མཛུབ་མོས་སྟོན་པའི་ཞི་བདེའི་ལམ་བུ།

དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས། ང་ཚོས་ནང་ཆོས་དང་ཚན་རིག་ཟུང་དུ་སྦྲེལ་ནས་སྦྱོང་དགོས་པའི་དམིགས་ཡུལ་ལས་འཕྲོས་པའི་གླེང་གཞི།

ལས་རིམ་འདིའི་གྲུབ་དོན་སྙིང་པོ་རླབས་ཆེ་ཞིང་དོན་ཕན་ལྡན་པ་ཞིག་ཡོང་བར་འཛམ་གླིང་གི་ཞི་བདེ་ལ་བློ་ཡིད་ཚིམ་པའི་ཕན་ཐོགས་དགོས་པ་དེ་ཡིན།དེས་ན་ང་ཚོས་ནང་ཆོས་ཀྱི་ཐབས་ལམ་ནས་རིགས་ལམ་དང་མཐུན་པའི་དགེ་དཀར་སློབ་གསོ་གཙོར་འདོན་བྱས་ཏེ་མིའི་སེམས་སུ་ཞི་བདེ་བསྐྲུན་ཐུབ་པ་དང༌།དེ་བཞིན་ཚན་རིག་གི་ཐབས་ལམ་ནས་དཔལ་འབྱོར་དང་འཕྲོད་བསྟེན།ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་ལས་གཞི་དག་དོན་དམ་ངོ་མ་ལ་ཕན་པའི་བཟའ་བཏུང་དང་ཅ་དངོས་སོགས་མཁོ་འདོན་བྱས་ཏེ་མིའི་ལུས་ཀྱི་བདེ་སྐྱིད་བསྐྲུན་ཐུབ་པ་དང༌།མདོར་ན་ཚན་རིག་དང་ནང་ཆོས་ཟུང་དུ་འབྲེལ་བའི་ཤེས་རིག་གི་ཐབས་ལམ་ནས་འཛམ་གླིང་འདིའི་མི་རྣམས་ཀྱི་ལུས་སེམས་གཉིས་ཀ་བདེ་ཞིང་སྐྱིད་པ་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཐུབ་པ་བྱ་རྒྱུ་ནི།ང་ཚོས་ནང་ཆོས་དང་ཚན་རིག་ཟུང་དུ་སྦྲེལ་ནས་སྦྱོང་པའི་དམིགས་ཡུལ་གྱི་དྭངས་མ་ཡིན་པ་མ་ཟད་འཛམ་གླིང་གི་ཞི་བདེ་ཟེར་བ་ཡང་ཁུངས་གཏུགས་ཏེ་བཙལ་ན་འདི་འདྲ་ཞིག་ཡིན་དགོས་པ་ལས་འདི་ཡི་གོང་ན་ཞི་བདེ་ཟུར་པ་ཞིག་རྙེད་རྒྱུ་མེད་པའི་ཕྱིར།འོ་ན་ཁྱེད་ཚོས་ཚན་རིག་སྦྱོང་པའི་དམིགས་ཡུལ་དེ་ཁོ་ན་ཡིན་ནམ་ཞེ་ན།མ་ཡིན་ཏེ།སྟོན་པ་སངས་རྒྱས་རང་ཉིད་ནི་དོན་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕངས་བརྙེས་ཟིན་ཀྱང༌།

འགྲོ་རྣམས་ལམ་བཟང་དེར་འཇུག་པའི་ཆེད་དུ་འཇིག་རྟེན་ཁམས་ཀྱི་རིག་པའི་གནས་མཐའ་དག་སྦྱངས་ནས་མཁས་པའི་ཚུལ་བསྟན་ཡོད་ལ།ང་ཚོའི་ཆོས་ལུགས་ཀྱི་དམིགས་ཡུལ་མཐར་ཐུག་ཀྱང་གཞན་དོན་ཕུན་སུམ་ཚོགས་པ་ཞིག་བསྒྲུབ་པ་ལ་རླབས་ཆེ་བའི་ནུས་པ་དང་ལྡན་པ་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕངས་དེ་ཐོབ་དགོས་པ་ཡིན།དེར་བརྟེན་རིག་པའི་གནས་མཐའ་དག་ང་ཚོས་སྦྱང་དགོས་ཀྱི་ཡོད་ན་འཛམ་གླིང་འདིར་ཆེས་དར་ཁྱབ་ཆེ་ལ་གལ་ཡང་ཆེ་བའི་སྙན་གྲགས་ཅན་གྱི་རིག་གསར་ཚན་རིག་ལྟ་བུ་ཞིག་ང་ཚོས་སྦྱང་འོས་པ་ཞིག་དང་སྦྱང་དགོས་པ་ཞིག་ལོས་ཡིན།དེས་ན་སྔོན་རྒྱ་གར་གྱི་མཁས་པ་མགོན་པོ་ཀླུ་སྒྲུབ་དང༌།ཕྱོགས་གླང༌།ཆོས་གྲགས་ལ་སོགས་པ་ནས་བཟུང་སྟེ་ད་ལྟའི་བར་རྒྱ་བོད་ཀྱི་ནང་པ་ཚོས།ནང་པ་མ་ཡིན་པའི་ཆོས་ལུགས་གཞན་གྱི་ལྟ་གྲུབ་ལ་རྒྱུས་ལོན་དང༌།ལེགས་ཆ་འཚོལ་ཞིབ་ཀྱི་ཆེད་དུ་སྦྱོབ་སྦྱོང་བྱེད་ཀྱི་ཡོད།བརྒྱུད་རིམ་འདི་འདྲ་ཞིག་ལ་བརྟེན་ནས་ང་ཚོས་ཁས་ལེན་མི་ཐུབ་པའི་ལྟ་གྲུབ་མང་པོ་ཞིག་མཐོང་གི་ཡོད།དཔེར་ན་འཇིག་རྟེན་འདི་ལྷ་མཐུ་བོ་ཆེའམ།དཀོན་མཆོག་གིས་བཟོས་པ་ལྟ་བུ་རེད།ཡིན་ན་ཡང་ང་ཚོས་དེ་དག་ཡང་དག་པའི་རིགས་པ་དང་འགལ་ཞེས་དམའ་འབེབས་དང༌།ཟུར་ཟ་བྱས་པ་ལྟ་ཞོག་འཛམ་གླིང་འདིའི་སྟེང་དུ་ཡོད་པའི་ཆོས་ལུགས་དང༌།དེའི་ལྟ་གྲུབ་གང་འདྲ་ཞིག་ཡིན་རུང་ང་ཚོས་དེ་ལ་ཚད་མཐོའི་གུས་ཞབས་དང་བརྩི་བཀུར་བྱེད་ཀྱི་ཡོད་ལ།བྱེད་འོས་པ་ཞིག་ཀྱང་རེད།གང་ལགས་ཤེ་ན།ཆོས་ལུགས་དང་ལྟ་གྲུབ་དེ་དག་གིས་འགྲོ་བ་མི་མང་པོ་ཞིག་ལ་ཕན་ཐོགས་ཡོད་པས་རེད།

གཉིས་པ་ནང་ཆོས་དང་ཚན་རིག་གཉིས་ལ་མཐུན་ཆ་ཡོད་མེད་སྐོར་གྱི་བསམ་གཞིགས།

སྤྱིར་བཏང་ཡུལ་རྣམས་ཀྱི་གནས་ཚུལ་ངོ་མ་དེ་གང་འདྲ་ཞིག་ཡིན་མིན་རིགས་པ་ཡང་དག་གི་ལམ་ནས་གྲུབ་དོན་གཏན་ལ་འབེབས་པ་ལས།ཡིད་ཆེས་པའི་སྟོན་པའི་ལུང་ཙམ་གྱི་རྗེས་སུ་འབྲངས་སྟེ།རིགས་པ་དང་མི་མཐུན་པའི་ལྟ་གྲུབ་གཅིག་ལ་ཕྱོགས་ཞེན་དང་མཁྲེགས་བཟུང་བྱེད་ཀྱི་མེད་པ་ནི།ནང་པ་དང་ཚན་རིག་པ་གཉིས་ཀ་གཅིག་མཚུངས་སུ་ཡོད་པ་ཡིན།སྟོན་པ་བཅོམ་ལྡན་འདས་ཀྱིས་ཀྱང༌།མཐར་གཏུགས་ན་སོ་སོའི་དྲི་མ་མེད་པའི་རིགས་པ་ཉིད་ཀྱིས་དབྱེ་དགོས་གསུངས་ཡོད་པ་ལས།ངས་གསུངས་པའི་གསུང་རབ་ལ་ཡིད་ཆེས་གྱིས་ཤིག་ཅེས་གཏན་ནས་གསུངས་མེད།དེས་ན་གནད་དོན་འདིའི་ཐོག་ནས་ནང་ཆོས་དང་ཚན་རིག་གཉིས་འགལ་མེད་ཟུང་འབྲེལ་གྱི་ཚུལ་དུ་ཡོད་ལ།ཡོད་པ་བཞིན་ང་ཚོས་ཀྱང་ཟབ་ཏུ་སྦྱོང་དགོས་ལ་སྦྱོང་མཁན་གྱི་ནང་པ་དང་ཚན་རིག་པ་གཉིས་ལ་ལས་རིམ་གྱི་ཁ་ཕྱོགས་ཅུང་མི་འདྲ་བ་ཞིག་དགོས་ཀྱི་རེད་སྙམ།ང་རང་ཡང་ནང་པ་ཞིག་ཡིན་པའི་ཆ་ནས་བཤད་ན།ནང་ཆོས་ཀྱི་ལེགས་ཆ་རྣམས་ཚན་རིག་ལ་ཁ་གསབ་བྱེད་དགོས་པ་གང་འདུག་མིན་དང༌།ཚན་རིག་ནས་བཤད་པ་གང་ཡིན་པ་ཐམས་ཅད་བརྒྱ་ཆ་བརྒྱ་ནང་ཆོས་དང་འགལ་མེད་ཀྱི་ཚུལ་དུ་ཡོད་མེད་ཀྱི་སྐོར་ལ་རྟོག་ཞིབ་དང༌།བརྟག་དཔྱད་བྱེད་རྒྱུ་དེ་རེད་ལ།ཚན་རིག་པ་ལ་ཡང་དེ་དང་འདྲ་བའི་ལང་ཕྱོགས་ཤིག་ངེས་པར་དུ་ཡོད་དགོས་ཀྱི་རེད།

དང་པོ་ནང་ཆོས་ནས་ཚན་རིག་ལ་ཁ་གསབ་བྱེད་དགོས་པ་ཏན་ཏན་ཡོད་པ་ཡིན་ལ།ཚན་རིག་དང་མཐུན་པའི་སྒོ་ནས་འཛམ་གླིང་ལ་ཞི་བདེ་ཞིག་དགོས་ན།ནང་ཆོས་ཀྱི་ལེགས་ཆ་རྣམས་ཚན་རིག་པས་ངེས་པར་དུ་འདེམ་སྒྲུག་བྱེད་དགོས་པ་ཡིན།

ནང་པའི་ལྟ་བ་ནི་རྟེན་འབྱུང་དང༌།ལྟ་བ་དེའི་ལངས་ཕྱོགས་ནས་བྱུང་བའི་སྤྱོད་པ་ནི་འཚེ་བ་མེད་པ་ཞིག་ཡིན།སྲོལ་རྒྱུན་ནམ་ལམ་ལུགས་འདི་གཉིས་ལ་ནང་པའི་གཞུང་ལུགས་ལ་བརྟེན་ནས་རིགས་ལམ་དང་མཐུན་པའི་གོ་བ་ཞིག་རྙེད་དེ།སོ་སོའི་ཉིན་རེའི་འཚོ་བའི་ཁྲོད་དུ་བཀོལ་སྤྱོད་བྱ་ཐུབ་པ་ཞིག་བྱུང་ན་འཛམ་གླིང་འདིའི་སྟེང་གི་མི་རིགས་དང༌།ཕོ་མོ།དེ་བཞིན་ཆོས་ལུགས་དང་རྒྱལ་ཁབ་སོགས་ཀྱི་དབྱེ་འབྱེད་མེད་པར་ཐམས་ཅད་ལ་ཕན་ཐོགས་གྱ་ནོམ་པ་ཞིག་ཡོང་ངེས་ཡིན།ལྷག་པར་དུ་འཛམ་གླིང་འདིར་ནད་ཡམས་དང༌།མཚོན་ཆ།དམག་འཁྲུག་སོགས་ཀྱི་ཉེན་ཁ་ཤིན་ཏུ་ཆེ་བའི་ཛ་དྲག་གི་དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ།ནད་ཐོག་ལ་ཕན་པའི་སྨན་དང༌།རྣག་ཐོག་ལ་ཕན་པའི་ཁབ་གཙགས་ལྟ་བུ་འདི་ལས་ལྷག་པ་ཞིག་གཏན་ནས་མེད་ཅེས་སེམས་ཐག་ཆོད་པོས་བཤད་ཆོག་པ་ཡིན།འདི་ནི་ཁོ་བོས་འཛམ་གླིང་ནང་གི་མི་ཚང་མར་ནང་ཆོས་བྱ་དགོས་པའི་སྐུལ་སློང་བྱས་པ་ཞིག་མ་ཡིན་པར་ལྷག་བསམ་རྣམ་དག་གི་སྒོ་ནས་འཛམ་གླིང་གི་ཞི་བདེ་ལ་སྨན་པའི་སེམས་ནང་གི་སྐད་ཆ་ངོ་མ་ཞིག་ཡིན་ལ།ནང་ཆོས་ལ་སློབ་སྦྱོང་བྱས་ན་ཆོས་ལུགས་ནང་པ་བྱེད་དགོས་པ་དབང་ཆེན་སུ་ཞིག་གིས་ཀྱང་བསྒྲུབ་པར་མི་ནུས་ལ།དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་སུ་ལའང་ཤོད་རྒྱུ་མེད་དོ།

གཞན་ཡང་འཛམ་གླིང་འདིའི་ཞི་བདེ་ལ་གནོད་པའི་ལས་གཞི།ཆེ་བ་རྒྱལ་ཁབ་ཀྱི་འཁྲུགས་རྩོད་དམག་ཆེན་གཉིས་པ་ནས།ཆུང་བ་མི་སྒེར་གྱི་འཁྲུགས་རྩོད་བཟའ་ཚང་ཕན་ཚུན་འཁྲུགས་རྩོད་བར་འཁྲུགས་རྩོད་ཀྱི་རྣམ་པ་གྲངས་ལས་འདས་པ་ཡོད་པ་འདི་དག་ཐམས་ཅད་ཅི་ཞིག་ལས་འབྱུང་བ་ཡིན་ནམ།འདི་དག་སེལ་བའི་ཐབས་ལམ་ཅི་ཞིག་ཡོད་དམ་ཞེས་རྙོག་འཛིངས་ཅན་གྱི་ལས་གཞི་འདི་དག་ལ་ཡིད་བསུན་པའི་མི་མང་དག་ཞིག་གིས་རེ་བའི་མིག་འབུར་གཏད་དེ།ང་ཚོ་ཚན་རིག་པ་དང་ནང་པ་གཉིས་ལ་སྐུལ་བའི་དྲི་ཚིག་འདི་འདྲི་བཞིན་ཡོད།ང་ཚོས་མཛུབ་མོ་ནང་དུ་བཀུག་ནས་བསམ་བློ་ཞིག་ཐོངས་དང༌།དེ་དག་ནི་མི་རྣམས་ཀྱི་སེམས་ཁམས་སུ་ཆགས་སྡང་གི་རྦ་རླབས་འཁྲུགས་དྲགས་པས་སེམས་ཀྱི་ཞི་བདེའམ་བྱམས་བརྩེའི་ནུས་སྟོབས་ལ་ཕམ་ཁ་ཤོར་བས་ཡིན་ལ།དེས་ན་ནང་ཆོས་ནས་བཤད་པའི་མིའི་སེམས་ཀྱི་ཞི་བདེ་བསྐྲུན་པའི་ཐབས་ལམ་རྣམས་ཚན་རིག་གི་རིགས་ལམ་དང་མཐུན་པའི་སྒོ་ནས་ཁོ་ཚོའི་མིག་མདུན་དུ་མཛུབ་མོས་རི་སྟོན་བྱ་རྒྱུ་དེ་རེད།

གསུམ་པ་མ་འོངས་པར་ཚན་རིག་གི་ཡར་རྒྱས་ནི་གཙོ་བོ་གཟུགས་འདས་རིགས་པའི་ཕྱོགས་སུ་བསྐྱོད་དགོས་པའི་བསམ་གཞིགས།

སྤྱིར་བཏང་ནས་བཤད་ན་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་གཟུངས་ཅན་གྱི་དངོས་པོ་རྣམས་ཚན་རིག་གི་ཐབས་ལམ་ནས་མངོན་སུམ་ལ་བསྙོན་དུ་མེད་པའི་འགྲེལ་བཤད་ཟབ་ཅིང་ཕྲ་ལ་བློ་གསར་རྣམས་མགུ་བ་བསྐྱེད་པའི་རྒྱུ་རུ་འགྱུར་བ་མ་ཟད།བརྒྱ་ཆ་དགུ་བཅུ་ནང་ཆོས་དང་འགལ་མེད་ཀྱི་ཚུལ་དུ་ཡོད་པའི་ཁས་ལེན་གཙང་མ་བྱེད་ཐུབ།ཡིན་ན་ཡང་ཚན་རིག་པ་དང་ནང་པ་གཉིས་ནི་ཡུལ་གྱི་གནས་ཚུལ་ལ་བརྟག་དཔྱད་བྱེད་པ་པོ་ཞིག་ཡིན་ན།ང་ཚོས་དཔྱད་བྱའི་ཡུལ་ལ་གཟུགས་ཅན་གྱིས་མ་ཁྱབ་ཅིང་གཟུགས་ཅན་མ་ཡིན་པའི་ཆོས།གསལ་ཞིང་རིག་པ་ཙམ་གྱི་ངོ་བོར་གནས་པའི་ཤེས་པ་དང༌།དཔེར་ན་བུའི་རྒྱུད་ཀྱི་ཕ་ཡི་གཟུགས་འཛིན་པའི་མིག་ཤེས་ལྟ་བུ་དང༌།གཟུགས་ཤེས་གང་ཡང་མ་ཡིན་པའི་འདུས་བྱས་སུ་དམིགས་པ་ལ་ལྡན་མི་འདུ་བྱེད་དོ།དཔེར་ན་དུས་ཀྱི་ཐུང་བའི་མཐར་ཐུག་པའི་སྐད་ཅིག་མའི་ཡུན་ཚད་ཙམ་ཡང་མི་བརྟན་པར་འཇིག་པའི་ངོ་བོར་འགྲོ་བ་ཕྲ་བའི་མི་རྟག་པ་ལྟ་བུ་དང༌།ཞག་ཟླ་ལོ་སོགས་དུས་ཀྱི་འགྱུར་བ་ཅི་ཙམ་ཞིག་ཕྱིན་ཀྱང་རང་གི་ངོ་བོ་འགྱུར་མེད་བརྟན་པོར་གནས་ཐུབ་མཁན་གྱི་ཆོས་རྟག་པ་དེ་སྟེ།དཔེར་ན་ཐོགས་རེག་བཀག་པའི་ཆ་ཐམས་ཅད་དང་བྲལ་བའི་སྟོང་སངས་ཀྱི་ནམ་མཁའ་ལྟ་བུ་ཡིན།ཚན་པ་འདི་གསུམ་པོ་ནི་མ་འོངས་པར་ཚན་རིག་པ་ཚོས་བརྟག་དཔྱད་དང་ཞིབ་འཇུག་གི་རིགས་པའི་བྲོ་གར་འཁྲབ་སའི་གར་སྟེགས་ཆེན་པོ་ཞིག་རེད་སྙམ།འདི་དག་ནི་གཟུགས་ཅན་གྱི་ཆོས་བཞིན་དཔྱོད་བྱེད་ཀྱི་ཡོ་ཆས་སམ་འཕྲུལ་ཆས་བེད་སྤྱད་དེ་དཔྱད་པར་བྱ་བའི་གནས་མ་ཡིན་ཡང༌།སྤྱིར་འདི་དག་ནི་གཟུགས་ཅན་གྱི་ཆོས་དང་ལྟོས་གྲུབ་ཀྱི་སྒོ་ནས་ཡོད་པས་གཟུགས་ཅན་ལ་བརྟེན་ནས་འདི་དག་གི་གནས་ལུགས་མང་པོ་ཞིག་ལ་འགྲེལ་བཤད་བྱ་ཐུབ་པར་སེམས།དཔེར་ན་ཕྱིའི་ལུས་ངག་གི་རྣམ་འགྱུར་ལ་བརྟེན་ནས་ནང་ཀུན་སློང་གི་ཤེས་པ་དཔོག་ཐུབ་པ་དང༌།སྔ་ལོའི་ཁང་གསར་དེ་ཕྱི་ལོ་ཁང་རྙིང་དུ་འགྱུར་བའི་འགྱུར་བ་རགས་པ་འདི་ཡང་འགྱུར་བ་ཕྲ་མོ་ཞིག་ལ་བརྟེན་ནས་བྱུང་དགོས་པ་འོས་མེད་ཀྱི་རིགས་པ་བརྟེན་ནས་དཔོག་ཐུབ་པ་དང༌།བར་སྣང་གི་ཁ་དོག་སྐྱ་སངས་ལ་བརྟེན་ནས་སྟོང་སངས་ཀྱི་ནམ་མཁའ་བློ་ངོར་འཆར་ཐུབ་པ་བཅས་ཡིན།གཙོ་བོ་ནི་ཡང་དག་པའི་ཚད་མའི་རིགས་ལམ་ཟབ་ཅིང་ཕྲ་བ་ཞིག་ལ་བརྟེན་ནས།ཡུལ་དེ་རྣམས་ཀྱི་གནས་ལུགས་དང༌།བྱེད་ལས་གང་ཞིག་ཡིན་མིན་མ་ནོར་བར་གཏན་ལ་དབབ་ཐུབ་པ་དེ་ཡིན།དེར་བརྟེན་ཚད་མའི་ཚན་རིག་གམ་ནང་ཆོས་ཀྱི་ཚན་རིག་ཅེས་ཆེད་ལས་ཚན་རིག་གི་སྡེ་ཚན་ཟུར་པ་ཞིག་ངེས་པར་དུ་འཛུགས་དགོས་པ་ཡིན།

ཡང་གོང་དུ་ཁྱོད་ཀྱིས་བཤད་པའི་ནང་ཆོས་ཀྱི་བཤད་ཚུལ་དེ་ཚན་རིག་པ་རྣམས་ཀྱིས་དུས་ནམ་ཡང་ཁས་མི་ལེན་ནོ་ཞེ་ན།དེ་ནི་ཕྱོགས་སུ་ལྟུང་བའི་ཀླད་རྙིང་མཁྲེགས་བཟུང་ཅན་གྱི་སྐད་ཆ་ཞིག་ལས།རིགས་པའི་གཞུང་ལུགས་དང་མཐུན་པའི་བདེན་ཚིག་ཅིག་གཏན་ནས་མིན་སྙམ།གང་ལགས་ཤེ་ན།འཛམ་གླིང་གི་ཡུལ་གྲུ་གང་ས་གང་ལ་སྐྱེ་བ་སྔ་མ་དྲན་ཐུབ་མཁན་གྱི་ཕྲུ་གུ་མང་པོ་ཞིག་གིས་རང་གིས་སྐྱེ་བ་སྔ་མའི་ལོ་རྒྱུས་ཇི་མ་ཇི་བཞིན་ཤོད་ཀྱིཡོད་པ་ཚང་མའི་མཐོང་ཆོས་སུ་ཡོད་པ་འདི་རེད།ཡིནའང་འདི་དག་གིས་བཤད་པ་ཐམས་ཅད་བདེན་པ་མ་ཡིན་ནོ་ཞེས་རང་གི་ལྟ་སྤྱོད་དང་མ་མཐུན་ན།མངོན་སུམ་གྱི་གནོད་པ་བསྟན་ཀྱང་ཁས་མི་ལེན་མཁན་ཞིག་ཡིན་ན་མ་གཏོགས།དེ་མིན་འདིའི་སྐོར་ལ་ཚན་རིག་པ་ཚོས་དོན་ལ་གནས་པའི་འགྲེལ་བཤད་ཅིག་རྒྱག་དགོས་ན།ནང་ཆོས་ཀྱི་གཞུང་ལུགས་དང་མཐུན་པའི་གོ་བ་རྙེད་པའི་སྒོ་ནས་འགྲེལ་བཤད་བྱ་དགོས་པ་ཡིན།དེ་ལྟར་མ་ཡིན་པར་ཀླད་པ་གཅིག་པུའི་སྟེང་ནས་འདིའི་སྐོར་གྱི་འགྲེལ་བཤད་དོན་དང་མཐུན་པ་ཞིག་གཏན་ནས་ཡོང་ཐབས་མེད།མ་ཟད་ཀླད་པ་གཅིག་པུའི་འགྲེལ་བཤད་ལས་བརྒལ་མ་ཐུབ་ཚེ།བདེ་སྡུག་མྱོང་བ་པོའི་ང་དེ་ཡང་རང་གི་ཀླད་པ་ཡིན་ཞེས་ཁས་ལེན་དགོས་པ་དང༌།རང་ཉིད་གང་དུ་བྱམས་པ་དང་བརྩེ་བའི་ཡུལ་དུ་གྱུར་བ་རང་གི་བུ་ཕྲུག་དང་ཆུང་མ་རྣམས་ཀྱང་མཐར་གཏུགས་ཏེ་བཙལ་ན།དེ་དང་དེའི་ཀླད་པ་ཡིན་ཞེས་མི་འགྲིགས་པ་དུ་མ་ཞིག་སྨྲ་དགོས་པར་འགྱུར་རོ།

གཞན་ཡང་ང་ཚོ་མི་ལ་སོགས་པའི་མཐོ་རིམ་གྱི་སྲོག་ཆགས་རྣམས་ལ་ནང་ཆོས་ནས་བཤད་པ་ལྟར་གྱི་ཤེས་པ་ཟེར་བ་འདི་ཡོད་པ་མ་ཡིན་ན་རྩི་ཤིང་དང་ནགས་ཚལ་སོགས་ལ་ཡང་ང་ཚོ་དང་འདྲ་བའི་བདེ་སྡུག་གི་ཚོར་བ་དང༌།བླང་དོར་གྱི་འདུ་ཤེས་དང་ཞི་དྲག་གི་རྣམ་འགྱུར་སོགས་ཅིའི་ཕྱིར་མེད་དེ་ཡོད་དགོས།གང་ལགས་ཤེ་ན་སྐྱེ་ཞིང་འཕེལ་འགྲིབ་བྱེད་པ་དང༌།མདོར་ན་སྲོག་ལྡན་གྱི་ཁྱད་ཆོས་བདུན་ཚང་བ་གཅིག་པ་ཡིན་པའི་ཕྱིར།ཡང་རྩི་ཤིང་ནགས་ཚལ་སོགས་ཀླད་པ་མེད་པས་བདེ་སྡུག་གི་ཚོར་སྣང་དང༌།བླང་དོར་གྱི་འདུ་ཤེས་སོགས་ཡོད་མི་དགོས་པའི་ཕྱིར་སྙམ་ན།འོ་ན་མི་ཤི་མ་ཐག་པའི་རོ་དེ་ལ་ཀླད་པ་མཚན་ཉིད་ཚང་བ་ཡོད་པས་ཁོ་ལ་བདེ་སྡུག་དང་བླང་དོར་གྱི་འདུ་ཤེས་མེད་པ་ཅི་ཞིག་ཡིན།དེ་ནི་གྲོགས་སྲོག་རླུང་དང་ཡང་རླུང་སོགས་ཀྱིས་ནུས་པ་དང་བྲལ་བ་ཡིན་པས།དབུགས་འབྱུང་རྔུབས་དང༌།ཁྲག་གི་འཁོར་རྒྱུགས་ལུས་ཀྱི་དྲོད་ཚད་སོགས་ཉམས་པར་བརྟེན་དེ་དག་མི་ཡོང་ངོ་སྙམ་ན།དེ་ཙམ་མ་ཡིན་ཏེ།དཔེར་ན།མི་ཤི་མ་ཐག་པའི་རོ་དེ་ལ་སྲོག་རླུང་དང༌།ཡང་རླུང་སོགས་ཀྱི་དབུགས་སྣོན་དང༌།གློག་གི་ནུས་ཤུགས་སོགས་ལ་བརྟེན་ནས་རྩ་ཕྲན་རྣམས་གཡོ་ཞིང་འགུལ་བ་དང༌།དྲོད་ཀྱི་ཚད་ལོན་པ།ཁྲག་རྣམས་འཁོར་རྒྱུགས་ཐུབ་པ་སོགས་ཀྱི་ཆ་རྐྱེན་ཚང་བ་ཞིག་བསྐྲུན་ཐུབ་ནའང༌།གློག་དང་རྫས་ཀྱི་ནུས་པ་ལ་བརྟེན་ནས་རོ་དེ་གཡོ་འགུལ་བྱས་པ་སོགས་ནུས་པ་ཕྱོགས་རེ་ཙམ་ཞིག་ཐོན་སྲིད་ཀྱང༌།སྔར་ལྟར་སྨྲ་ཤེས་ཤིང་དོན་གོ་བའི་མིའི་མཚན་ཉིད་ཚང་བ་ཞིག་གཏན་ནས་ཡོང་ཐབས་མེད།དེའི་རྒྱུ་མཚན་ནི་རྣམ་ཤེས་ལུས་དེ་དང་ཁ་བྲལ་ནས་ཡུལ་གཞན་ཞིག་ཏུ་འཇུག་ཚར་བ་ཡིན་པས་སླར་ཡང་འཚོ་བའི་ཐབས་ཤེས་ནི་འཇིག་རྟེན་འདི་ན་ཡོད་པ་མི་སྲིད་ལ་དེ་འདྲ་བའི་ཐབས་ལ་ཇི་ཙམ་འབད་ཀྱང་ངལ་བའི་རྒྱུ་ཙམ་ལས་མི་འདའ་འོ།

འོ་ན་གསལ་རིག་ཙམ་གྱི་ངོ་བོར་གནས་པའི་ཤེས་པ་ཟེར་བ་དེ་ང་ཚོ་མི་ལ་སྦྱར་ཏེ་བཤད་ན་ལུས་ཀྱི་ཆ་ཤས་གང་ཞིག་ཏུ་གནས་ཀྱི་ཡོད་དམ་ཞེ་ན།སྤྱིར་ཤེས་པ་ནི་ལུས་ཀྱི་རྩ་ཕྲན་ཐམས་ཅད་ལ་ཁྱབ་ཅིང་མཐོང་ཐོས་མྱོང་ཚོར་གྱི་བྱ་བ་ཅི་རིགས་པ་ཞིག་བྱེད་ཀྱི་ཡོད།འོན་ཀྱང་ཤེས་པའི་བྱ་བའི་ལས་ཁུངས་ཀྱི་གཙོ་བོ་ནི་ཀླད་པའི་རྩ་ཕྲན་རྣམས་ཡིན་པ་ང་ཚོས་ལས་སླ་པོའི་སྒོ་ནས་རྟོགས་ཐུབ་ཀྱི་ཡོད།གང་ལགས་ཤེ་ན།ང་ཚོས་སློབ་སྦྱོང་དྲག་ཏུ་བྱས་པ་དང་བསམ་བློ་ཞིབ་ཏུ་གཏོང་བ་སོགས་མདོར་ན་ལུས་པོ་དལ་ལྷོད་དུ་བསྡད་དེ་ཤེས་པ་ལ་ལས་ཀ་མང་དུ་བསྐུལ་བའི་ཚེ་ཀླད་པ་ལ་དཀའ་ཚེགས་འཕྲད་ཀྱི་ཡོད་པ་མྱོང་བས་གྲུབ་པ་འདི་ཡིན།གཞན་ཡང་ཤེས་པའམ་སེམས་ཀྱི་འཆར་སྒོ་བཟང་ངན་གང་ཞིག་ཡིན་རུང་གྲོགས་རླུང་དང་འགྲོགས་ནས་ལུས་ཀྱི་རྩ་ལམ་ཕྲ་རགས་རྣམས་སུ་རྒྱུ་ཡི་ཡོད་པ་མ་ཟད་རྩ་རླུང་སེམས་གསུམ་པོ་དེ་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་པ་གསུངས་ཡོད།དཔེར་ན་གློག་དང་གློག་གི་འོད་ཟེར་དང་གློག་སྐུད་གསུམ་པོ་འདྲ་བ་ཡིན།ད་དུང་བློ་ཡི་ཆ་ཤས་བྱམས་པ་དང་སྙིང་རྗེ་དེ་བཞིན་འདོད་ཆགས་དང་ཞེ་སྡང་སོགས་སྐྱེས་བུ་གཅིག་གི་རྒྱུད་ལ་རིམ་ཅན་དུ་སྐྱེས་པ་ན།དེ་དག་འགྲོ་བསྐྱོད་བྱེད་སའི་ཀླད་པའི་རྩ་ཕྲན་སོ་སོར་ཡོད་པ་ཚན་རིག་གི་ལམ་ནས་ཀྱང་ཤེས་རྟོགས་ཐུབ་པ་ཡིན་ཏེ།དབང་པོའི་རྩ་ཕྲན་རྣམས་སོ་སོ་ནས་འགུལ་སྐྱོད་བྱེད་ཀྱི་ཡོད་པ་དབང་པོ་མངོན་སུམ་ཡུལ་དུ་སྟོན་པ་དེའི་ཕྱིར།དེས་ན་ཞིབ་ཅིང་ཕྲ་ལ་དོན་དངོས་དང་མཐུན་པའི་འགྲེལ་བཤད་དང་ལྡན་པ་དབང་རྩའི་ཚན་རིག་ལྟ་བུ་ལ་ཡིད་འོང་མི་འཕྲོག་པའི་དཔྱོད་ལྡན་སུ་ཞིག་ཡོད།འོ་ན་ཁྱོད་ཀྱི་རྐང་པའི་མཐེ་བོང་མེས་འཚིག་པའི་ཚེ་ལུས་ཀྱི་རྩ་ལམ་ངེས་ཅན་ཞིག་བརྒྱུད་ནས་ཀླད་པ་ལ་བརྡ་སྐྱེལ་མཁན་དང༌།ཀླད་པ་ནས་མར་བཀའ་འཕྲིན་འཁྱེར་མཁན་གྱི་གློག་བརྡ་ལྟ་བུ་དེ།ནང་ཆོས་ནས་འགྲེལ་བཤད་ཇིལྟར་བྱ་རྒྱུ་ཡིན་ནམ་ཞེ་ན།དེ་ནི་རྐང་པའི་མཐེ་བོང་མེས་འཚིག་པ་ཚོར་མཁན་གྱི་ཤེས་པ་དང་ལྷན་ཅིག་ཏུ་འགྲོགས་པའམ།དེ་དང་ངོ་བོ་དབྱེར་མེད་ཀྱི་ཚུལ་དུ་གནས་མཁན་གྱི་རླུང་ཡིན་ལ།རླུང་དེས་ནུས་ཤུགས་ལ་བརྟེན་ནས་ཀླད་པ་དང་ལུས་ཀྱི་དབང་རྩ་རྣམས་འགུལ་བསྐྱོད་བྱེད་ཀྱི་ཡོད་རེད་ཅེས་འགྲེལ་བཤད་བྱ་རྒྱུ་ཡིན།

བཞི་པ་ནང་ཆོས་ཀྱི་བསླབ་བྱ་ནི་མིའི་སེམས་ཀྱི་བདེ་སྐྱིད་ལ་ཕན་འབྲས་ཆེ་བའི་ཚུལ་མདོར་ཙམ་བརྗོད་པ།

ང་ཚོས་མ་གྲོས་བསམ་པ་གཅིག་མཐུན་དུ་ཡོད་པའི་བདེ་སྐྱིད་ངོ་མ་ནི་སེམས་ཀྱི་བདེ་སྐྱིད་དེ་ཡིན་ལ།ནང་ཆོས་ནས་འདི་ཉིད་བསྐྲུན་པའི་ཐབས་ལམ་ཅི་ཞིག་བསྟན་ཡོད་དམ་ཞེ་ན།སྤྱིར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་ཆོས་ཚིག་གཅིག་ཙམ་གསུངས་པ་ཡན་ཆད་འགྲོ་བ་རྣམས་ཀྱི་སྡུག་བསྔལ་སེལ་ཐབས་དང༌།བདེ་བ་བསྐྲུན་པའི་ཐབས་སུ་གསུངས་པ་ཤ་སྟག་ཡིན།འགྲོ་བ་རྣམས་ཀྱི་བདེ་སྡུག་དེ་ཡང་མཐར་གཏུགས་ན་སེམས་ཀྱི་བདེ་སྡུག་ལ་འགྲོ་བ་ཡིན་པ་བཞིན་སྟོན་པ་སངས་རྒྱས་ཀྱིས་ཀྱང་འགྲོ་བ་རྣམས་ཀྱི་སྡུག་བསྔལ་ལམ་ཡིད་མི་བདེ་བ་ཡོང་སའི་ཁུངས་སམ་རྒྱུན།ཞི་ཞིང་མ་དུལ་བའི་ཉོན་མོངས་པའི་སེམས་བརྒྱད་ཁྲི་བཞི་སྟོང་རྣམས་ཞི་བར་བྱེད་པའི་ཐབས་གཉེན་པོ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་ཡོད།སྤྱིའི་ཆ་ནས་བཤད་ན་མི་འདོད་པའི་སྡུག་བསྔལ་འདི་དང་བྲལ་འདོད་ཀྱི་སེམས་པ་ནི།ང་ཚོ་མིར་མ་ཟད་སྲོག་ཆགས་དུད་འགྲོ་ལ་ཡང་ཡོད་ལ་དེ་དང་བྲལ་བའི་ཐབས་ཤེས་ཀྱང་ང་ཚོ་ཚང་མས་འཚོལ་གྱིན་ཡོད།ཡིན་ན་ཡང་སྡུག་བསྔལ་དེ་དང་བྲལ་བའི་ཐབས་ལམ་མ་ནོར་བར་བཙལ་ཐུབ་མཁན་ནི་བློ་གྲོས་དང་ལྡན་པའི་མི་ཙམ་ཡིན་ལ།མི་ལའང་སྟོན་པ་བཀའ་དྲིན་ཅན་འདྲ་བོ་ཞིག་གིས་ལམ་སྟོན་མ་བྱས་ན།ཐབས་ལམ་དེ་རྙེད་ཐུབ་ཀྱི་མེད།འདིའི་སྐོར་ནང་ཆོས་ལས་བཤད་པ་ལྟར་བློ་སྦྱོངས་ཀྱི་ལམ་རིམ་ལ་གཞོལ་བར་འདོད་པ་ཞིག་ཡིན་ན།དང་པོ་ནི་སེམས་ཀྱི་སྡུག་བསྔལ་དེ་ཡང་རྒྱུ་མེད་རྐྱེན་མེད་ལས་བྱུང་བའི་རྟག་པ་རང་བྱུང་ཞིག་མ་ཡིན་པར་སྐྱེ་ཞིང་འཇིག་པ་མི་བརྟན་པའི་ངོ་བོར་གནས་པའི་འདུས་བྱས་ཤིག་ཡིན་པ་རིགས་པའི་བརྟག་དཔྱད་ལ་བརྟེན་ནས་ཐག་ཆོད་ཐུབ།དེ་ཉིད་ཀྱི་འབྱུང་ཁུངས་སམ་རྒྱུ་རྐྱེན་གཙོ་བོ་ནི་ཞི་ཞིང་མ་དུལ་བའི་མ་རུངས་དང་ལོག་པའི་སེམས་ཤ་སྟག་རེད།དེས་ན་ཕྱིན་ཅི་མ་ལོག་པ་ཞི་ཞིང་དགེ་བའི་སེམས་དག་གིས་སྤྱང་བྱ་མ་རུངས་པ་དང་ལོག་པའི་སེམས་དེ་དག་དང་འཛིན་སྟངས་དངོས་སུ་འགལ་བའི་སྒོ་ནས་དེ་དག་མེད་པར་བཟོས་ཏེ་དགེ་སེམས་རང་གི་ངོ་བོ་རྒྱུན་གནས་ཐུབ་པ་བྱ་རྒྱུ་དེ་རེད།ཡང་རང་ཉིད་ནད་ཀྱིས་མནར་བ་དང༌།ཕ་མ་དང་བུ་ཕྲུག་སོགས་ཤི་བ་ལ་བརྟེན་ནས་བྱུང་བའི་སྡུག་བསྔལ་རྣམས་སེམས་ལོག་པ་དང་མ་ཞི་བའི་དབང་གིས་ཅིའི་ཕྱིར་བྱུང་བ་ཡིན་ནམ་སྙམ་ན།ནང་པའི་གཞུང་ལས་ཚེ་འདིར་མྱོང་བའི་སྡུག་བསྔལ་རྣམས་ཚེ་རབས་སྔ་མ་རྣམས་སུ་རང་ཉིད་མ་རིག་པ་དང་རྨོངས་པའི་དབང་གིས་སེམས་ཅན་གཞན་ལ་སྡུག་བསྔལ་སྤྲད་པའི་ལས་ཀྱི་འབྲས་བུ་ཡིན་གསུངས་ཡོད།འབྲས་བུ་དེ་ཡང་ཚེ་འདིའི་སེམས་མ་ཞི་བ་དང་ལོག་པ་དག་དང་འབྲེལ་བ་ཡོད་པ་ཡིན།དཔེར་ན་ཆགས་སྡང་གི་བློ་ཤུགས་ཇི་ལྟར་ཆེ་བ་ཡོད་པ་དེའི་ཚོད་ཀྱིས་རང་དང་རང་གི་ཕྱོགས་གཏོགས་རྣམས་ལ་རྐྱེན་ངན་འཕྲད་ཚེ་སྡུག་བསྔལ་ཤུགས་ཆེ་བ་ཡོང་གི་ཡོད་པ་མ་ཟད་གཞན་གྱི་གནོད་པ་ཆུང་ངུ་ཙམ་ཡང་བཟོད་སྒོམ་བྱེད་ཐུབ་ཀྱི་མེད།དེས་ན་གོང་གི་སྡུག་བསྔལ་གཉིས་པོ་དེ་མ་ཞི་བ་དང་ལོག་པའི་སེམས་གང་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ།དེ་ནི་སྐྱེ་བའི་མཐའ་མ་འཆི་བ་ལས་འོས་མེད་ཅིང་ཤི་བ་ལ་ངེས་པ་མེད་པའི་སྐོར་ལ་རྒྱུན་དུ་བསམ་བློ་ཡང་ཡང་གཏོང་མ་ཐུབ་པར་རང་གཞན་ཚང་མ་ཡིན་རིང་དུ་གནས་སྙམ་པའི་བློ་ལོག་པ་རྟག་འཛིན་དང༌།རང་ཕྱོགས་ལ་ཆགས་པའི་ཆགས་པ་བཅས་ལ་བརྟེན་ནས་བྱུང་བ་ཡིན་པ་ང་ཚོའི་མྱོང་བ་དང་མཐུན་པའི་རིགས་ལམ་ལ་བརྟེན་ནས་ར་འཕྲོད་ཡོང་གི་ཡོད།

གཞན་ཡང་རྣམ་དཀར་དགེ་བའི་བསླབ་བྱ་ལྟར་རང་རྒྱུད་ལ་མྱོང་བ་ཐོན་པའི་བྱམས་བརྩེའི་ཉམས་ལེན་པ་ཞིག་ཡིན་ན།དེ་ལ་ན་བ་ཡོད་ཀྱང་ན་བའི་སྡུག་བསྔལ་དང༌།ཤི་བ་ཡོད་ཀྱང་ཤི་བའི་སྡུག་བསྔལ་མེད་པ་གསུངས་ཡོད།དཔེར་ན་སྟོན་པ་ཡེ་ཤུ་མ་ཤི་ཀ་ལྟ་བུ་ལ་གཞན་གྱིས་དྲག་པོའི་དབང་ཤུགས་ལ་བརྟེན་ནས་ཉེས་མེད་ཁྲིམས་ལ་སྦྱར་ཏེ།ཁྲིམས་བཅད་དྲག་པོ་གཏོང་བའི་ཚེ་ཁོང་གི་སྐུ་ལུས་ལ་ན་བ་དང་ཚ་བ་ཡོད་ཀྱང༌།ཁོང་གི་རྒྱུད་ལ་བྱམས་བརྩེ་དང་བཟོད་པའི་ཉམས་ལེན་མཐུག་པོ་ཡོད་པས་སེམས་ཀྱི་ཞི་བདེ་འཁྲུགས་མེད་ལ།ན་བ་དང་ཚ་བའི་སྡུག་བསྔལ་དང༌།ཆགས་སྡང་གི་འདུ་ཤེས་སོགས་གང་ཡང་བྱུང་མེད།གལ་ཏེ་དེ་ལྟར་བྱུང་ཡོད་ཚེ་མྱ་ངན་དང་སྔུག་བསྔལ་གྱི་སྨྲེ་ངག་འདོན་པ་དང༌།ཆགས་སྡང་དང་འབྲེལ་བའི་ཚིག་དག་བརྗོད་པར་ངེས་པ་ཡིན་ཡང་ཁོང་ལ་དེ་ལྟར་ཡོང་བ་ལྟ་ཞོག་དགའ་བའི་འཛུམ་མདངས་ཀྱིས་གང་བའི་བཞིན་གྱི་དཀྱིལ་འཁོར་ལ་ཉམས་པ་མེད་ཅིང་ནམ་རྒྱུན་ལྟར་བྱམས་བརྩེ་དང་གཟོད་པའི་ཉམས་ལེན་ལ་བརྩོན་པ་ངོ་མཚར་བའི་མཛད་སྤྱོད་འདིས་འགྲོ་བ་མི་རྣམས་ལ་མིག་དཔེ་བཟང་པོ་ཞིག་སྟོན་པ་ཡིན་ལ།དེས་ན་འཛམ་གླིང་གི་མི་ཚང་མ་ཉམས་ལེན་པ་ཁོང་ལྟ་བུ་ཤ་སྟག་ཡིན་ན།འཛམ་གླིང་འདི་ལྷ་ཡི་ཞིང་ཁམས་ཤིག་དང་ཁྱད་མེད་དུ་ཡོད་ངེས་པ་ཡིན།

འོ་ན་བྱམས་པ་དང་བརྩེ་བ་ཟེར་བ་དེ་གང་འདྲ་ཞིག་ལ་ཟེར་རམ།དེའི་བྱེད་ལས་ཀྱི་གཙོ་བོ་གང་ཡིན་ནམ་ཞེ་ན།དེ་ནི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་བྱམས་པ་དང༌།སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་འདོད་ཀྱི་རྣམ་པ་ཅན་གྱི་སེམས་བྱུང་ཞིག་ལ་བརྩེ་བའམ་སྙིང་རྗེ་ཟེར་བ་ཡིན།བྱེད་ལས་ནི་བྱམས་པ་ཡིས་གཙོ་བོ་གཞན་ལ་ཞེ་སྡང་དང་ཁོང་ཁྲོ་བ་མེད་པར་བཟོ་ལ།སྙིང་རྗེ་ཡིས་གཞན་ལ་མ་གནོད་པའི་སེམས་པ་དང༌།རྣམ་པར་འཚེ་བའི་སེམས་པའི་གཉེན་པོ་བྱེད་ཀྱི་ཡོད།ཡང་བྱམས་པ་དང་སྙིང་རྗེའི་དམིགས་ཡུལ་ལ་སེམས་ཅན་ཐམས་ཅད་བཞག་ན་མི་འགྲིགས་ཏེ།རང་གི་དགྲ་བོ་ལ་ཞེ་སྡང་སྐྱེ་བ་ལས་བྱམས་པ་དང་སྙིང་རྗེ་སྐྱེ་བའི་ཐབས་གཏན་ནས་མེད་དོ་སྙམ་ནས་སེམས་ཤུགས་ཆགས་མི་དགོས་ཏེ།རང་གི་དགྲ་བོ་འདི་ཡང་སྙིང་རྗེ་སྐྱེ་བའི་ཡུལ་ཡིན་པ་དང་ནང་པའི་གཞུང་ལུགས་རྣམས་ལས་ཡང་དག་པའི་རྒྱུ་མཚན་དུ་མའི་སྒོ་ནས་སྒྲུབ་གནང་ཡོད།འོན་ཀྱང་དེ་དག་ཐམས་ཅད་ཡིག་ཚོགས་མང་བས་བྲི་བར་མི་ནུས་ཀྱང་ཕྱོགས་ཙམ་ཞིག་བརྗོད་ན།སྤྱིར་དགྲ་གཉེན་ལ་ངེས་པ་ཅི་ཡང་མེད་པས་ཚེ་སྟོད་ཀྱི་དགྲ་འདི་ཚེ་སྨད་གཉེན་དུ་འགྱུར་བ་དང༌།ཚེ་སྟོད་ཀྱི་གཉེན་དེ་ཡང་ཚེ་སྨད་དགྲ་རུ་འགྱུར་བ་ཡོད་པ་ནི་མི་ཚེ་ཡི་འཚོ་བའི་ཁྲོད་དུ་མཐོང་ཆོས་སུ་ཡོད་པ་འདི་ཡིན།དེས་ན་གཉེན་དང་དགྲ་ལ་ཆགས་སྡང་དེ་མི་མཉམ་པ་ཞིག་བྱས་པ་ནི་ནོར་འཁྲུལ་འབའ་ཞིག་ཏུ་གསུངས་ཡོད།

མ་ཟད་རང་ལ་གནོད་སྐྱེལ་མཁན་གྱི་དགྲ་བོ་འདི་ནི་གཞན་གྱི་བདེ་སྡུག་ལ་བསམ་ཤེས་མི་ཐུབ་པའི་ཉམ་ཐག་པ་དུད་འགྲོ་ལྟ་བུ་ཞིག་དང༌།ཕན་ཐོགས་མེད་པའི་སེམས་པ་མ་རིག་པ་དང་ཞེ་སྡང་གི་དབང་དུ་སོང་བས་ཁག་མེད་པ་ཞིག་ཡིན་པ་ནི་དངོས་ཡོད་ཀྱི་གནས་ཚུལ་ཞིག་ཡིན་ལ།དེ་ཡིན་པ་བཞིན་ཡང་ཡང་བསམ་སྟེ་སེམས་ལ་གོམས་པ་ཞིག་བྱུང་ན།ནམ་ཞིག་བྱམས་པ་དང་སྙིང་རྗེ་གཉིས་པོ་དེ་དགྲ་ལའང་དམིགས་ཏེ་སྐྱེ་ཐུབ་ཞིག་ཀྱང་འོང་བ་ཡིན་ནོ།དཔེར་ན་ཆང་རག་གི་མྱོས་པའི་ར་བཟི་བ་ཞིག་གིས་རང་ལ་ཚིག་ངན་བརྗོད་པ་དང༌།ལོང་བ་ཞིག་གིས་གཡུག་པའི་མཆིལ་སྣབས་རང་གི་ལུས་ལ་ཕོག་པ་སོགས་བྱེད་ཀྱང༌།ང་ཚོས་དེ་དག་ལ་ཁག་མེད་པའི་གནས་ཚུལ་འགའ་ཞིག་ཡོད་པ་མཐོང་ནས་ཁོང་ཁྲོ་ཟ་ཡི་མེད།བསམ་བློ་ཞིབ་ཏུ་གཏོང་ན་རང་གི་དགྲ་དེ་ཡང་དེ་དག་དང་གཅིག་མཚུངས་སུ་ཡོད་པ་ཡིན།ཡང་དགྲ་དེས་རང་ལ་གནོད་པའི་ཕྱིར།ཁོ་ལ་ཁོང་ཁྲོ་ཅིའི་ཕྱིར་མི་བྱེད་དེ་བྱ་དགོས་སོ་སྙམ་ན།འོ་ན་རང་གི་དགྲ་ལ་དམིགས་པའི་རང་རྒྱུད་ཀྱི་ཁོང་ཁྲོ་དེ་ལ་སླར་ཡང་ཁོང་ཁྲོ་ཟུར་པ་ཞིག་སྐྱེ་དགོས་པ་ཐལ།དེས་རང་གི་སེམས་པ་མ་སྐྱིད་པ་བཟོ་བ་དང༌།ལུས་ཀྱི་འཕྲོད་བསྟེན་སོགས་ལ་ཤིན་ཏུ་གནོད་པའི་ཕྱིར།དེས་ན་རང་ལ་གནོད་པའི་དགྲ་བོ་ངོ་མ་དེ་རང་རྒྱུད་ཀྱི་ཁོང་ཁྲོ་འདི་ཡིན་པས།འདི་ཉིད་རང་རྒྱུད་ལ་སྐྱེ་བའི་གོ་སྐབས་གཏན་ནས་མེད་པ་ཞིག་བཟོ་ཐུབ་ན།རང་གི་དགྲ་བོ་ཐམས་ཅད་མེད་པར་བཟོ་ཐུབ་པ་དང་ཁྱད་པར་གང་ཡང་མེད།གང་ལགས་ཤེ་ན།ང་ཚོས་རང་ཉིད་ཁོང་ཁྲོ་ཟ་བའི་ཡུལ་ཞིག་ལ་དགྲ་ཟེར་བ་ཡིན་པས་རང་རྒྱུད་ལ་ཁོང་ཁྲོ་མེད་ན་ཁོང་ཁྲོ་ཟ་བའི་ཡུལ་མེད་པས་དགྲ་མེད་པ་དེ་གས་འཐུས་པ་ཡིན་ནོ།

མདོར་ན་ནང་ཆོས་ལས་བཤད་པ་ལྟར།ཐབས་ལམ་མང་དག་ཅིག་གི་སྒོ་ནས་དགྲ་ལ་དམིགས་པའི་ཞེ་སྡང་འདི་བཀག་ཐུབ་ན།ཆགས་སྡང་གི་མཐའ་གཉིས་སུ་མ་ལྷུང་བར་ཐམས་ཅད་ལ་ཆ་སྙོམས་པར་བསྐྱེད་པའི་བྱམས་བརྩེའི་ནུས་སྟོབས་ལ་བརྟེན་ནས་རང་ལ་བསམ་ངན་དང་སྦྱོར་རྩུབ་བྱེད་མཁན་གྱི་གཞན་ཕྱོགས་རྣམས་མཐར་གྲོགས་སུ་འགུག་ཐུབ་པ་ཡིན།དེས་ན་ཕ་རོལ་གྱི་དཔུང་འཇོམས་པར་འདོད་ན་བྱམས་བརྩེའི་ནུས་སྟོབས་ངེས་པར་དུ་བསྐྱེད་དགོས།

ད་དུང་ཚན་རིག་གི་ཐབས་ལམ་ནས་ཀྱང་རང་གི་དགྲ་ལ་དམིགས་པའི་བྱམས་པ་དང་བརྩེ་བའི་བློ་སྦྱངས་ཚུལ་ཡང་ཡོད་པ་ཡིན།དཔེར་ན།ང་ཚོས་དགྲ་ལ་ཞེ་སྡང་སྐྱེ་བ་ནི་རྒྱུ་མཚན་རོབ་ཙམ་ཞིག་མཐོང་བའི་སྒོ་ནས་སྐྱེ་བཞིན་ཡོད།དེ་གང་ལགས་ཤེ་ན་རང་ལ་གནོད་པའི་གནོད་པ་དེ་གཏོང་མཁན་ནམ་དེའི་འབྱུང་ཁུངས་ཡིན་པའི་རྒྱུ་མཚན་གྱིས་ཡིན།ད་དུང་གནོད་པ་དེ་གཏོང་མཁན་དང་དེ་ཡོང་སའི་ཁུངས་སོགས་ཞིབ་ཏུ་བཙལ་ན།དགྲ་བོ་དེའི་ཀླད་པ་དང་ཀླད་པའི་བྱེད་ལས་བཅས་ལ་ཐུག་འགྲོ་བ་ཡིན།དེས་ན་ང་ཚོས་ཁོང་ཁྲོ་ངོ་མ་དེ་མི་དེའི་ཀླད་པ་དང་དེའི་བྱེད་ལས་གཉིས་ལ་ཟ་དགོས་པ་ཞིག་འདྲ་ནའང་དེ་དག་ལ་ཁོང་ཁྲོ་ཟ་མི་ཤེས་པ་ལྟ་བུ་ཞིག་རེད།དེར་བརྟེན་དེང་སྐབས་ཀྱི་ཚན་རིག་གི་རིགས་ལམ་འདི་འདྲ་བ་ཞིག་གི་སྒོ་ནས་ཀྱང་བློ་སྦྱངས་ཐུབ་པ་ཡིན་ན།རང་འགུལ་གྱི་རྡོ་ཞིག་ཟག་ཏེ་མགོ་བོ་རྨས་པ་ན་སུ་ལ་ཡང་ཁོང་ཁྲོ་མི་ཟ་བ་བཞིན་དགྲ་ལ་བཟོད་སྒོམ་བྱེད་ཐུབ་པ་མ་ཟད་བརྩེ་བའི་ཡུལ་དུ་གྱུར་བ་ཞིག་ཀྱང་ཆགས་ཐུབ་ཀྱི་ཡོད།དེས་ན་གོང་དུ་བཤད་ཟིན་པའི་ཐབས་ལམ་དེ་དག་ལ་བརྟེན་ནས་སྐྱེ་བའི་བྱམས་བརྩེ་དེ་ནི་སྔར་ནས་རང་ཆས་སུ་ཡོད་པའི་རང་གི་བུ་དང་ཆུང་མ་ལ་བྱམས་པ་དང་བརྩེ་བ་གཉིས་དང་གཏན་ནས་མི་འདྲ་བར་བློ་རྣམ་དཔྱོད་ཀྱི་ཤེས་རབ་ལས་བྱུང་བའི་བྱམས་བརྩེ་ཡང་དག་ཞིག་ཡིན་ནོ།འོ་ན་བློ་སྦྱངས་པ་ལ་མ་ལྟོས་པར་རང་ཆས་སུ་ཡོད་པའི་རང་གི་བུ་དང༌།ཆུང་མ་ལ་བྱམས་པ་དང་བརྩེ་བ་འདི་དག་ཅིའི་ཕྱིར་ཡང་དག་པ་མ་ཡིན་ནམ་ཞེ་ན།དེ་ནི་འདོད་ཆགས་ཀྱི་དབང་ལས་བྱུང་བ་ཡིན་པའི་ཕྱིར།ཅིའི་ཕྱིར་ཞེ་ན།རང་གི་བརྩེ་བའི་ཡུལ་དུ་བུ་དང་ཆུང་མ་གཞན་གྱིས་གནོད་པ་བྱས་ཚེ་གནོད་སྐྱེལ་མཁན་གྱི་གང་ཟག་དེ་ལ་ཞེ་སྡང་སྐྱེ་བ་དེའི་ཕྱིར།དེས་ན་ཡང་དག་པའི་བྱམས་བརྩེ་ལ་ཕྱོགས་གཅིག་ལ་བྱམས་ཤིང༌།ཕྱོགས་གཅིག་ལ་སྡང་བའི་རྣམ་གཞག་དེ་ནི་མི་རུང་ངོ༌།ཡང་བྱམས་པ་དང་སྙིང་རྗེ་ཡང་དག་པ་ཞིག་རང་རྒྱུད་ལ་སྐྱེས་ན།རང་ཉིད་ལ་བདེ་སྐྱིད་ཡོང་བའི་ཚོད་དཔག་འདི་ཁུངས་ལུང་འཕེར་བའི་བརྟག་དཔྱད་གང་གི་ལམ་ནས་ཐག་ཆོད་བྱས་པ་ཞིག་ཡིན་ནམ་ཞེ་ན།དེ་ནི་ནང་ཆོས་ཀྱི་ཉམས་ལེན་མཐོན་པོར་གཤེགས་པའི་རྒྱ་བོད་ཀྱི་མཁས་པ་དག་གིས་རང་རྒྱུད་ལ་མྱོང་བ་ཐོན་པའི་སྒོ་ནས་མི་འཇིགས་སེང་གེའི་ང་རོ་འདི་ལ་ཐེ་ཚོམ་ཟ་བའི་གནས་མ་ཡིན་ཡང༌།རང་ཉིད་དེ་ལ་ངེས་པ་བསྐྱེད་པའི་ཆེད་དུ་བརྟག་དཔྱད་ཀྱི་ཐབས་ལམ་ལས་སླ་པོ་ཞིག་བསྟན་པར་བྱ་སྟེ།རང་ཉིད་གཞན་དང་འཕྲུགས་པ་ཤོར་ནས་གཞན་ལ་ཁོང་ཁྲོ་ཟ་ནས་སྡོད་པའི་ཉིན་མོ་དེ་དང༌།བྱ་དངོས་ཅི་རིགས་ཀྱི་སྒོ་ནས་གཞན་ལ་ཕན་བཏགས་ཏེ་ཕན་སེམས་དང་ལྡན་པའི་ངང་ནས་སྡོད་པའི་ཉིན་མོ་དེ་གཉིས་ལ་ཟས་གོས་གནས་མལ་སོགས་ཀྱི་མཐུན་རྐྱེན་གཅིག་མཚུངས་ཡིན་ན་ཡང༌།སེམས་ལ་བདེ་སྡུག་གི་མྱོང་ཚོར་ཁ་ཁ་ཡོད་མེད་རང་ཉིད་ཀྱི་ཉིན་རེའི་འཚོ་བའི་ཁྲོད་དུ་ཡང་ཡང་བརྟག་དཔྱད་ཅིག་གྱིས་དང༌།ནམ་ཞིག་གོང་གི་ཚོད་དཔག་དེ་ལ་བདེན་ཁ་སྦྱིན་ཐུབ་པ་ཞིག་ཡོང་ངེས་རེད།

གོང་དུ་བཤད་པ་རྣམས་ནི་འཛམ་གླིང་སྤྱི་ཡོངས་ལ་གྲགས་པའི་བདེ་སྐྱིད་ཙམ་ཞིག་འཐོབ་པའི་ཐབས་ལམ་ནང་ཆོས་དང་འབྲེལ་བའི་རགས་བཤད་གོ་སླ་བ་ཞིག་ཡིན།དེས་ན་ཆོས་ལུགས་པ་ཞིག་ཡིན་མིན་ལ་མ་ལྟོས་པར་འཛམ་གླིང་སྤྱི་ཡོངས་ལ་གྲགས་པའི་བདེ་སྐྱིད་འདོད་མཁན་ཞིག་ཡིན་ན།དངོས་ཡོད་གནས་ཚུལ་དང་མཐུན་པའི་ཐབས་ལམ་འདི་འདྲ་ཞིག་ལ་བརྟེན་ན་ཁྱེད་ལ་ཕན་ཐོགས་བློ་ཡིད་ཚིམ་པ་ཞིག་ཡོང་བའི་ཡིད་ཆེས་བྱེད་ཆོག

ད་དུང་ནང་ཆོས་ལས་སྡུག་བསྔལ་ཕྲ་མོ་སྤོང་བའི་ལམ་གྱི་རིམ་པ་མང་པོ་ཞིག་བརྒྱུད་ནས་མཐར་ཤིན་ཏུ་ཕྲ་བའི་འདུ་བྱེད་ཀྱི་སྡུག་བསྔལ་དང་བྲལ་བའི་ཟད་མི་ཤེས་པའི་བདེ་བ་འཐོབ་པའི་ཚུལ་སོགས་ཟབ་ཅིང་རྒྱས་པ་གསུངས་ཡོད་ཀྱང༌།དེ་དག་ཕལ་ཆེ་བ་ནང་ཆོས་ཉམས་ལེན་པ་ཞིག་གི་ལམ་རིམ་དང་མཐུན་པ་ཞིག་ལས།ཆོས་ལུགས་ཁས་མི་ལེན་པའི་སྤྱིར་བཏང་གི་མི་ཞིག་གི་འཚོ་བའི་གནས་སྐབས་སུ་དོ་གལ་དེ་ཙམ་མི་ཆེ་བར་བརྟེན་ཁོ་བོས་དེ་ཕྱོགས་སུ་བཤད་པ་གང་ཡང་བྱས་མེད་དོ།

Related Articles