རང་རིག་མི་འདོད་པའི་ལུགས་ལ་ཅུང་ཟད་དཔྱད་པ།

སེར་ལྷོ་ཕྱོགས་གླང་།

དབུ་མ་ལ་འཇུག་པ་ལས་ །གང་ཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས།།ཞེས་དང་།

སྤྱོད་འཇུག་ལས།གཞན་མྱོང་བ་དང་འབྲེལ་བ་ལས།ཞེས་དང་།དབུ་མ་སྙིང་པོ་ལས།གལ་ཏེ་ཡུལ་དུ་སྣང་བ་ཉིད། །ཅེས་སོགས་ཀྱིས་རང་རིག་བཀག་ནས།སྔ་མ་གཉིས་ཀྱིས་རང་རིག་མེད་ཀྱང་དྲན་པ་སྐྱེ་ཚུལ་མི་འགལ་བའི་སྒོ་ནས་རང་རིག་མི་འདོད་པ་ཡིན།འདོད་པའི་ཕྱོགས་དེ་དག་གིས་ཀྱང་དཔེར་ན་སློབ་དཔོན་ཕྱོགས་ཀྱི་གླང་པོས་ཡུལ་ཤེས་པ་དང་དེ་ཤེས་པའི། །དབྱེ་བས་བློ་ཡི་ཚུལ་གཉིས་ཉིད། །དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བ་འདི་མེད་ཕྱིར་རོ། །ཞེས་པ་ལྟ་བུས་དུས་ཕྱིས་དྲན་པ་ཡོད་པ་ལས་རང་རིག་སྒྲུབ་པར་མཛད།

རང་རིག་བཞེད་པ་དང་མི་བཞེད་པ་གཉིས་ཀྱི་དྲན་པ་འདྲེན་ཚུལ་ལ་ཅུང་ཟད་དཔྱད་ན།འཇུག་པ་ལས་དུས་ཕྱིས་དྲན་པ་ཡོད་ཀྱང་རང་རིག་གི་སྟོབས་ཀྱིས་གྲུབ་པ་མིན་ཏེ་གང་གི་ཕྱིར་ན་སྔོན་པོ་མྱོང་བྱེད་ཀྱི་སྔོ་འཛིན་དང་ཕྱིས་ཀྱི་དྲན་ཤེས་གཉིས་རང་མཚན་གྱི་གཞན་མ་ཡིན་པས་ཤེས་པ་གང་གིས་ཡུལ་མྱོང་བ་དེ་ལས་རྒྱུ་མཚན་སྔ་མ་དེའི་ཕྱིར་ངས་མཐོང་སྙམ་པའི་དྲན་པ་ཡོད་པ་མི་འགལ་ཏེ།འཇིག་རྟེན་པའི་ཐ་སྙད་ལ་ཡང་སྔར་ཤིང་སྡོང་གི་ས་བོན་བཏབས་པ་ལ་རྟེན་ནས་ཕྱིས་སུ་ཤིང་སྡོང་མཐོང་བ་ན་ངས་སྔར་ཤིངསྡོང་བཏབས་སོ་དྲན་པ་ལྟར་དུ་འདོད་དེ་ཡང་མཐར་བཏུགས་ན་རང་མཚན་མ་གྲུབ་པ་ལ་བསམས་པ་ཡིན་ནོ།

སྤྱོད་འཇུག་ལས་ཀྱང་། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། ཞེས་ཕྱོགས་སྔའི་འདོད་པ་དང་། དེའི་ལན་དུ།གཞན་མྱོང་བ་དང་འབྲེལ་བ་ལས། །དྲན་གྱུར་བྱི་བའི་དུག་བཞིན་ནོ། །ཞེས་དཔེ་བསྟན་པའི་སྒོ་ནས་དྲན་པ་ཡོད་པར་སྒྲུབ་པ་ཡིན་འདི་དག་གི་སྐབས་སུ་ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་པའི་ཁྱབ་མིན་གྱི་གསུངས་ཚུལ་མང་པོ་ཡོད་ཀྱང་རེ་ཞིག་ངལ་བ་མ་བྱས་སོ། དོགས་པ་གཞན་ཞིག་ལ་རང་རིག་འདོད་པའི་ཕྱོགས་དེ་དག་གིས་ཕྱིས་ཀྱི་དྲན་ཤེས་དེ་རང་རིག་གིས་འདྲེན་པ་དང། ཐར་འགྱུལ་བ་ལྟར་ན་ཤེས་པ་དེ་ལ་རང་གི་སྣང་བ་ལ་ཚད་མ་ཡིན་པའི་སྒོ་ནས་སྒྲུབ་པ་འམ་ཡུལ་དང་ཡུལ་ཅན་གཉིས་མིང་གིས་ཕར་བཏགས་ཙམ་གྱི་འབྲེལ་བ་གང་རུང་ལས་དྲན་པ་ཡོད་པར་སྒྲུབ། མདོ་སྡེ་སྤྱོད་པའི་དབུ་མ་པ་ལྟར་ན་ཕྱིས་ཀྱི་སྔོན་པོ་དྲན་པའི་དྲན་ཤེས་དེ་འདྲེན་བྱེད་ཀྱི་ཚད་མ་སྔ་མ་ཅི་འདྲ་ཞིག་ལ་འཇོག།།

ཐལ་འགྱུར་བ་ལྟར་དུ་ཡུལ་དང་ཡུལ་ཅན་རང་མཚན་གྱི་གཞན་དུ་མི་འདོད་པ་མ་ཡིན་པས་ཡུལ་དྲན་པ་ལས་ཡུལ་ཅན་ཇི་ལྟར་འགྲུབ། ཤེས་པ་ལ་རང་གི་སྣང་བ་ཚད་མར་སོང་བའི་སྒོ་ནས་བསྒྲུབ་དགོས་ན་སྐྲ་ཤད་འཛག་སྣང་དང་རྡེཤིང་རྟ་གླང་སྣང་བ་དྲན་པའི་དྲན་ཤེས་དེ་འདྲེན་བྱེད་ཀྱི་བློ་ལ་རིམ་པ་བཞིན་དུ་བར་སྣང་དང་ས་ཕྱོགས་འཛིན་པའི་དབང་ཤེས་སུ་ཇི་ལྟར་འཇོག་པ་ལྟར་དུ་འཐད་ན་གཉིད་ལམ་གྱི་གླང་པོ་དྲན་པའི་དྲན་ཤེས་དེ་འདྲེན་བྱེད་ཀྱི་ཚད་མ་དེ་ཇི་འདྲ་ཞིག་ཏུ་འཇོག་གཉིད་ལམ་གྱི་ཤེས་པ་རང་ཉིད་ཀྱིས་རང་ཉིད་སྣང་བ་རྟོགས་ན་ཤེས་པ་གཞན་ལའང་དེ་ལྟར་ཡོད་དགོས་པས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་ལེན་པའི་ལུགས་ཆོས་དེ་ལ་འཁྲུལ་ན་ཆོས་དེ་ལ་ཚད་མ་མིན་དགོས་པ་དང་། ཆོས་དེ་ལ་ཚད་མ་ཡིན་ན་རང་མཚན་སྣང་བའི་ཆ་ལ་མ་འཁྲུལ་དགོས་པས་དཔྱོད་ལྡན་པ་རྣམས་ཀྱིས་དཔྱད་པར་འཚལ། འདི་དག་ནི་དོགས་པ་ཁོ་ན་ལ་བརྟེན་ནས་བྲིས་པ་ཡིན་གྱི་དཔྱད་མཐར་བཏུགས་ནས་བྲིས་པ་མིན་པས་འགལ་འཁྲུལ་དུ་མ་ཞིག་མཆིས་ན་གཟིགས་པ་པོ་རྣམས་ཀྱིས་བཟོད་པར་མཛོད། 

Related Articles