ཕོ་ཉ་གཞོན་ནུ་དོན་གྲུབ་བཀླགས་སྦྱངས་ཀྱི་མྱོང་བ་མཛེས་དཔྱོད་རིག་པའི་ངོས་ནས་ཉུང་ཙམ་གླེང་བ།

བསྟན་འཛིན་སྟོབས་ལྡན།

སྤྱི་གླེང་།

རྩོམ་རིག་གི་ལོ་རྒྱུས་རིང་མོའི་ནང་དུ་སྒྱུ་རྩལ་གྱི་རྩོམ་རིག་སྣ་ཚོགས་བྱུང་ཞིང་། དེ་ཉིད་ཉམས་སུ་མྱོང་སྟངས་སམ་མྱོང་བྱེད་མི་འདྲ་བ་བྱུང་བས། སྙན་རྩོམ་ལ་གཞུང་ལུགས་ངོས་ནས་མྱོང་རོལ་བྱེད་པ་དང་། སྒྱུ་རྩལ་གྱི་ཐོག་ནས་རོ་འཚོལ་བ། མཛེས་དཔྱོད་རིག་པའི་ངོས་ནས་སྙན་ངག་གི་མཛེས་པ་མྱོང་བ་བཅས་མཆིས་རུང། ད་སྔ་ཡན་བོད་ཀྱི་སྙན་རྩོམ་ཀློག་པ་པོ་རྣམས་ཀྱིས་གཞུང་ལུགས་དང་སྒྱུ་རྩལ་ངོས་ནས་ལྟ་བ་ལས་མཛེས་དཔྱོད་རིག་པས་བཀླག་མྱོང་བྱས་པ་ཤིན་ཏུ་ཉུང་།

གཅིག་ནི་མཛེས་དཔྱོད་རིག་པའི་གཞུང་ལུགས་དར་ཕྱིས་པ་དང་། གཉིས་ནི་མཛེས་དཔྱོད་རིག་པའི་གཞུང་ལུགས་རང་རྩོམ་དང་འགྱུར་རྩོམ་གཉི་ག་ཚད་ལྡན་མེད་པ[1]། གསུམ་ནི་དེའི་ཕྱོགས་ལ་བློ་ཁ་འཁོར་བ་ཉུང་བས། བོད་ཀྱི་སྙན་རྩོམ་ལ་ཟུར་ངོས་གཅིག་ནས་མྱོང་རོལ་བྱ་རྒྱུ་ལྷག་ཡོད། བློ་བཟང་དཔལ་ལྡན་ཚང་གི་“ཕོ་ཉ་གཞོན་ནུ་དོན་གྲུབ”་ལྟ་བུ་བོད་ཀྱི་སྙན་རྩོམ་གྱི་ཁྲོད་ནས་གྲལ་མགོ་བསླེབས་པ་ཞིག་ཡིན་རུང་། དེ་ཉིད་ལ་འགྲེལ་བ་དང་འཆད་འཁྲིད། དཔྱད་བརྗོད། མྱོང་གཏམ་སྤེལ་བ་སོགས་ལས། མཛེས་དཔྱོད་རིག་པའི་ངོས་ནས་གླེང་སློང་བྱས་པ་མིག་གི་མཐོང་ལམ་དུ་དཀོན། ཕོ་ཉ་གཞོན་ནུ་དོན་གྲུབ་ནི་སྒྱུ་རྩལ་གྱིས་ཕྱུག་ཅིང་མཛེས་པས་གང་བའི་སྙན་རྩོམ་ཞིག་ཡིན་པས། ཁོ་བོས་ཤེས་ཚོད་ཀྱིས་མཛེས་དཔྱོད་རིག་པའི་ངོས་ནས་ཕོ་ཉ་གཞོན་ནུ་དོན་གྲུབ་ལ་ཅུང་ཟད་ཙམ་གླེང་བར་འདོད།

 

༡ བསྡུར་ཚད་དང་མཐུན་སྦྱོར[2]་གྱི་མཛེས་པ།

མཛེས་པ་ནི་བསྡུར་ཚད་དང་མཐུན་སྦྱོར་ཡིན་ཞེས་པ་ནི། སྙན་ངག་ལ་ལྟ་བའི་ཚེ་མཚོན་བྱ་དང་མཚོན་བྱེད་ཀྱི་ཁྱད་ཆོས་སམ་དངོས་པོ་གཉིས་ལྟོས་འཇོག་གིས་མཛེས་པ་གྲུབ་པ་ཞིག་ལ་གོ་ན་འགྲིག་སྙམ། སྙན་རྩོམ་ཕོ་ཉ་གཞོན་ནུ་དོན་གྲུབ་ལ་བསྡུར་ཚད་དང་མཐུན་སྦྱོར་གྱི་མཛེས་པ་ལྡན་པ།

འཇིགས་རུང་གཅན་གཟན་ནགས་ཀྱི་གཤིན་རྗེའི་ཚོགས། །

ཟ་བྱེད་མཆེ་བ་ཁྲག་གི་རྣོ་རྒྱུན་ཅན། །

དཔུང་བ་མཉམ་དུ་བསྒྲིགས་པས་སྲིན་པོའི་ཡུལ། །

དག་པའི་ཞིང་དུ་འཁྲུལ་བ་སུར་མི་སྐྱེད། །

ཅེས་པ་འདིའི་ནང་དུ་སྲིད་ན་དཀོན་པའི་འཇིགས་རུང་གི་གནས་ཤིག་བཞེངས་སྐྲུན་བྱས་ཡོད། ནགས་ཀློང་དུ་གནས་པའི་གཏུམ་དྲག་ཅན་གྱི་སྟག་གཟིག་དོམ་དྲེད་སོགས། གཅན་གཟན་རྣམས་འཇིགས་ཤིང་རྔམ་པ་དང་། མཆེ་བ་ལས་བསད་མ་ཐག་པའི་ཁྲག་རྒྱུན་འབབ་པ་དང་། དེ་ཡང་གཅིག་རེ་གཉིས་རེ་ཙམ་མ་ཡིན་པར་ཁྱུ་དང་ཁྱུ་དཔུང་བ་མཉམ་དུ་བསྒྲིགས་པའི་འཇིགས་རུང་གི་རྣམ་པ་དེ། མི་ཤ་དྲོན་པོ་བཟའ་ཞིང་མི་ཁྲག་ཚ་བོ་འཐུང་པའི་སྲིན་པོའི་ཡུལ་གྱི་འཇིགས་རུང་གཉིས་མཐུན་སྦྱོར་བྱས་ནས། དེ་ལས་སྐྱི་གཡའ་བ་དང་འཇིགས་སུ་རུང་བས་སྲིན་ཡུལ་དག་པའི་ཞིང་དུ་འཁྲུལ་བ་སྐྱེད་གསུངས་པས། གོ་བ་ཙམ་གྱིས་བླ་རྩ་འཁུམ་པའི་ས་ཞིག་ཡིན་པ་དྲན་ངོས་སུ་འཆར་ཡོང་། འདིར་འུར་རྗོད་ཀྱི་ཉམས་ཁྱད་དུ་འཕགས་པ་ལྡན་ཡང་གཙོ་བོར་བསྡུར་ཚད་དང་མཐུན་སྦྱོར་གྱིས་མཛེས་པ་བསྐྲུན་ཡོད། ཚིགས་རྐང་མཐའ་མ་དེས་ནུས་པ་དམིགས་བསལ་ཐོན་འདུག

ངུར་པའི་འགྲོས་ལྡན་ནུ་ཁུར་དུད་པ་ཅན། །

པདྨའི་གཞོན་ལུས་ཨུཏྤལ་མིག་ཅན་མ། །

ཟླ་བཞིན་མཛེས་པ་བིམྤའི་མཆུ་སྒྲོས་ཀྱིས། །

གཅིག་ལས་གཅིག་ལྷག་ཡིད་སྲུབས་མཚམས་སྦྱོར་མང་། །

རྐང་དྲུག་འཕུར་ལྡིང་རོལ་པའི་མདུང་རྩེ་ཡིས། །

རེག་པས་འདར་ལྡན་སྣ་ཚོགས་དྲི་བཟང་ཅན། །

ཁུ་བྱུག་རྨ་བྱ་མྱོས་པའི་གྲེ་འགྱུར་དབྱངས། །

ལ་སོགས་དྲི་ཟའི་འཇིག་རྟེན་ས་ལ་སྣང་། །

ཤློ་ཀ་དང་པོའི་ནང་དུ་དཔེ་ཅན་ན་ཆུང་མ་ཞིག་གི་གོམ་པའི་འགྲོས་དང་ལུས་ཀྱི་རྣམ་པ། དཀྱུས་རིང་གི་མིག །དཀར་ཞིང་གཙང་བའི་ཞལ། དམར་བའི་མདངས་ཅན་མཆུ་སྒྲོས་དང་། དཔེ་ངུར་པའི་འགྲོས་དང་། པདྨ། ཨུཏྤལ། ཟླ་བ། བིམྤ་དག་གི་ཁྱད་ཆོས་མཛེས་པ་གཉིས་མཐུན་སྦྱོར་དང་བསྡུར་ཚད་མཉམ་པ་དང་། མཉམ་པ་ལས་ལྷག་པར་སྟོན་པ་འདི་འདྲ་སྙན་པའི་ཚིག་སྦྱོར་ལ་རང་དབང་མངའ་བ་ཁོང་ལྟ་བུ་མིན་ན་ཡོང་དཀའ། ཤློ་ཀ་གཉིས་པའི་ནང་དུ་དབྱར་གྱི་སྤང་ལྗོངས་ཀྱི་སྟེང་དུ་མེ་ཏོག་གི་དྲི་བཟང་འཐུལ་བ་དང་། བུང་བའི་འཕུར་ལྡིང་རོལ་བ། ཁུ་བྱུག་དང་རྨ་བྱ་སོགས་ཀྱིི་མྱོས་པའི་འགྱུར་དབྱངས། མཛེས་པ་དང་སྙན་པའི་ཚད་གཞིར་འཛིན་པའི་དྲི་ཟའི་འཇིག་རྟེན་གཉིས་བསྡུར་ཚད་དང་མཐུན་སྦྱོར་བྱས། འདི་ལ་“འོག་མའི་རིན་ཐང་གོང་འཕར[3]”ཞེས་བཏགས་ཀྱང་དཔེ་ཅན་དབྱར་གྱི་རྣམ་པ་དང་དཔེ་དྲི་ཟའི་འཇིག་རྟེན་གྱི་མཛེས་པ་བཀོད་ནས། སྙན་ངག་གི་མཛེས་པ་བླ་མེད་ཅིག་བསྐྲུན་པ་ཡིན། སྤྱིར་ཕོ་ཉ་གཞོན་ནུ་དོན་གྲུབ་ནི་བསྡུར་ཚད་དང་མཐུན་སྦྱོར་གྱི་མཛེས་པ་ཚད་མཐོར་སོན་པའི་སྙན་རྩོམ་ཞིག་ཏུ་སྣང་།

༢ གསོན་ཉམས་ལྡན་པ[4]འི་མཛེས་པ།

“མཛེས་པ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལ་ཟེར། ཞེས་པ་དེ་ལས་འཕྲོས་ནས་གསོན་ཉམས་ལྡན་དགོས་པའི་མཛེས་དཔྱོད་ཀྱི་ལྟ་བ་བཤད།[5]” ཅེས་མཛེས་དཔྱོད་རིག་པའི་ངོས་ནས་སྒྱུ་རྩལ་གྱི་རོ་བྲོ་གོང་འཕེལ་བྱེད་པར་གསོན་ཉམས་ལྡན་པའི་ཉམས་དགོས་པས། ཕོ་ཉ་གཞོན་ནུ་དོན་གྲུབ་ཀྱི་ནང་དུ་སྒྱུ་རྩལ་གྱི་གསོན་ཉམས་ལྡན་པའི་མཛེས་པ་ཁྱད་དུ་འཕགས་པ་དཔེ་མཚོན་གཅིག་དྲངས་ན།

དེ་ཡི་ལྟེ་བར་སྐར་ཚོགས་ནི། །

པིར་གྱིས་བྲིས་པའི་རི་མོ་བཞིན། །

ཆོས་ཀྱི་སྡེ་ནི་བསོད་ནམས་ཀྱིས། །

ཡོངས་སུ་དཀར་བའི་ཐིག་ལེ་ཤར། །

རིན་ཆེན་ལས་གྲུབ་གཙུག་ལག་ཁང་། །

མདངས་མཚར་དབང་པོའི་གཞུ་ལ་བརྟག །

ཆུ་འཛིན་འོད་ཀྱི་ལྡིང་ཁང་མར། །

བ་གམ་ཅན་དུ་འཁྲུལ་བ་འཛིན། །

ཤློ་ཀ་གཉིས་པོ་འདི་ནི་ཀ་རིང་དགོན་གྱི་རྣམ་པ་ཞིག་ཡིན། “སྒྱུ་རྩལ་གྱི་ལམ་ནས་གསོན་ཉམས་ལྡན་པར་བྱས་ཏེ་མཛེས་པ་[6]”གསར་བཞེངས་བྱས། ཀ་རིང་དགོན་དང་ཉེ་འཁོར་གྱི་གྲྭ་ཤག །དེ་དག་གི་ཁ་དོག །གཙུག་ལག་ཁང་གི་རྒྱུ་ཆ། ཕྱི་དང་ནང་སོགས་རྣམ་པ་མིག་ངོས་ཁྲ་ལམ་མེར་འཆར་བ་ཞིག །སྙན་ངག་པས་སྒྱུ་རྩལ་གྱི་ལམ་ནས་སྣང་བརྙན་བྲིས་ཏེ་དེ་ལ་གསོན་ཉམས་ལྡན་པར་བསྐྲུན། །འདིི་ལ་བསྡུར་ཚད་དང་མཐུན་སྦྱོར་གྱི་མཛེས་པ་ཅུང་སྣང་ཡང་། ཤུགས་ཆེ་བ་དེ་གསོན་ཉམས་ལྡན་པའི་མཛེས་པ་རེད་འདུག་སྙམ། ཀ་རིང་དགོན་ནི་དར་ཞིང་རྒྱས་པའི་དགོན་ཆེན་ཞིག་ཏུ་བསྐྲུན་པས་གསོན་ཉམས་ལྡན་པའི་མཛེས་པ་ཡང་ཤློ་ཀ་ཧྲིལ་བོའི་སྟེང་ལས་མངོན་ཐུབ།

༣ བརྩེ་དུང་གི་འཇུག་གཞི་སྟེ་གསལ་སྣང་རྙོག་ཟིང་དང་འཐུས་ཚང་གི་རྣམ་པ་ཅན[7]

མཚན་ཉིད་འདི་ཉིད་ལ་ནང་གསེས་སུ་བརྩེ་དུང་སྤོ་འཇུག་དང་། གསལ་སྣང་རྙོག་ཟིང་། འཐུས་ཚང་བཅས་དབྱེ་བ་འཇོག་བཞིན་འདུག་ཀྱང་འདིར་དེ་ལྟར་མ་ཕྱེས། ཕོ་ཉ་གཞོན་ནུ་དོན་གྲུབ་ནི་བརྩེ་དུང་སྤོ་འཇུག་གི་མཛེས་པ་ཆེན་པོར་མི་ལྡན་ཡང་། གཏན་ནས་མེད་པ་ཡང་མིན། འདིའི་ནང་དུ་སྙན་ངག་པའི་ནང་སེམས་ཀྱི་དགའ་དད་སྤྲོ་གསུམ་དང་། ཞེ་སྡང་སྐྱོ་བའི་ཚོར་བ་ཕྱིའི་ཡུལ་དངོས་སུ་སྤོ་འཇུག་བྱས་ཡོད། འོན་ཀྱང་སྙན་ངག་སྤྲིན་གྱི་ཕོ་ཉ་ལྟ་བུར་བརྩེ་དུང་སྤོ་འཇུག་གི་མཛེས་པ་ཕུན་སུམ་ཚོགས་པ་རང་མ་རེད་སྙམ། གསལ་སྣང་རྙོག་ཟིང་གི་མཛེས་པ་ལྡན་པ་ནི།

སྣུམ་ཁུ་ཁོལ་མ་སྤྲིན་གྱི་སྙིང་པོ་གང་། །

གྲོ་ཕྱེ་ཐུལ་བ་རལ་བས་མ་ཐེག་སྟེ། །

འགྱོད་པའི་ཤུགས་ཀྱིས་སོ་ཕྲེང་བུད་པའི་ཤུལ། །

སྤྲིན་བྲལ་གློག་སྟོང་འགྱུ་བའི་གཅོང་རོང་ཉིད། །

ཤ་ཚིལ་མངར་བོའི་རོ་བཅུད་སྲོག་བྱས་པའི། །

རྒྱུ་མའི་ཚོད་མ་གྱ་གྱུ་ལྷུང་བའི་ལྕིད། །

མ་ཟིན་ཟངས་མཐིལ་གོར་མོར་བརྡོལ་བ་ལ། །

བླ་གོས་གླན་པ་བཞད་གད་རྒྱུན་མའི་གསོས། །

འདིར་མོག་མོག་གཡོས་སྦྱོར་བྱས་པའི་རིམ་པ་དང་དེ་ཉིད་བརྡོལ་བའི་རྣམ་པ་ཞིག་ཡིན། སྙན་ངག་པས་སྒྱུ་རྩལ་དང་ཀུ་རེའི་ལམ་ནས་གད་མོ་དབང་མེད་དུ་ཤོར་བ་ཞིག་བཞེངས་སྐྲུན་གནང་བས། སྒྱུ་རྩལ་གྱི་རོ་ཕུན་སུམ་ཚོགས་པར་ལྡན་ལ་དེ་ལས་ལྷག་པའི་མཛེས་པ་གཞན་ཞིག་བཙལ་འཚོལ་མི་དགོས་ཀྱང་། རྫོང་མཐོ་བའི་སྟེང་ལ་གསེར་འཕྲུ་ཟེར་བ་ལྟར་འདི་ལ་གསལ་སྣང་རྙོག་ཟིང་གི་མཛེས་པ་ཆེ། འདིའི་བརྗོད་བྱ་མོག་མོག་དང་བརྡོལ་བ་གསལ་སྣང་ཅན་ཞིག་ཡིན་རུང་དེ་ཉིད་ཤློ་ཀ་གཉིས་པོ་མཉམ་དུ་སྦྱར་ནས་མ་བཀླགས་ན། རྐང་པ་གཅིག་གཉིས་ཀྱིས་གད་མོ་དང་མཚར་སྣང་གི་རོ་ཡང་སྦྱིན་མི་ཐུབ། གོང་འོག་མཉམ་དུ་སྦྱར་ནས་བཀླགས་ན་སྒྱུ་རྩལ་གྱི་མཛེས་པ་དང་གསལ་སྣང་རྙོག་ཟིང་གི་མཛེས་པ་མཐོང་བ་དང་སྙན་ངག་གི་ཚད་གཞི་མཐོར་འདེགས་བྱེད་པ་ཡིན་ནོ། །

རྩོམ་ཐུང་འདི་ནི་ཁོ་བོས་ཕོ་ཉ་གཞོན་ནུ་དོན་གྲུབ་བཀླགས་སྦྱངས་ཀྱི་མྱོང་བའམ་ཤེས་རྟོགས་ལ་དཔེ་ཀློག་ཁྲོད་དུ་ཅུང་ཟད་མཐོང་ཐོས་བྱུང་བའི་མཛེས་དཔྱོད་རིག་པ་སྤྱད་དེ་གླེང་ཁུལ་བྱས་པ་ལས་དེང་རབས་ཀྱི་དཔྱད་རྩོམ་གྱི་སྒྲོམ་གཞིའི་ཐོག་ནས་བྲིས་མེད།

 

[1]          མཛེས་དཔྱོད་རིག་པའི་གཞུང་ལུགས་སམ་རྣམ་བཞག་དེབ་ཁ་རེ་བོད་འགྱུར་ཡོད་ཀྱང་དེ་ཉིད་ཚད་ལྡན་དང་ཡོངས་གྲགས་ཆགས་ཐུབ་མེད།

 

[2]          སྒོ་མེ་སངས་རྒྱས་ལྷ་མཆོག །མཛེས་དཔྱོད་རིག་པའི་ངོས་ནས་བོད་ཀྱི་རྩོམ་རིག་ལ་ལྟ་བ།    དྲ་རྩོམ།

 

[3]          མེ་འོད་ཀྱི་མཛེས་དཔྱོད་རིག་པའི་འཆད་འཁྲིད་ལས་དྲངས།

 

[4]          སྒོ་མེ་སངས་རྒྱས་ལྷ་མཆོག །མཛེས་དཔྱོད་རིག་པའི་ངོས་ནས་བོད་ཀྱི་རྩོམ་རིག་ལ་ལྟ་བ། དྲ་རྩོམ།            

 

[5]          སྒོ་མེ་སངས་རྒྱས་ལྷ་མཆོག །མཛེས་དཔྱོད་རིག་པའི་ངོས་ནས་བོད་ཀྱི་རྩོམ་རིག་ལ་ལྟ་བ། དྲ་རྩོམ།

 

[6]          སྒོ་མེ་སངས་རྒྱས་ལྷ་མཆོག །མཛེས་དཔྱོད་རིག་པའི་ངོས་ནས་བོད་ཀྱི་རྩོམ་རིག་ལ་ལྟ་བ། དྲ་རྩོམ།

 

[7]          མེ་འོད་ཀྱི་མཛེད་དཔྱོད་རིག་པའི་འཆད་འཁྲིད་ལས་དྲངས།

 

Related Articles