ང་ཚོས་སྐད་ཡིག་སྐྱོབ་དང་སྐད་ཡིག་གིས་ང་ཚོ་སྐྱོབ་ངེས།

ང་ཚོས་རང་གི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལ་ཐབས་ལམ་གང་དག་ལ་བརྟེན་དགོས་པའི་སྐོར།

ང་ཚོས་སྐད་ཡིག་སྐྱོབ་དང་སྐད་ཡིག་གིས་ང་ཚོ་སྐྱོབ་ངེས།
༼༢༠༡༥ ལོའི་བགྲོ་གླེང་སྣེ་ཁྲིད་པའི་རྩོམ་ཤོག །༽
ནགས་ཤོད་ཅོང་བརྡ།

སྔོན་གླེང་།

༡༽  མེས་པོ་གོང་མ་རྣམས་ཀྱི་དཀའ་བ་བརྒྱ་དང་ངལ་བ་སྟོང་གིས་འབད་པའི་དཀའ་དྲིན་གྱིས། ད་བར་རང་རེ་རྣམས་མགྲིན་པ་ཀྲོང་ངེར་འཛམ་གླིང་མི་མང་གི་ཁྲོད་དུ་བསྒྲེངས་མྱོང་བའི་བོད་ཀྱི་ཐུན་མིན་སྐད་དང་ཡི་གེ་ཉམས་ཐག་ཅིང་སྐྱ་ཆད་སྔོ་སྡུག་གི་དུས་འདིར། ཁྱེད་ནགས་ལྷ་རྩོམ་སྒྲིག་ཁང་གི་ལས་མི་ཡོངས་ཀྱིས་སྐུ་ལས་འཛེམ་མེད་ངང་ནས་བོད་སྤྱི་པའི་ལས་དོན་དང་། དགོས་སུ་ནགས་ཤོད་པའི་བདེ་སྡུག་གི་ཆེད་དུ་འདི་ལྟ་བུའི་ཕྱག་ལས་གནང་བ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་དང་འབྲེལ་ཡོད་འདིའི་ཐད་དུ་སྐུ་ལས་ལྷོད་མེད་གནང་མཁན་རྣམ་པར་བོད་མི་ས་ཡ་དྲུག་དང་། ཡང་དགོས་ངེད་དབུ་མ་ནགས་ཤོད་པའི་སློབ་མ་ཡོངས་ཀྱི་ཚབ་བྱེད་དེ་བཀའ་དྲིན་ནམ་ཡང་བརྗེད་པ་མེད་ཞུའོ། །

དངོས་གླེང་།
༢༽  མི་རིགས་ཤིག་དང་རྒྱལ་ཁབ་ཅིག་ལ་མཚོན་ན་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་སྐད་ཡིག་ནི། མི་རིགས་དང་རྒྱལ་ཁབ་དེའི་བླ་ཚེ་སྲོག་གསུམ་ཡིན་པས་ཀུན་གྱིས་གཙིགས་ཆེན་འཛིན་བཞིན་ཡོད། སྐད་དང་ཡི་གེ་མེད་པའི་མི་རིགས་ནི་བླ་ཚེ་སྲོག་གསུམ་མེད་པའི་བེམ་པོ་ལྟ་བུ་ཡིན་ཏེ། མི་རིགས་དེའི་ངོ་བོ་གཏན་བྲལ་དུ་སོང་བས་སོ།། དེར་བརྟེན་མི་རིགས་ཤིག་ཡུན་རིང་འཚོ་དགོས་ན་སྐད་ཡིག་ངེས་པར་འཚོ་དགོས་ཤིང་། མི་རིགས་ཤིག་རྦད་དེ་རྩ་གཏོར་གཏོང་དགོས་ན་སྐད་ཡིག་ནས་འགོ་བཙུགས་སྟེ་གཏོར་བརླག་གཏོང་དགོས། དེ་ནི་ཟློག་ཏུ་མེད་པའི་གནས་ལུགས་ཤིག་ཡིན་པས་འུ་ཅག་ཆོལ་ཁ་གསུམ་ཡོད་དོ་ཅོག་ཕྲེང་རྡོག་བརྒྱ་ལ་ཕྲེང་ལུང་གཅིག་ལྟར་བྱས་ནས་ད་བར་འཚོ་ཐུབ་པ་དང་། འདི་ནི་བོད་ཅེས་པའི་མི་རིགས་ཤིག་གོ་ཟེར་ནས་བརྗོད་སའི་གཞི་ཞིག་ཡོད་པ་ནི་སྐད་དང་ཡི་གེ་འདིའི་བཀའ་དྲིན་ཁོ་ན་ཡིན། གལ་ཏེ་ཉིན་ཞིག་འུ་ཅག་གི་སྐད་ཡིག་འདི་བརླག་སོང་བའི་དབང་དུ་གཏོང་ན་སྐབས་དེར་ཕྲེང་ལུང་ཆད་པ་ལྟར་འུ་ཅག་འཐོར་ཞིག་ཏུ་འགྲོ་བར་ཐེ་ཚོམ་ཏིལ་འབྲུ་ཙམ་ཡང་མེད། གང་ལྟར་ཡང་སྐད་ཡིག་ཡུན་རིང་འཚོ་མིན་ནི་མི་རིགས་དེ་ཉིད་ལ་རགས་ལས་ཡོད་ལ། མི་རིགས་དེ་ཡུན་རིང་གནས་མིན་སྐད་ཡིག་ལ་རགས་ལས་ཡོད་པས་འདི་གཉིས་ལྟོས་གྲུབ་ཀྱི་ཚུལ་དུ་བྱས་ཏེ་གནས་ཡོད། དེར་བརྟེན་ང་ཚོས་སྐད་ཡིག་སྲུང་སྐྱོབ་བྱས་ན་སྐད་ཡིག་གིས་ང་ཚོར་སྲུང་སྐྱོབ་བྱེད་ངེས་ཡིན།

༣༽  འོ་ན་དེ་ལྟ་བུའི་འགངས་ཆེ་ཞིག་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་སམ་སྙམ་ན། མཆོད་གཤོམ་ནང་དུ་འདམ་སྐུ་བཞིན་བཤམས་ཀྱང་སྲུང་སྐྱོབ་བྱེད་མི་ཐུབ་ལ་ལྕགས་སྒམ་ནང་དུ་གསེར་དངུལ་ལྟར་སྒོ་ཟྭ་བརྒྱབ་སྟེ་ཉར་ཚགས་བྱས་ཀྱང་སྲུང་སྐྱོབ་བྱེད་ཐུབ་ཐབས་མེད། དེ་ནི་བོད་མི་ཡོད་དོ་ཅོག་གིས་མི་རེ་ངོ་རེས་སྐད་ཡིག་འདི་གཙིགས་ཆེན་འགངས་ཆེན་ཞིག་ཡིན་པ་ཤེས་པའི་ཐོག་ནས་བཀོལ་སྤྱོད་བྱེད་དགོས་པ་གལ། སྐད་ཡིག་ནི་ཅི་ལྟར་བཀོལ་སྤྱོད་བྱས་ན་དེ་ལྟར་གོང་འཕེལ་དུ་འགྲོ་བ་ལས་རྫོགས་འགྲོ་བ་དང་རྙིང་འགྲོ་བ་སོགས་ནམ་ཡང་མེད། དེ་ལས་ལྡོག་སྟེ་བཀོལ་སྤྱོད་མ་བྱས་ནས་ཡུན་རིང་བཞག་པ་ཡིན་ན་རྙིང་འགྲོ་བ་དང་རུལ་འགྲོ་བ་རྫོགས་འགྲོ་བའི་གནས་ལུགས་ཤིག་མཆིས། གཞན་འུ་ཅག་རྣམས་ཀྱིས་ངག་ནས་སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་འབའ་ཞིག་གོ་ཟེར་ནས་ཡང་ཡང་ཟློ་ཡང་། དོན་ངོ་མར་མི་རིགས་དང་རྒྱལ་ཁབ་སོགས་ཅི་ཡང་དྲན་རྒྱུ་མེད་པ་འདི་དག་ལྟ་ཅི་རྒྱུན་དུ་སྐད་ཡིག་ནི་མི་རིགས་ཀྱི་ཚེ་སྲོག་གོ་སྨྲ་བོ་རྣམས་ལ་ཡང་། གཞན་ཞིག་གིས་སྐད་ཡིག་མི་རིགས་ཀྱི་ཚེ་སྲོག་ཅི་ལྟར་ཡིན་ལུགས་ཤོད་དང་ཟེར་ན་མགྲིན་པ་འགག་འགྲོ་བ་དང་། གཞི་ནས་མནོ་བསམ་གཏང་དགོས་པ་ཆགས་ཀྱི་ཡོད། དེའི་རྒྱུ་མཚན་ནི་སྐད་ཡིག་ཡོད་པ་དང་མེད་པའི་དགེ་སྐྱོན་དག་རེ་རེ་བཞིན་འུ་ཅག་གིས་ཤེས་མེད་པ་དང་དམངས་ལ་གོ་བརྡ་གསལ་པོ་ཞིག་སྤྲད་ཐུབ་ཀྱི་མེད་པས་ཉེས། སྐད་ཡིག་ཡོད་མེད་གང་ལྟར་ཀྱང་དེའི་དགེ་སྐྱོན་མ་ཤེས་ན་ཤ་ཚ་ཚ་དང་སྙིང་ཉེ་ཉེའི་ངང་ནས་སྲུང་སྐྱོབ་བྱེད་མི་སྲིད། གལ་ཏེ་སྲུང་སྐྱོབ་བྱེད་དགོས་སྐོར་གླེང་མཁན་ཡོད་པའི་དབང་དུ་གཏོང་ཡང་དེ་ནི་ཅལ་འདྲོག་ཙམ་མོ།། དེའི་དགེ་སྐྱོན་ཤེས་སོང་ན་མི་དེས་གཏན་གཏན་ནུས་ཚོད་ཀྱི་སྲུང་སྐྱོབ་བྱེད་ངེས། དཔེར་ན་དུག་ཡིན་པ་མ་ཤེས་ནས་འཐུང་མཁན་ཡོད་པ་ལས་དུག་ཡིན་པ་ཤེས་བཞིན་དུ་འཐུང་མཁན་མེད་པ་དང་མཚུངས། དེར་བརྟེན་དང་པོ་འུ་ཅག་གཞུང་དམངས་གཉིས་ཀྱིས་སྐད་ཡིག་མེད་པའི་དགེ་སྐྱོན་གསལ་པོར་ཤེས་པ་བྱེད་དགོས། མི་རེ་ངོ་རེེས་ངེས་པར་དུ་དེའི་དགེ་སྐྱོན་ཤེས་པ་བྱ་རྒྱུ་གལ་ཆེན་དོན་ཆེན་དང་། ཤེས་མཁན་དག་གིས་མི་ཤེས་པ་དག་ལ་ར་སྤྲོད་ཕུ་ཐག་ཆོད་པ་ཞིག་བྱེད་དགོས། གཞན་མ་གཏོགས་རེད་ཟེར་ན་གསལ་བོ་མེད་པ་མ་རེད་ཟེར་ན་གསལ་ལ་མི་གསལ་བ་ཞིག་འཆར་རྒྱུ་ཡོད་པ་ཞིག་གིས་གང་ཡང་མི་ཕན། མ་ཟད་རང་མི་རིགས་ཀྱི་ལོ་རྒྱུས་སུ་སྐད་ཡིག་འདིའི་དོན་དུ་མི་རྒྱུ་གཉིས་ཀ་བརྩི་གྲངས་མེད་པ་ཞིག་བཏང་ཚར་བས་དེ་དག་ཤེས་སུ་བཅུག་དགོས། འཛམ་གླིང་མི་རིགས་གཞན་གྱི་ལོ་རྒྱུས་སུ་སྐད་ཡིག་བརླག་སོང་བས་ཕམ་ཁ་འདི་དང་འདི་བྱུང་བ་རེད་ཟེར་ནས་ར་སྤྲོད་བྱེད་དགོས། མ་འོངས་པ་མི་རབས་རྗེས་མ་འུ་ཅག་གི་བུ་རབས་ཚ་རྒྱུད་རྣམས་ལ་ང་ཚོའི་མེས་པོས་བཞག་པའི་ནོར་བུ་འདི་བརྩིས་སྤྲོད་གཙང་དག་བྱེད་དགོས་པ་དང་། དེ་ལྟར་མ་བྱས་ན་ང་ཚོའི་མི་རབས་འདི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་ཉེས་ཆེན་པ་ཚབ་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་སོགས་ང་ཚོས་ཤེས་དགོས་ལ་བོད་མི་ཡོད་ཚད་ཀྱིས་ཤེས་སུ་བཅུག་དགོས། དེ་དག་གསལ་པོ་ཆགས་ཐུབ་ན་འུ་ཅག་གི་སྐད་ཡིག་འདི་སྲུང་སྐྱོབ་བྱེད་ཐུབ་པའི་ཐབས་ལམ་ཡག་ཤོས་ཤིག་མིན་ནམ་སྙམ།

༤༽དེར་བརྟེན་ངས་རང་གིས་ཤེས་ཚོད་ཀྱིས་ཕྱོགས་འདི་ནས་ཅུང་ཙམ་གླེང་རྒྱུ་ཡིན།

དང་པོ་སྐད་ཡིག་སྲུང་སྐྱོབ་བྱེད་དགོས་ན་ཐབས་ལམ་གཙོ་བོ་བཞི་ཡོད་དེ།

དང་པོ།
བོད་མི་ཡོངས་རྫོགས་ཀྱིས་རང་ཉིད་ཀྱི་སྐད་ཡིག་གི་རིན་ཐང་ངོས་ཟིན་དགོས་པ་འདི་ཡིན། གཉིས་པ། སྐད་ཡིག་བརླག་སོང་ན་ཕམ་ཁ་ཅི་ཡོད་བོད་མི་ཡོངས་སུ་རྫོགས་པས་ཤེས་སུ་བཅུག་དགོས། གསུམ་པ། བོད་ཀྱི་སྐད་ཡིག་འདི་དེང་སང་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་བོད་མི་ཡོད་ཚད་ཀྱིས་ཤེས་སུ་བཅུག་དགོས། བཞི་པ། བརླག་ལ་ཉེ་བའི་སྐད་ཡིག་འདི་ཅི་ལྟར་སྲུང་སྐྱོབ་བྱེད་དགོས་མིན་བོད་མི་ཡོངས་རྫོགས་ཀྱིས་ཤེས་སུ་བཅུག་དགོས། དང་པོ་སྐད་ཡིག་གི་རིན་ཐང་ཤེས་དགོས་པ་ནི། དེ་ཡང་རང་རེ་བོད་མི་རིགས་ཀྱི་སྐད་ཡིག་འདི་ནི་ཆོས་པ་ཚོས་བཤད་ན་རི་བོའི་ལྟོས་དང་མཉམ་པའི་གླེགས་བམ་བྲག་རི་འདྲ་བ་འདི་དག་འཛམ་གླིང་ཡུལ་གྲུ་གཞན་དུ་མེད་པ་དང་། འདིའི་ནང་གི་བྱམས་པ་དང་སྙིང་རྗེའི་ཐ་སྙད་ཀྱིས་ཁྱབ་ཡོད་པས་རིན་ཐང་ཆེ་ཚུལ་དང་འདི་ལྟ་བུའི་འགངས་ཆེན་ཞིག་རྙེད་དཀའ་བའི་ནོར་བུ་ཡིན་ལུགས་སོགས་ལུང་པ་གང་བརྗོད་ཡོང་བ་བདེན་པའི་གནས་ལུགས་ཤིག་ལོས་ཡོད། རེད་དེ་ངས་དེ་རིང་གླེང་འདོད་པ་ནི་ང་རང་ཉིད་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་ལ་བལྟ་སྟངས་དང་བོད་ཀྱི་མཁས་པ་དག་གི་དགོངས་ཚུལ་གཞི་ལ་བཞག་ནས་ཉུང་ཤེས་ཤིག་བརྗོད་རྒྱུ་ཡིན། དང་པོ། བོད་ཀྱི་སྐད་ཡིག་འདི་འཛམ་གླིང་མི་འབོལ་དུང་ཕྱུར་བདུན་ཅུ་ལྷག་ཙམ་ཡོད་པའི་ཁྲོད་དུ་གོ་ས་ཅི་ཙམ་ཞིག་སླེབས་ཡོད་སྙམ་ན། "འཛམ་གླིང་ན་སྐད་རིགས་སྟོང་ཚོ་དྲུག་ཡོད་པའི་ནང་ནས་མི་འབོལ་ས་ཡ་གཅིག་ཡན་གྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པའི་སྐད་རིགས་ཉིས་བརྒྱ་དྲུག་བཅུ་རེ་དགུའི་ནང་དུ་བོད་པའི་སྐད་རིགས་སླེབས་ཡོད།"1

གཉིས་པ།
དགྱ་མི་རིགས་ཀྱི་དབང་དུ་བྱས་ན་"མི་རིགས་ལྔ་བཅུ་ང་དྲུག་དང་སྐད་རིགས་བརྒྱ་དང་ཉེར་བརྒྱད་ཡོད། དེའི་ཁྲོད་དུ་མི་ས་ཡ་གཅིག་ཡན་གྱིས་བཀོལ་སྤྱོད་བྱེད་ཀྱིན་ཡོད་པའི་སྐད་རིགས་བཅུ་ཡོད། བོད་ཀྱི་སྐད་རིགས་ནི་བཅུ་དེའི་གྲལ་དུ་སླེབས་ཡོད།"2

གསུམ།
"འཛམ་གླིང་ན་སྐད་རིགས་དྲུག་སྟོང་ཙམ་ཡོད་པའི་ནང་ནས་ཡི་གེ་ཡོད་པའི་སྐད་རིགས་གཅིག་སྟོང་ལྔ་བརྒྱ་ཙམ་ལས་མེད། དེས་ན་འུ་ཚང་གི་སྐད་རིགས་འདི་འཛམ་གླིང་ན་སྐད་རིགས་སྟོང་ཚོ་དྲུག་ཡོད་པའི་ཁྲོད་དུ་ཡི་གེ་ཅན་གྱི་སྐད་རིགས་གཅིག་སྟོང་ལྔ་བརྒྱའི་གྲལ་དུ་སླེབས་ཡོད།"3
བཞི་པ། བོད་ཀྱི་སྐད་འདི་སྨྲ་མཁན་ཡུལ་གྱི་ངོས་ནས་བོད་ཆོལ་ཁ་གསུམ་ཡོངས་རྫོགས་དང་། འབྲུག་པ། འབྲས་ལྗོངས། ལ་དྭགས། ཧི་མ་ལའི་རི་རྒྱུད་ན་ཡོད་པའི་ཆོས་དང་རིག་གཞུང་གཅིག་པ་ཡིན་པའི་རྒྱ་གར་བ་ཉུང་ཤེས་དང་བལ་ཡུལ་ཉུང་ཤེས་ཀྱང་ཡོད་པ་རེད། མདོར་ན་བོད་མི་ས་ཡ་དྲུག་པོ་ད་ལྟ་བར་ཁ་འཐོར་དགུ་འཐོར་དུ་མི་འགྲོ་བ་འདི་ལྟར་གནས་ཐུབ་པ་དང་། བོད་པ་ཟེར་བའི་མི་རིགས་ཤིག་ངོས་འཛིན་བྱ་ས་གཙོ་བོ་ནི་མི་རིགས་འདིའི་སྐད་ཡིག་ཁོ་ནའི་བཀའ་དྲིན་ནོ།།

གཉིས་པ་སྐད་ཡིག་བརླག་སོང་ན་ཕམ་ཁ་ཅི་ཡོད་ཤེས་དགོས།
སྐད་ཡིག་བརླག་ཟེར་བ་ནི་དེ་ནས་བཟུང་མི་རིགས་དེའི་སྐད་ཡིག་འཛམ་གླིང་འདིར་མེད་པར་ཆགས་འགྲོ་བ་ལ་གོ མི་རིགས་དེའི་སྐད་ཡིག་འཛམ་གླིང་འདིར་མེད་པར་ཆགས་སོང་ན། མི་རིགས་དེ་མི་རིགས་གཞན་གྱི་ནང་དུ་ཐེམས་འགྲོ་བ་དང་དེ་ལྟར་ཐེམས་སོང་ན་མི་རིགས་དེའི་ཡུལ་སྲོལ་གོམས་གཤིས་དང་ཆས་ཆ་ལུགས་སོགས་ཀྱང་རིམ་པར་མེད་པ་ཆགས་འགྲོ་བ་ཡིན། དེ་ལྟར་ཆགས་སོང་ན་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་དེའི་ཐུན་མིན་གྱི་ཁྱད་ཆོས་མ་ལུས་པ་དེ་དང་མཉམ་དུ་མེད་པ་ཆགས་འགྲོ་བ་ཡིན། དེ་ནས་བཟུང་མི་རིགས་འདི་དང་འདིའོ་ཟེར་སའི་གཞི་མེད་པ་ཆགས་ཚར་བ་ཡིན། གནའ་ནས་ད་བར་བོད་མི་རིགས་འདི་ནི་སྟོད་མངའ་རིས་ནས་སྨད་མདོ་ཁམས་བར་དར་རྒུད་རབ་དང་རིམ་པ་བྱུང་ཡོད་ཀྱང་འཐོར་ཞིག་ཏུ་མ་སོང་བར་ད་དུང་བོད་མི་རིགས་ཀྱི་ངོ་བོ་གནས་ཐུབ་ཡོད་པ་ནི་སྐད་ཡིག་གི་བཀའ་དྲིན་འབའ་ཞིག་ཡིན། དུས་སྐབས་འདིར་སླེབས་པ་ན་སྐད་ཡིག་ཉམས་ན་མི་རིགས་འཐོར་བཞིག་ཏུ་སོང་ན་ང་ཚོ་ནི་འཛམ་གླིང་འདིའི་ནང་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་ཉེས་ཆེན་པ་ཆེ་ཤོས་དེ་ཆགས་པ་རེད།

གསུམ་པ། སྐད་ཡིག་བརླག་ལ་ཉེ་བ་ཤེས་དགོས་པ་ནི།
བོད་ཀྱི་སྐད་ཡིག་ཤི་ལ་ཉེ་བའི་གནས་སྐབས་སུ་སླེབས་ཡོད་པ་ངེས་པར་དུ་ཤེས་དགོས། དེ་ཤེས་ན་སོ་སོའི་སྐད་ཡིག་སྐྱོབ་ཐབས་ལ་ཕན་པ་མི་ཆུང་བ་ཡོད་པས་ངེས་པར་དུ་སྐད་ཡིག་བརླག་ལ་ཉེ་བ་ཤེས་སུ་བཅུག་དགོས། དང་པོ་སྐད་ཡིག་ཤི་བ་ལ་ཕྱི་ནང་གི་རྒྱུ་རྐྱེན་ཆེན་པོ་གཉིས་ཡོད་དེ།

དང་པོ་ཕྱིའི་རྒྱུ་རྐྱེན་ལ། ཆབ་སྲིད་དང་། དཔལ་འབྱོར་དང་། རི་གནས་དང་། སྤྱི་ཚོགས་ཀྱི་རྒྱུ་རྐྱེན་རྣམས་ཡིན། དེ་དག་ནི་མི་རིགས་གཞན་གྱི་མི་འབོར་ཆེན་མི་རིགས་ཉམས་ཆུང་དེའི་ནང་དུ་འཚོ་སྡོད་བྱེད་པས་མི་རིགས་དེའི་སྐད་ཡིག་བཀོལ་སྤྱོད་བྱེད་ས་ཉུང་དུ་འགྲོ་བ་དང་། འཚོ་བའི་དགོས་མཁོའི་དབང་གིས་མི་རིགས་གཞན་གྱི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པ་དང་། ཆབ་སྲིད་ཀྱིས་གནོད་ཤུགས་ཆེ་བས་མི་རིགས་དེའི་སྐད་ཡིག་ཤི་འགྲོ་བ་སོགས་ཡིན། དེ་ནི་ཅི་ལྟ་བུ་ཞིག་རེད་ཟེར་ན། བཙན་བཀའ་བཏང་ནས་ཉམས་ཆུང་བའི་མི་རིགས་དེའི་སྐད་ཡིག་བཀོལ་མི་ཆོག་པ་དང་། དཔེར་ན་སློབ་གྲྭ་སོགས་སུ་བོད་ཡིག་བསླབ་མི་ཆོག་པ་བཟོ་བ། བོད་ཡིག་ཡག་པོ་ཤེས་མཁན་དག་ལ་གོ་ས་འཚམས་པོ་ཞིག་མི་རག་པ་དང་། གླ་ཕོགས་འཚོ་བའི་འགྲོ་གྲོན་འདང་བ་ཞིག་མི་རག་པ་སོགས་ཡིན། གཉིས་པ་ནང་གི་རྒྱུ་རྐྱེན་ནི། མི་རིགས་རང་གི་སྐད་ཡིག་བཀོལ་བ་ལ་སྤྲོ་སྣང་མེད་པ། རང་གི་སྐད་ཡིག་སྨྲ་བོ་ལ་མཐོང་ཆུང་བྱེད་པ། གཞན་སྐད་ཤེས་པར་གཟི་བརྗིད་བརྩི་བ། ཕ་མས་རང་གི་བུ་ཕྲུག་ལ་རང་སྐད་ལས་གཞན་སྐད་གལ་ཆེ་ཚུལ་སློབ་གསོ་རྒྱག་པ། སློབ་མའི་ཁྲོད་དུ་བོད་ཡིག་སྦྱོང་མི་སྤྲོ་ཞིང་རྒྱལ་ཁབ་གཞན་གྱི་སྐད་ཡིག་བལྟ་ཀློག་བྱེད་མང་བ་བཅས་ཡིན།

 

Related Articles