ང་ཚོས་རྩོམ་ཡིག་འབྲི་སྐབས་རྒྱུན་དུ་འབད་བརྩོན་གནང་དགོས་པ།

ང་ཚོས་རྩོམ་ཡིག་འབྲི་སྐབས་རྒྱུན་དུ་འབད་བརྩོན་གནང་དགོས་པའི་དོན་གནད་ཆེ་ཤོས་གང་ཡིན་དང་དེའི་སྐོར་གྱི་རྒྱུ་མཚན་མཁས་པའི་གསུང་རྒྱུན་དང་འབྲེལ་བའི་སྒོ་ནས་རང་གི་དགོངས་ཚུལ།

༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽

བསྟན་འཛིན་དམ་ཆོས།

ལྷག་བསམ་དག་པའི་དྲི་མེད་ཁ་གཡང་དཀར་པོ་ཞིག་གིས་ཐོག་དྲངས་ནས་ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་རྣམས་དང་ཕ་ཡུལ་གཅིག་པའི་སྤུན་མཆེད་ཚང་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ལོ་གསར་པའི་ནང་དུ་བྱ་བ་ལམ་འགྲོ་ནད་མེད་ཚེ་རིང་ཡོང་བའི་སྨོན་འདུན་ཞུ།

ནགས་ལྷ་རྩོམ་སྒྲིག་ཁང་གིས་ཞལ་བཀོད་དམ་བགོ་སྐལ་དུ་གནང་བའི་བཤད་བྱའི་སྐད་ཆའམ་བརྗོད་གཞི་ནི་༼ང་ཚོས་རྩོམ་ཡིག་འབྲི་སྐབས་རྒྱུན་དུ་འབད་བརྩོན་གནང་དགོས་པའི་དོན་གནད་ཆེ་ཤོས་གང་ཡིན་དང་དེའི་སྐོར་གྱི་རྒྱུ་མཚན་མཁས་པའི་གསུང་རྒྱུན་དང་འབྲེལ་བའི་སྒོ་ནས་རང་གི་དགོངས་ཚུལ་༽ རེད། དེས་ན་ང་ཚོས་དང་པོ་རང་གི་ལས་བྱ་རྩོམ་རིག་ཟེར་བ་དེ་གང་འདྲ་ཞིག་ལ་གོ་དགོས་མིན་དང་དེའི་སྐྱེ་གནས་དར་གསུམ་དང་ནུས་པ་སོགས་ལ་གོ་བ་རག་རིམ་ཞིག་ལྡན་དགོས།

རྩོམ་རིག་ཟེར་བ་ནི་༼ཕྱི་སྣོད་རང་བྱུང་ཁམས་ཀྱི་ཡུལ་ལྗོངས། ནང་བཅུད་རྒྱུ་འབྱོར་ལོངས་སྤྱོད། རྩོལ་སྒྲུབ་ཀྱི་ལས་དང་བྱ་བ། ཚོར་རྟོག་གི་དགའ་བ་དང་སྐྱོ་བ། ཁམས་དང་མོས་པ། འགལ་བ་དང་འབྲེལ་བ་སོགས་མིའི་རིགས་ཀྱི་བསམ་བློའི་ཚོར་ཤེས་དང་འབྲེལ་བའི་བྱ་དངོས་ཡོད་དོ་ཅོག རྩོམ་པ་པོའི་དགའ་སྐྱོ་ཆགས་སྡང་གི་ཚོར་འདུའི་འགྱུར་བ་སྣ་ཚོགས་ལས་ངག་སྦྱོར་གྱི་དཔལ་དུ་གྲུབ་པ་ལ་རྩོམ་རིག་ཅེས་བརྗོད་རུང་༽དེས་ན་རྩོམ་རིག་ནི་འགྲོ་བ་མི་རྣམས་གོག་པ་ནས་འགྲེང་བ། སྨྲ་མེད་ནས་སྨྲ་ཤེས། བསམ་མེད་ནས་བསམ་ཡོད་ཅན་བཅས་མི་ཡི་འཕེལ་འགྲོས་རིང་མོ་དེ་དང་འགྲོགས་ནས་དར་འཕེལ་བྱུང་བ་ཞིག་ཡིན་ཀྱང་རྩོམ་ཡིག་ནི་ངག་ཐོག་ཡོད་པ་ཙམ་ལ་མི་གོ་པར་ངག་གི་སྒྱུ་རྩལ་དང་སེམས་ཀྱི་འཆར་སྒོ་མདོར་ན་རྩོམ་པ་པོའི་དགའ་སྐྱོ་སྡང་གསུམ་གྱིས་བསྐྲུན་པའམ་རྩོམ་པ་པོའི་ཀླད་ལག་གཉིས་པོས་རྩོལ་སྒྲུབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས་རྩོམ་ཡིག་ནི་འགྲོ་བ་མི་རྣམས་ཀྱིས་ཡི་གེའི་བཀོལ་སྤྱོད་ཐུབ་པ་ནས་དར་བ་ཞིག་ཡིན་པར་འདོད། རྒྱས་པ་གཞན་ནས་ཤེས་པར་བྱོས།

རྩོམ་ཡིག་ལ་དབྱེ་ན་རང་བཞིན་བརྗོད་དང་གསལ་བྱེད་འགག་སྒྲུབ་གསུམ་དང་ཡང་ན་རྩོམ་ལུས་ཀྱི་སྒོ་ནས་བྱེད་ཚུལ་གཅིག རྣམ་པའི་སྒོ་ནས་བྱེད་ཚུལ་གཅིག བརྗོད་བྱའི་སྒོ་ནས་བྱེད་ཚུལ་བཅས་གསུམ་ཕྱེ་འདུག དང་པོ་རྩོམ་ལུས་ལ་གཅད་ལྷུག་སྤེལ་མ་དང་། གཉིས་པ་རྣམ་པ་ལ་སྙན་ངག་དང་མགུར་མ།  བརྩམས་སྒྲུང་།  རྣམ་ཐར།  ཟློས་གར།  ལེགས་བཤད། བསླབ་བྱ་བཅས་བདུན་བཀར་འདུག གསུམ་པ་བརྗོད་བྱ་ལ་བྱས་ན་རྟོག་འཆར་ཁོ་ན་ལས་གྲུབ་པ་དང་རྟོག་འཆར་མ་འདྲེས་པར་དོན་དངོས་བདེན་གནས་བརྗོད་པ། གཉིས་ཀ་མཉམ་དུ་བསྲེས་པའོ།  དེ་དག་རེ་རེར་ཚང་དགོས་པའི་ཆ་རྐྱེན་དང་ཉམས་འཇོག་དགོས་སའི་དོན་གནད་རེ་ཡོད།  སྤྱིར་རྩོམ་འབྲི་བ་ཚང་མ་ལ་མི་རེ་ངོ་རེར་མ་འདང་ས་དང་ནོར་བའི་ཆ་རེ་ཡོད་ངེས་པས་སོ་སོའི་སྐྱོན་དང་ནོར་བ་གང་ཡོད་དེ་ངོ་བོ་ཟིན་པས་སྒོ་ནས་དེ་ལ་གཟབ་གཟབ་བྱེད་དགོས་པ་དང་དོ་སྣང་བྱེད་པ་ལས་བརྒྱ་ཁ་གཅིག་ཆོད་ལྟ་བུ་དང་གཅིག་ཤེས་ཀུན་གྲོལ་འདྲ་བ་གཏན་ནས་ཡོང་མི་སྲིད།  དེས་ན་སྒྲ་ཟུར་ཡངས་པའི་སྒོ་ནས་རྩོམ་འབྲི་བྱེད་པའི་སྐབས་སུ་གནད་དོན་གང་དང་གང་ལ་ཡིད་འཇོག་བྱེད་དགོས་བ་དང་གང་དང་གང་ལ་བརྩོན་དགོས་པ།  དེ་ལ་དང་པོ།  བརྡ་རྟགས་དག་གསུམ་པོ་ལ་ཐུགས་གནང་དང་ཡག་པོ་ཞིག་སྦྱང་བ་སྔོན་དུ་བྱེད་རྒྱུ་གལ་ཆེན་ནང་གི་འགངས་ཆེན་རེད། དཔེར་ན་མཁར་ལས་བྱེད་པ་ལ་དང་ཐོག་མར་རྨངས་རྩ་ཡག་པོ་ཞིག་དང་བརྟན་པོ་ཞིག་བརྩེགས་ནས་མཁར་གྱི་མཐོ་ཚད་དང་མཛེས་བཟོ་བསྐྲུན་དགོས་པ་ལས་རྨངས་རྩ་བརྟན་པོ་དང་ཡག་པོ་མེད་པར་མཁར་མཐོ་བོ་ཞིག་དང་མཛེས་པོ་གཅིག་མི་ཡོང་བ་བཞིན་བརྡ་དག་གསུམ་པོ་ཡག་པོ་ཞིག་མེད་པར་རྩོམ་ལེགས་པོ་ཞིག་འབྲི་ཐབས་མེད། དེ་ལ་དཀའ་གསལ་ལས་༼ འདི་ལ་མ་སྦྱངས་རྨོངས་ཚོད་ཅེས།༽

གཉིས་པ། རྩོམ་འབྲི་བྱེད་བའི་སྐབས་སུ་རང་གི་བརྗོད་བྱ་དང་འབྲེལ་བའི་དཔེ་དེབ་གང་ཡོད་བཀླག་ས་པ་དང་དེ་དག་ལ་དབྱེ་ཞིབ་བྱས་ནས་ལེགས་ཆ་རྣམས་འདེམས་སྒྲུག་བྱེད་དེ་རང་གི་རྩོམ་གྱི་ནང་ལ་བབས་ཆགས་ཤིང་ཚུལ་དང་མཐུན་པའི་སྒོ་ནས་བེད་སྤྱོད་དང་བེད་སྤྱོད་བྱ་ཡུལ་དང་བྱེད་རྒྱུ་གཉིས་ཀ་ལ་དོ་སྣང་དང་བསམ་གཞིག་བྱས་ནས་ར་མགོ་ལུག་སུག་ཏུ་མ་སོང་བ་བྱ་དགོས། སྤྱིར་དཔེ་དེབ་སྣ་མང་ཀློག་རྒྱུ་ནི་མེད་དུ་མི་རུང་བའི་གལ་ཆེན་ཞིག་ཡིན། དེ་ལ་༼ དཔེ་དེབ་ཁྲི་ཕྲག་བཀླགས་གྱུར་ན།། སྨྱུག་རྩེ་ལྷ་ཡིས་སྒུལ་བ་བཞིན།།༽ དཔེ་དེབ་རྣམས་ཀློག་པའི་སྐབས་སུ་དོ་སྣང་གཉིས་ལ་གནང་དགོས། དང་པོ་ནང་དོན་ཆེད་དུ་ཀློག་པ་དང་གཉིས་པ་རྗོད་བྱེད་ཚིག་དང་སྡེབ་སྦྱོར་བྱེད་སྟངས་ལ་དམིགས་པ་གཏད་ནས་ཀློག་དགོས། དེ་མིན་ཉི་མ་འཁྱོལ་ཐབས་དང་སྐྱོ་བ་སངས་ཐབས་ཆེད་དུ་བཀླགས་པ་ཡིན་ན་དེ་ལ་ཕན་སྲིད་མོད་རང་གི་རྩོམ་ཡིག་ཡར་རྒྱས་གཏང་བར་ཕན་ཆེན་པོ་མེད་། དེ་བཞིན་རྩོམ་འབྲིའི་སྐབས་སུ་དྲང་བདེན་དང་སྙིང་སྟོབས་ལ་སོགས་ངེས་པར་དུ་ཚང་དགོས་པ་ཞིག་དང་རྒྱུན་འཁྱོང་བྱ་དགོས།

མི་ལྕོགས་ཕྲག་ན་བཀར་བའི་ཁུར་བོ་འདི།།
མི་འཕེར་སྡུག་གི་སྒེར་ཚུལ་མ་གླེང་པར།།
མིའུ་རང་གིས་ནུས་པའི་གུག་འགྲོས་འདི།།
མིའུ་རང་ལ་ཅུང་ཟད་ཕན་ཆེད་ཡིན།།


 

Related Articles