ཆོག་པའི་གནང་བ་ཞུ་རྒྱུ་ཡིན།
མངོན་པ་མཛོད་ལྟར་ན་འཆི་སེམས་དེ་རགས་པ་དང་། འཆི་སེམས་དང་སྐྱེ་སེམས་ལ་དགེ་བ་ཡོད་པར་བཤད། མངོན་པ་ཀུན་བཏུས་ནས་བཟུང་སྟེ་ཕར་ཕྱིན་ཐེག་པའི་ལུགས་ལ་འཆི་སེམས་ཕྲ་མོ་དང་ལུང་མ་བསྟན་ཡིན་པས་ཁྱབ་པར་བཤད། ཡིན་ནའང་སྔགས་བླ་མེད་ཀྱི་ལུགས་ལ་འཆི་སེམས་ལ་དགེ་བ་ཡོད་པ་མ་ཟད། འཆི་བ་ཆོས་སྐུའི་ལམ་འཁྱེར་མན་ངག་ཁྱད་པར་ཅན་ཡོད་པ་ཡིན། ང་ཚོར་ཆོས་པ་ཚོ་ཐུགས་དམ་ཞུགས་པའི་ཚུལ་ཡང་འཆི་ཁར་དགེ་སེམས་གང་ལ་གསལ་གདབ་པ་དེ་ཉིད་རིམ་པ་བཞི་པའི་དོན་གྱི་འོད་གསལ་སྐབས་སུ་གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་ལམ་རླུང་སེམས་ཕྲ་མོ་དགེ་སེམས་དེའི་ངོ་བོ་རུ་མངོན་དུ་གྱུར་ནས་སེམས་དེ་ཉིད་ཀྱི་དམིགས་རྣམ་གཞན་དུ་མི་འཕྲོ་བ་ཉིན་མང་པོ་རྒྱུན་གནས་ཐུབ་པ་ཡིན། འདི་ལ་འོད་གསལ་མ་བུ་འཕྲད་པ་ཡང་ཟེར། སྐུ་གསུམ་ལམ་འཁྱེར་སྐོར་ལས་འཕྲོས་ཏེ་ཟབ་བཤད་མང་ཡང་སྐབས་དོན་མ་ཡིན་པས་ཤིན་ཏུ་གསང་བར་བྱ། སྐབས་འདིར་འཆི་བའི་སྐབས་སུ་དབང་ཤེས་ལྔའི་ཡུལ་ལྔ་ཐིམ་པའི་རིམ་པ་དང་། འབྱུང་བ་ཐིམ་པའི་རིམ་པ། སྣང་མཆེད་ཐོབ་སོགས་ཀྱི་ཐིམ་རིམ་བཤད་པའོ། །དང་པོ་སྒོ་ལྔའི་དབང་ཤེས་ཀྱི་ཡུལ་ཐིམ་པ་ནི། 1༽ གཟུགས་སྒྲ་ལ་ཐིམ་པ་ན། མིག་ཤེས་ཉམས་ནས་རྒྱང་མིག་མི་མཐོང་། 2༽ སྒྲ་དྲི་ལ་ཐིམ་པ་ན། རྣ་བས་སྒྲ་ཐོས་པ་ཉམས། 3༽ དྲི་རོ་ལ་ཐིམ་པ་ན། སྣས་དྲི་ཚོར་བའི་ནུས་པ་ཉམས། 4༽ རོ་རེག་བྱ་ལ་ཐིམ་པ་ན། ལྕེས་རོ་མྱོང་བའི་ནུས་པ་ཉམས། 5༽ རེག་བྱ་འབྱུང་བཞི་ལ་ཐིམ་པ་ན། ལུས་ཀྱིས་རེག་བྱ་ཚོར་བའི་ནུས་པ་ཉམས་པའོ། །

གཉིས་པ་ནི། 1༽ ས་ཆུ་ལ་ཐིམ་པ་ན། ཕྱི་རྟགས། མཇིང་པས་མགོ་མི་ཐེག །ལག་པས་ཕོར་པ་མི་ཐེག །ནང་རྟགས། ཤེས་པ་འཐིབ། ལུས་ལྕི། ལུས་ས་འོག་ཏུ་ཐིམ་འགྲོ་བ་སྙམ་པ་དང༌། ང་ཡར་བཀྱག་རོགས་ཟེར་བ་དེ་འདྲ་འོང་། གསང་རྟགས། དུ་བ་ལྟ་བུ་སྣང་བ་ཁམ་ལོང་ངེ་བ་འབྱུང༌།
2༽ ཆུ་མེ་ལ་ཐིམ་པ་ན། ཕྱི་རྟགས། ཁ་སྣ་སྐམ། སྒྲ་མི་ཐོས། ནང་རྟགས་ཤེས་པ་འཁྲུལ། སྡང་སེམས་སྐྱེ། གསང་རྟགས། སྨིག་རྒྱུ་ལྟར་སྣང་བ་རབ་རིབ། གཡོ་ཞིང་ལྡེག་པ་སོགས་འབྱུང༌། 3༽ མེ་རླུང་ལ་ཐིམ་པ་ན། ཕྱི་རྟགས། དྲོད་རླངས་ན་བུན་ཏེ་ཕྱིར་འཐོན། ཤིག་ཀྱང་ཕྱིར་འབྲོས། ཟས་མི་འཇུ། ནང་རྟགས་སྣང་བ་འདི་རིས་མི་གསལ། གཉེན་གཤེས་སོགས་ངོ་མི་ཤེས། མིང་བརྗེད་པ་སོགས་སོ། །གསང་རྟགས། སྲིན་བུ་མེ་ཁྱེར་གྱི་སྣང་བ་དམར་ཙེག་ཙེག་པ་འབྱུང༌ངོ་། ། 4༽ རླུང་རྣམ་ཤེས་ལ་ཐིམ་པ་ན། ཕྱི་རྟགས། ཁ་སྣའི་རླུང་ནང་དུ་སྡུད་མི་ཤེས། ཕྱིར་ཤོ་ཤོ་འཆོར། དབུགས་རྩེག་ཅིང་སྒྲ་ངར་ངར་འབྱིན། ལྕེས་རོ་མི་ཚོར་བ་སོགས་སོ། །ནང་རྟགས། བྷ་གའི་རྩ་མདུད་འཇིག་པས་འཁྲུལ་སྣང་སྣ་ཚོགས་འཆར། སྡིག་ཅན་ལ་གཤིན་རྗེའི་བང་ཆེན་འོང༌། འཇིགས་སྐྲག་ཆེ་ཆེར་འབྱུང༌། རྣལ་འབྱོར་པ་ལ་དཔའ་བོ་དཔའ་མོའི་བསུ་མ་འབྱོན། བླ་མ་དང་ལྷའི་སྣང་བ་འཆར། ཉམས་དགའ་མོ་འབྱུང་སྟེ། ཆོས་པ་ཡིན་མིན་གྱི་ཁྱད་ད་གཟོད་ཤེས་པ་ཡིན་གསུང་ངོ༌། །གསང་རྟགས། སྒྲོན་མེ་འབར་བ་ལྟ་བུའི་དམར་ཡལ་ཡལ་བ་འབྱུང་ངོ༌། །ཞེས་ལམ་འབྲས་མང་ཐོས་ཀླུ་སྒྲུབ་རྒྱ་མཚོའི་བུམ་དབང་གི་འདའ་ཀ་མ་སོགས་ཀྱི་ཁྲིད་ལས་སོ། །

མཁས་གྲུབ་ཁྱུང་པོས། 1 རྣམ་ཤེས་སྣང་བ་ལ་ཐིམ་པའི་ཚེ་དཀར་ལམ་དང༌། གཟུང་རྟོག་འགག་པ་དང༌། ཞེ་སྡང་གི་རྟོག་པ་སོ་གསུམ་འགག་ཅེས་དང༌། 2༽ སྣང་བ་མཆེད་པ་ལ་ཐིམ་པའི་ཚེ་དམར་ལམ་དང༌། འཛིན་རྟོག་དང༌། འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་འགག་པ་ལ་སྦྱར། 3༽ མཆེད་པ་ཐོབ་པ་ལ་ཐིམ་པའི་ཚེ་ནག་ལམ་དང༌། གཏི་མུག་གི་རྟོག་པ་བདུན་འགག་པ་ལ་སྦྱར། 4༽ ཐོབ་པ་ཉེར་ཐོབ་ལ་ཐིམ་པའི་ཚེ་རང་བཞིན་གྱི་འོད་གསལ་འཆར། ཞེས་གསུངས། དབྱངས་ཅན་དགའ་བློས་སྐུ་གསུམ་ལམ་འཁྱེར་ལས། དེ་ནི་གཞིའི་ཆོས་སྐུ་དང་། སྟོང་སང་དེ་ལ་གཞིའི་ངོ་བོ་ཉིད་སྐུ་དང་། དེ་ཡུལ་དུ་བྱེད་པའི་བློ་དེ་ལ་གཞིའི་རྟོགས་པ་ཡེ་ཤེས་ཆོས་ཀྱི་སྐུ་ཞེས་ཀྱང་ཟེར་རོ། །དེ་ལ་ཐ་མལ་བའི་མི་རྣམས་ཞག་གསུམ་གྱི་བར་དུ་གནས་ལ། དེ་ནས་ཁམས་དཀར་དམར་གྱི་རྟགས་འོང་ངོ་། །ནད་ཀྱིས་ལུས་ཟུངས་ཟད་དྲག་པ་ལ་ཞག་ཅི་ཙམ་སོང་ཡང་ཁམས་དཀར་དམར་གྱི་རྟགས་མི་འོང་བའང་སྲིད་ལ། ཞེས་གསུངས་པས། ང་ཚོ་མི་གྲོངས་ནས་ཞག་གསུམ་བར་དུ་ཕུང་པོ་ཉར་དགོས་པའི་གནད་ཀ་འདི་ཡིན་ནམ་སྙམ། ཡང་དེ་ཉིད་ལས། ས་ཆུ་ལ་ཐིམ་ཞེས་པས་རླུང་གིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་ཉམས་ནས། ཆུ་རླུང་གིས་རྣམ་ཤེས་ཀྱི་རྟེན་བྱེད་པའི་ནུས་པ་གསལ་དུ་སོང་བས་ན། སྔ་མའི་ནུས་པ་ཕྱི་མ་ལ་འཕོས་པ་འདྲ་བ་ཞིག་འབྱུང་བས་ས་ཆུ་ལ་ཐིམ་ཞེས་བཤད་ལ། ས་རང་ག་བ་ཞིག་ཆུ་རང་ག་བ་ཞིག་ལ་ཐིམ་པ་ནི་མ་ཡིན་ནོ། །དེས་གཞན་རྣམས་ལའང་རིགས་འགྲེའོ། །ཞེས་གསུངས། འདི་ཡན་ཆོད་སྐྱེ་བ་རྗེས་མ་ལུས་རྟེན་བཟང་པོ་འདོད་པ་དག་གིས་འཆི་བའི་སྐབས་སུ་སྣང་བ་འཆར་ཚུལ་དེ་དག་སྐབས་གང་ལ་སླེབས་པ་ངོས་ཟིན་པ་བྱས་ནས་དེའི་སྐབས་སུ་དགེ་སེམས་བསྐྱེད་པར་བྱ་རྒྱུ་གལ་ཆེ་བའི་སྐོར་ཅུང་ཙམ་ཞུས་ཟིན་པའི་ཁུལ་དུ་ལགས།

 

ད་ནི་ཤི་ཁའི་ནད་པ་གཅེས་སྐྱོང་གནང་སྟངས་དང་། ཤི་ཚར་ནས་རོ་ལས་དང་། གཤིན་པོ་ལ་ཤི་ཆོས་དང་གསོན་པོའི་ཞབས་རིམ་གང་ཞིག་བསྒྲུབ་དགོས་མིན་བཅས་ཀྱི་ཐོག་ལ་བཤད་པར་བྱའོ། །དང་པོ་ནི། མི་ཤི་ཁར་སེམས་ལ་དགེ་སེམས་ཁྱད་པར་ཅན་སྐྱེ་ཐབས་དང་། སེམས་ཁྲལ་དང་ཞེན་ཆགས་ཀྱི་སེམས་གང་ཡོད་པ་རྣམས་ཤེས་པར་བྱས་ཏེ། དེ་དག་སེལ་ཐབས་ཀྱི་སྒོ་གང་ས་ནས་བསྐྲུན་དགོས། དང་པོ་ནད་གཡོག་གམ་ནད་པའི་ཉེ་འཁོར་དུ་ཤ་ཚ་སྙིང་ཉེ་གང་ཡོད་རྣམས་ཀྱིས་ནད་པའི་སེམས་ཁྲལ་དང་ཞེན་ཆགས་ཀྱི་སེམས་སོགས་ཞི་བའི་ཆེད་ནད་པའི་རེ་འདོད་གང་ཡོད་མཁྱེན་པའི་ཐོག །དེ་དག་ཡོངས་རྫོགས་བསྐང་གང་ཐུབ་བྱས་ནས་ནད་པའི་སེམས་བདེ་ཐབས་ལ་འབད་དགོས། གཞུང་ཆེན་མོ་དག་ལས་ནད་གཡོག་ནི་ཤ་ཚ་སྙིང་ཉེ་བ་ཞིག་ཡིན་མིན་ལ་མ་ལྟོས་པར་ནད་པར་བྱམས་པ་དང་སྙིང་རྗེས་བསྐྱངས་པ་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་གོ་སྐབས་བཟང་པོ་ཞིག་ཡིན་པ་གསུངས་ཡོད། སྤྱིར་ཤི་རན་མིན་ལ་མ་ལྟོས་པར་ནད་པ་ཡིན་ཕྱིན་ཆད་དེ་ལ་སེམས་ཁྲལ་འབྱུང་གཞིའི་གཏམ་ངན་རིགས་གང་ཡོད་པ་རྣམས། གནས་སྐབས་གསང་རྒྱ་དམ་པོ་བྱ་དགོས་པ་ལས་ནད་པ་ལ་གཏན་ནས་ཤོད་མི་རུང་། ནད་པ་ཚབས་ཆེན་མིན་ནའང་གཏམ་ངན་གོ་བས་སེམས་ཁྲལ་གྱིས་གློ་བུར་གྲོངས་པའི་ལོ་རྒྱུས་ཤིན་ཏུ་མང་། འདི་ནི་སེམས་ཀྱི་བདེ་སྡུག་དང་ལུས་ཀྱི་འཕྲོད་བསྟེན་གཉིས་འབྲེལ་བ་དམ་ཟབ་ཡོད་པ་ཚན་རིག་པ་ཚོས་བཤད་པའི་བདེན་དཔང་གཅིག་རེད་དྲན། དེ་བཞིན་འཆི་ཁའི་ནད་པའི་མཐོང་ཐོས་སུ་གྱུར་སར་ནང་མི་ནང་འཁྲུགས་བྱས་པ་སོགས་ནད་པར་སེམས་ཁྲལ་སྐྱེ་བའི་ལས་གཞི་གང་ཡང་བརྩམ་མི་རུང་། ནད་པར་དབུགས་ཆད་ཁར་ངུ་ངག་ཤུགས་ཆེན་འདོན་ནས་འཐམ་པ་སོགས་ཤུལ་ལུས་ནང་མི་རྣམས་སྡུག་བསྔལ་ཡོད་པའི་རྣམ་པ་ནད་པས་ཤེས་པར་བྱ་མི་རུང་། དབང་ཤེས་ལྔའི་ཡུལ་དང་འབྱུང་བའི་ཐིམ་རིམ་མ་སླེབས་བར་དུ་ནད་པ་ནི་རྒྱུན་ལྡན་གྱི་མི་ཡིན་པས་གནས་ཚུལ་ཚང་མ་ཧ་གོ་ཐུབ།

ཆོས་སྒྲ་སྙན་པོའམ་སྒྲ་སྙན་པོ་གང་རུང་ཞིག་ནད་པས་གོ་ཙམ་ཞིག་བཏང་ན་ནད་པའི་སེམས་པ་ཞི་ལྷོད་དུ་ཆགས་པ་ལ་ཕན་པར་སྙམ། ཡེ་ཤུའི་ཆོས་ལུགས་པ་ཚོས་དེ་ལྟར་བྱེད་སྲོལ་ཡོད་འདུག །སྤྱིར་ཆོས་པ་ཡང་དག་ཅིག་ཡིན་ན། རྣལ་འབྱོར་པ་ན་དགའ་ཤི་སྐྱིད། ཅེས་པ་ལྟར། ཤི་ཁར་བུ་ཕ་ཁྱིམ་དུ་འགྲོ་བ་ལྟ་བུའམ་བཙོན་གྲོལ་ཐོབ་པའི་མི་བཞིན་སེམས་དགའ་ཡལ་ལེར་འོང་བར་གསུངས། ཐ་མལ་པ་འོ་ཅག་ལྟ་བུ་དེ་ལྟར་ཡོང་བར་དཀའ་བ་ཡིན། ལྷག་པར་ཤི་བ་ལ་ཆེས་འཇིགས་སྐྲག་ཡོད་མཁན་གྱི་ནད་པ་དག་ལ་སྨན་དང་སྨན་བཅོས་ཀྱིས་དྲག་བསྐྱེད་ཡོང་རབས་བཤད་ནས། མདོར་ན་ནད་པ་གང་ལ་འཇིགས་སྐྲག་ཡོད་པ་དེ་སེལ་བའི་ཐབས་ལམ་གང་ཡོད་སྟོན་དགོས།
སྔར་སངས་རྒྱས་ཞལ་ཞུགས་སྐབས་སུ་ཤི་བ་ལ་ཤིན་ཏུ་འཇིགས་པའི་ནད་པ་ཞིག་ལ་སངས་རྒྱས་ཀྱིས་ཤེས་རབ་སྙིང་པོ་བཏོན་ནས་འཇིགས་སྐྲག་བསལ་བའི་ལོ་རྒྱུས་ཡོད་པ་ཐོས། གང་ལྟར་ནད་པའི་སེམས་ལ་ཇི་ལྟར་བདེ་ཐབས་བསྐྲུན་ཐུབ་པ་དེ་ལྟར་གྱིས་དགེ་སེམས་སྐྱེ་བ་ལ་ཕན་ཐོགས་པ་ཡིན། ནད་པའི་ཚོར་སྣང་སྡུག་བསྔལ་གྱིས་ཟིན་ན་ཞེ་སྡང་དང་ཁོང་ཁྲོ་སོགས་འཕེལ་ནས་རྒྱུད་ལ་དགེ་སེམས་སྐྱེ་བའི་གོ་སྐབས་མེད་པ་ཡིན། སྐྱེ་བ་ཕྱི་མའི་ལུས་རྟེན་བཟང་ངན་གང་ཞིག་ཏུ་འགྲོ་མིན་ནི། འཆི་ཁའི་སེམས་ལ་རག་ལས་པ་གསུངས་ཡོད། འོ་ཅག་ལྟ་བུ་རྒྱུད་ལ་ཐོག་མེད་ནས་བསགས་པའི་ཁམས་གསུམ་འཁོར་བ་མཐའ་དག་ལ་འཕེན་བྱེད་ཀྱི་ལས་གྲངས་ཀྱིས་མི་ལང་པ་ཡོད། འཆི་ཁར་ལས་དེ་དག་ལས་དགེ་སེམས་ཀྱིས་སྣ་དྲངས་ནས་ལས་བཟང་པོ་དང་ སྡིག་སེམས་ཀྱིས་སྣ་དྲངས་ནས་ལས་ངན་པ་མངོན་དུ་གྱུར་ནས་སྐྱེ་བ་བཟང་ངན་ལེན་གྱི་ཡོད། དེས་ན་འཆི་ཁར་ནད་པའི་སེམས་ལ་དགའ་བདེ་དང་དགེ་སེམས་བསྐྱེད་པ་བྱ་རྒྱུ་གལ་ཆེན་ཡིན་པའི་རྒྱུ་མཚན་དེ་འདྲ་རེད། སྤྱིར་བཏང་མི་ཚང་མས་རང་ཉིད་ཀྱི་མི་ཚེ་ལ་དཔག་པའི་འདངས་ཤིག་བརྒྱབས་ཏེ་ཚེ་ཕྱི་མར་ཕན་པའི་དགེ་སྦྱོར་སྒྲུབ་ཕྱོགས། ཚེ་འདི་ལ་ཕན་པའི་བྱ་གཞག་སྒྲུབ་ཕྱོགས། དཔལ་འབྱོར་གསོག་སྒྲུབ་བཅས་ལ་འབད་བརྩོན་བྱ་ས་ལ་འབད་བརྩོན། སྤྲོ་འཆམ་འགྲོ་ས་ལ་སྤྲོ་འཆམ། དལ་ལྷོད་བྱ་ས་ལ་དལ་ལྷོད་བཅས་བྱས་ཏེ། མདོར་ན་ཚོད་རན་པོ་ཞིག་གི་སྒོ་ནས་ཆོས་དང་། འཕྲོད་བསྟེན། བདེ་སྐྱིད་དང་། གུ་ཡངས་བཅས་མིའི་ཚེ་ལ་དཔག་པའི་སྙོམས་སྒྲིག་བྱས་ནས་འཆི་ཁར་གང་ལའང་སེམས་ཆགས་དང་ཡིད་འགྱོད་མེད་པ་བྱ་དགོས།

དཔེར་ན། རང་ལོ་བདུན་ཅུའི་ནང་ཁུལ་གྱི་མི་ཞིག་ལ་ཨ་སྒོར་འབུམ་གཉིས་ལྷག་ཡོད་ན། ཁྱོད་ཀྱི་མི་ཚེར་འདངས་ངེས་ཡོད་པ་མ་ཟད་ཚེ་མཐར་ཕྱིན་ནས་ཤི་ནའང་ད་དུང་དངུལ་མང་པོ་ལྷག་ཡ་ཐག་ཆོད་པ་ཡིན། དེས་ན་རང་ཤི་བའི་སྐབས་སུ་རང་གི་དངུལ་ལྷག་རྣམས་བེད་སྤྱོད་གཏོང་ཕྱོགས་རང་གི་འདོད་པ་དང་མཐུན་པ་ད་ལྟ་ནས་ཐག་ཆོད་པའི་སྒོ་ནས། རང་གི་ཡིད་ཆེས་བྱ་སའི་མི་དག་ལ་མངགས་བཅོལ་བྱ་དགོས། དེ་ལྟར་མ་བྱུང་ན་འཆི་ཁར་དངུལ་དང་ཁང་པ་རྒྱུ་ནོར་སྣ་ཚོགས་ལ་སེམས་ཆགས་ཤོར་བའི་ཉེན་ཁ་ཡོད། གཞན་ཡང་ཕ་མ་དང་བུ་ཕྲུག་བཟའ་ཟླ་བཅས། གང་ལ་སེམས་ཆགས་ཡོད་པ་དེ་ལ་བལྟ་སྐྱོང་དང་རོགས་ཕན་བྱ་རྒྱུའི་ཁས་ལེན་བྱས་ནས་ནད་པའི་བསམ་བློ་སྒོ་གང་ས་ནས་བདེ་ཐབས་བྱ་དགོས། ད་ལྟ་གདན་ས་ཁག་ཏུ་ཉམས་ལེན་ཅན་གྱི་དགེ་བའི་བཤེས་གཉེན་མང་པོ་ཞིག་སྐྱེ་འཆི་ལ་རང་དབང་ཡོད་པ་ལྟ་བུས་དགོངས་པ་རྫོགས་ཁར་བསླབ་བྱ་གནང་དགོས་ས་ལ་བསླབ་བྱ། མཆོད་འབུལ་བྱ་དགོས་ས་ལ་མཆོད་འབུལ། ཐ་ན་ཞེ་དགུ་འཛིན་སྟངས་ཡན་ཆད་བཀོད་སྒྲིག་གནང་ནས་གྲོངས་ཀྱི་ཡོད་པ་ལྟ་བུ་རེད། སྤྱིར་བཏང་ལུས་ཁམས་བདེ་ཐང་དང་བཅས་ཏེ་གསོན་པའི་སྐབས་སུ་སྡིག་སྤོང་དགེ་སྒྲུབ་ཀྱི་ཉམས་ལེན་མེད་ན། འཆི་བའི་སྡུག་བསྔལ་མངོན་དུ་འགྱུར་བའི་སྐབས་སུ་དགེ་སེམས་བསྐྱེད་པ་ལ་ཅུང་ཟད་དཀའ་བ་ཡིན་པས། ཆོས་བསྒྲུབས་ན་ད་ལྟ་ཉིད་དུ་སྒྲུབས། །ཅེས་པ་ནི་གདམས་ངག་ཟབ་མོ་ཡིན། དེས་ན་ནམ་ཞག་རྒྱུན་དུ་ཉམས་ལེན་དང་སེམས་པ་བཟང་པོ་བྱ་དགོས། དེས་སྐྱེ་བ་ཕྱི་མར་ལུས་རྟེན་བཟང་པོ་ཐོབ་པ་ལ་ཕན་ཞེས་པའི་ཕན་ཚུལ་ནི། རྒྱུན་དུ་རང་ལ་སེམས་པ་བཟང་པོ་བྱམས་པ་དང་སྙིང་རྗེ་སོགས་དགེ་སེམས་གང་རུང་ལ་གོམས་འདྲིས་ཡག་པོ་ཡོད་པ་ཞིག་ཡིན་ན། འཆི་ཁར་དགེ་སེམས་དེ་དག་བདེ་བླག་ཏུ་སྐྱེ་ཐུབ་པ་དང་། དེས་ལས་བཟང་པོ་དག་གི་སྟོབས་བསྐྱེད་ནས་མངོན་དུ་འགྱུར་བ་བྱས་པ་དང་། དེས་ཕྱི་མར་སྐྱེ་བ་བཟང་པོར་འཕེན་པར་བྱེད་པ་བཅས་ཡིན།

དེས་ན་ཞབས་བརྟན་པ་བླ་མ་དགེ་འདུན་པ་ཚོས་འཆི་ཁའི་ནད་པ་ལ་དབང་བསྐུར་དང་ཞབས་རིམ་བསྒྲུབ་པ་ལས། བདག་ཉིད་བདག་གི་མགོན་ཡིན་ལ། །གཞན་ནི་སུ་ཞིག་མགོན་དུ་གྱུར། །ཞེས་པ་ལྟར། ནད་པ་ཁོ་རང་ཁོ་རང་གིས་མགོན་བྱས་ནས་འགྲོ་དགོས་དུས། ནད་པ་ཁོ་རང་དད་ཡུལ་གྱི་བླ་མ་སྤྱན་རས་གཟིགས་ཀྱི་སྐུ་པར་སྟོན་པ་དང་གསུང་ཅི་རིགས་ཉན་འཇུག་རྒྱུ། སྐྱབས་འགྲོའི་ཆོས་སྐོར་དང་། དེ་བཞིན་བྱམས་སོགས་ཚད་མེད་བཞི་དང་། བྱང་ཆུབ་ཀྱི་སེམས་སོགས་ཐབས་ཀྱི་ཕྱོགས་སུ་གཏོགས་པའི་དགེ་སེམས་ངོ་སྤྲོད་དང་། དེ་བཞིན་གང་ཟག་གི་བདག་མེད་ཕྲ་རགས་སོགས་ཤེས་རབ་ཀྱི་ཕྱོགས་སུ་གཏོགས་པའི་དགེ་སེམས་ངོ་སྤྲོད་དང་འབྲེལ་ཤིན་ཏུ་ངག་འཇམ་པོ་དང་ཚིག་སྙན་པོའི་སྒོ་ནས། ད་ཁྱོད་རང་སེམས་ཁྲལ་མ་བྱེད་བློ་བདེ་པོ་བྱོས། ཁྱེད་རང་ཡག་པོ་རེད་ཡོད་ཅེས་ནད་པའི་ཡིད་བློ་བདེ་ཐབས་གནང་ཐུབ་ན་དགེ་མཚན་ཆེ་བར་མངོན། སྤྱིར་གྲྭ་པ་དང་བླ་མ་གང་ཞིག་ཡིན་རུང་། མི་ན་ཤིའི་རྐྱེན་གྱོང་ཆགས་ཡོད་སར་ངེས་པར་ཕེབས་ནས་ཐུགས་སྨོན་མཚམས་སྦྱོར་དང་འབྲེལ་བའི་ཤི་ཆོས་དང་རྒྱབ་ཆོས་གང་ལེགས་བསྒྲུབ་རྒྱུ་ནི། ཁ་ཚ་དགོས་གཏུགས་ཀྱི་གཞན་ཕན་གྱི་བྱ་བ་རླབས་ཆེན་ཞིག་ཡིན། མ་སེམས་ཅན་ཐམས་ཅད་ཅེས་ཉིན་ལྟར་ཐུགས་སྨོན་མཛད་པ་བཞིན། སེམས་ཅན་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པའི་ས་ཞིག་ལ་ཕེབས་ནས་གཞན་ཕན་སྒྲུབ་ཚུལ་ཞིག་མེད་པས། དང་ཐོག་རང་དང་ཉེ་ཕྱོགས་དང་འབྲེལ་ཕྱོགས་ནས་འགོ་བཙུགས་ཏེ་གཞན་ལ་ཕན་འདོགས་དགོས་པ་དེ་རེད། དེས་ན་འདས་པོ་ལ་ཕན་ཇི་ཙམ་ཐོགས་མིན་དེ་ལྐོག་གྱུར་གནས་ཡིན་པས་དངོས་སུ་མིག་ལ་མངོན་རྒྱུ་ཞིག་མིན་ཡང་། ཤུལ་ལུས་ནང་མི་རྣམས་ཀྱི་སྡུག་བསྔལ་བརྒྱ་ཆ་ལྔ་བཅུ་ཉུང་དུ་བཏང་ཐུབ་ཀྱི་ཡོད་པ་དངོས་སུ་མཐོང་ཆོས་སུ་ཡོད་པ་འདི་རེད། སྤྱིར་ཆོས་རྣལ་མ་ཉམས་སུ་ལེན་མཁན་ཞིག་ཡིན་ན། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བའི་ཐོག་ཉམས་སུ་ལེན་པའམ་སྒོམ་ཞེས་པ་ནི་བློ་ལ་གོམས་འདྲིས་བསྟེན་རྒྱུ་དེ་རེད། དགེ་སེམས་སྣ་རེ་ཡན་ཆོད་མ་སྐྱེས་པ་རྣམས་བསྐྱེད། སྐྱེས་པ་རྣམས་བློ་ལ་གོམས་འདྲིས་སུ་བསྟེན་ནས་དེ་རྒྱུན་གནས་ཐུབ་པ་བྱ་རྒྱུ་དེ་རེད། ཆོས་ཀྱི་ཉམས་ལེན་ཟེར་དུས་ལམ་གྱི་རྟོགས་པ་མཐོ་པོ་ཞིག་དགོས་པའི་ངེས་པ་མེད། མ་ཎི་ཚར་གཅིག་འདོན་འདོད་ཀྱི་ཀུན་སློང་དང་། ལྷ་དང་བླ་མ་ལ་དད་པ། ལས་འབྲས་ལ་ཡིད་ཆེས། སེམས་ཅན་གཅིག་ཙམ་ལ་དམིགས་པའི་ཕན་སེམས་ཡན་ཆད་ཚང་མ་ཆོས་ཀྱི་ཉམས་ལེན་ཡིན། དེ་དག་ལ་ཤུགས་ཇི་ཙམ་ཆེ་རུ་འགྲོ་བ་དེའི་ཚོད་ཀྱིས་ཉམས་ལེན་ཡར་རྒྱས་འགྲོ་ཡི་ཡོད། དེར་བརྟེན་འཆི་ཁར་དགེ་སེམས་མངོན་དུ་གྱུར་པ་ལ། དེ་ལྟ་བུའི་དགེ་སེམས་དེ་དག་ལ་ཇི་ཙམ་ཞིག་གོམས་པ་དགོས་སམ་ཞེ་ན། གཉིད་ལམ་གྱི་སྐབས་སུ་རྒྱུན་དུ་རང་གི་ཉམས་སུ་བླང་བྱའི་དགེ་སེམས་ངམ་ངམ་ཤུགས་ཀྱིས་བློ་ལ་འཆར་བ་ཞིག་དགོས་པ་ཡིན། བླ་མ་འཇིག་རྟེན་མགོན་པོས་ཁོང་གཉིད་ལམ་ཡན་ཆོད་བྱམས་དང་། སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་དོན་བཅས་ལ་བསམ་བློ་གཏོང་ཐུབ་ཀྱི་ཡོད་པས། སྐུ་གཤེགས་པའི་སྐབས་སུའང་དེ་དག་ཏན་ཏན་བསམ་བློ་གཏང་ཐུབ་ས་རེད། དེས་ན་སྐྱེ་བ་ཕྱི་མ་ལུས་རྟེན་བཟང་པོ་ཞིག་ཐོབ་རྒྱུ་ཐག་ཆོད་པ་རེད། ཅེས་གསུངས་པ་མང་དུ་ཐོས། འོ་ཅག་ཚོ་གཉིད་ལམ་གྱི་སྐབས་སུ་ངམ་ངམ་ཤུགས་ཀྱིས་ཆགས་སྡང་གི་སྣང་བ་སྣ་ཚོགས་འཆར་འོང་བ་ནི་རང་རྒྱུད་དེ་དག་གོམས་ཆེ་བས་ལོས་ཡིན། དེས་ན་འཆི་བ་ནི་གཉིད་མཐུག་པོ་ཞིག་ཁུག་འགྲོ་བ་ལྟ་བུ་ཡིན་པས། དང་པོ་སྒོ་ལྔའི་དབང་ཤེས་འགག་པའི་སྐབས་སུ་གང་ཞིག་སྣང་བ་ནི་ད་ལྟའི་གཉིད་ལམ་ལྟར་འཆར་འོང་རྒྱུ་ཐག་ཆོད་པ་ཡིན། ང་ཚོ་གཉིད་ཁུག་ཁར་དགེ་བའི་སེམས་ཤུགས་ཆེན་པོར་བསྐྱེད་ནས་དེའི་ངང་དུ་གཉིད་ལ་ཡུར་སོང་པ་ཡིན་ན་གཉིད་དེ་དགེ་བའི་ངོ་བོ་ལ་འགྲོ་བའི་དཔེ་བཞིན། འཆི་ཁར་དགེ་སེམས་བསྐྱེད་ཐུབ་ན་དགེ་མཚན་ཡོད་པའི་རྒྱུ་མཚན་གཅིག་དེ་འདྲ་ཡིན་ནའང་ཆོག །

ཚེ་འདི་ལ་ཆོས་ཉམས་ལེན་ཡག་པོ་ཞིག་བྱེད་ཐུབ་མིན་གང་ལྟར་ཡང་རེ་བ་བཟང་ས་ནས་བརྒྱབ་སྟེ་ཞུས་ན། སུ་ཞིག་ཡིན་རུང་འཆི་ཁར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། སྟོང་པ་ཉིད་ཀྱི་དོན་བཅས་ལ་བསམ་བློ་གཏང་ཐུབ་པ་ཞིག་བྱུང་ན་རབ་དང་ཕུལ་དུ་ཕྱིན་པ་ཡིན། དེ་ལྟར་བྱུང་བ་ལ་འཆི་ཁར་མ་སླེབས་སྔོན་དུ་ནང་པའི་ཆོས་གཞུང་ལ་སློབ་སྦྱོང་ཕྲན་བུར་བྱས་ནས་དེ་དག་གི་དོན་རོབ་ཚོད་ཙམ་ཤེས་པ་ཞིག་དགོས་པ་ཡིན། དེ་ལྟར་མ་བྱུང་ཡང་དད་པ་དང་མོས་གུས་ཀྱི་སྒོ་ནས་སྟོན་པ་བཅོམ་ལྡན་འདས་དང་། རང་གིས་གང་ལ་དད་མོས་བྱ་སའི་བླ་མ་དང་ངོ་བོ་དབྱེར་མེད་ཡིད་ལ་འཆར་བ་གང་ཐུབ་བྱ་རྒྱུ་དང་། སྔོན་བྱས་དགེ་བ་ལ་དམིགས་ནས་དགའ་བ་དང་། སྡིག་པ་ལ་དམིགས་ནས་འགྱོད་བཤགས། ལྷག་པར་རང་ཅག་གི་བླ་མ་སྤྱན་རས་གཟིགས་ལ་ནུས་པ་གང་ཡོད་ཀྱིས་གསོལ་བ་འདེབས་པ་དང་། གསོལ་བ་འདེབས་བཞིན་རང་ཉིད་ཀྱི་རྣམ་ཤེས་རང་གི་སྤྱི་ཚུགས་ནས་ཐོན་ཏེ་བླ་མ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་ཐིམ་པའི་མོས་པ་བྱས་ན་སྐྱེ་བ་ཕྱི་མ་བླ་མ་སྤྱན་རས་གཟིགས་ཀྱི་རྗེས་སུ་འཛིན་པའི་རྟེན་འབྲེལ་ཡོད་པར་གསུངས། གང་ལྟར་ང་ཚོ་ཞིང་འབྲོག་གི་མང་ཚོགས་དཀྱུས་མ་ཚོ་ལའང་ནང་ཆོས་ཀྱི་སློབ་སྦྱོང་ཚད་མཐོན་པོ་ཞིག་མེད་ནའང་། སངས་རྒྱས་ཀྱི་བསྟན་པ་དར་བར་ཤོག །དགེ་འདུན་གྱི་དབུ་འཕང་མཐོ་བར་ཤོག །སེམས་ཅན་ལ་བདེ་སྐྱིད་འབྱུང་བར་ཤོག །འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བློ་ཆོས་ལ་འགྱུར་བར་ཤོག ཆོས་ལམ་དུ་འགྲོ་བར་ཤོག །བདེ་བ་ཅན་དུ་སྐྱེ་བར་ཤོག །ཅེས་དང་།

མ་ཎི་ཚར་གཅིག་བཏོན་པ་དང་བསྐོར་བ་ཐེངས་གཅིག་བརྒྱབ་པ་ཡན་ཆོད་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ལ་ཆོས་སྐལ་ཡོང་བར་ཤོག །བླ་མ་སྤྱན་རས་གཟིགས་ཀྱི་སྐུ་ཚེ་བརྟན་པར་ཤོག །འགྲོ་བ་སེམས་ཅན་ཐམས་ཅད་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་ཤོག་ཅེས་སོགས། རྒྱུན་པར་དམངས་ཁྲོད་ཀྱི་སྨོན་ལམ་འདི་དག་ནི། མཆོད་མཇལ་སོགས་ཀྱི་སྐབས་སུ་ཞིང་འབྲོག་མང་ཚོགས་ཚང་མའི་ངག་ལས་ཆུ་རྒྱུགས་རྒྱུགས་འདོན་རྒྱུ་ཡོད་པ་ཞིག་རེད། ད་དུང་ཁོ་བོས་དྲན་མ་ཐུབ་པའི་སྨོན་ལམ་ཡག་པོ་མང་པོ་ཡོད་རེད། དེས་ན་སྨོན་ལམ་འདི་དག་གི་ཚིག་ཙམ་མ་ཡིན་པར་དོན་རོབ་ཚོད་བློ་ལ་གསལ་འདེབས་ཐུབ་ན་སྨོན་ལམ་དང་དགེ་སེམས་རླབས་ཆེན་ཤ་སྟག་རེད། ཡང་སྔོན་དུ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅེས་སྨོན་ལམ་བཏབ་ཚར་བའི་དེ་མ་ཐག་ཏུ་ང་ཚོའི་ནང་གི་མག་པ་སྡུག་ཤི་བརྒྱག་རྒྱུ་ཁོ་ད་དུང་ལངས་མི་འདུག །ཅེས་པ་ལྟ་བུ་རེད་སོང་ན་ཚིག་ཙམ་གྱི་སྨོན་ལམ་ཡིན་པས་ཕན་ཡོན་ཡང་ཚིག་ཙམ་ཞིག་མ་གཏོགས་ཆེན་པོ་ཞིག་མེད་ཚོད་རེད། ཧཧཧ ད་ནི་བླ་མ་སྤྱན་རས་གཟིགས་ཐུགས་རྗེ་ཅན་གྱིས་འོ་ཅག་ཚོ་ལ་ཐུགས་བརྩེ་བ་ཆེན་པོས་གནང་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་ཉམས་ལེན་གྱི་གནད་སྟོན་པའི་མན་ངག་བྱིན་རླབས་ཅན་འགའ་བརྒྱུད་འགོད་ཞུ་བ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས་རིན་ཆེན་ཕྲེང་བར། ས་དང་ཆུ་དང་མེ་དང་རླུང་། །སྨན་དང་དགོན་པའི་ཤིང་བཞིན་དུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་དགའ་དགག་མེད་སྤྱད་བྱར་ཤོག །སེམས་ཅན་རྣམས་ལ་སྲོག་བཞིན་ཕངས། །བདག་ལ་དེ་དག་ཆེས་ཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་སེམས་ཅན་འགའ་ཞིག་ཀྱང་། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་ཐོབ་ཀྱང་གནས་གྱུར་ཅིག །ཅེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས་སྤྱོད་འཇུག་ལས། བདག་ནི་མགོན་མེད་རྣམས་ཀྱི་མགོན། །ལམ་ཞུགས་རྣམས་ཀྱི་དེད་དཔོན་དང་། །བརྒལ་འདོད་རྣམས་ཀྱི་གྲུ་དང་ནི། །གཟེངས་དང་ཟམ་པ་ཉིད་དུ་གྱུར། །མར་མེ་འདོད་ལ་མར་མེ་དང་། །གནས་མལ་འདོད་ལ་གནས་ལམ་དང་། །བདག་ནི་ལུས་ཅན་བྲན་འདོད་པ། །ཀུན་གྱི་བྲན་དུ་འགྱུར་བར་ཤོག །ཅེས་དང་།

Related Articles