ཀ་ཕྲེང་སྒྲོལ་སྐུལ་མ།

ནགས་ཀྱི་ཤིང་ལོ་ནས།

ཀ་དག་སེམས་ཀྱི་གནས་ལུགས་ཤེལ་དཀར་གྱི་ངོས་སུ།།
ཁ་དོག་གངས་ལས་དཀར་བའི་སྒྲོལ་དཀར་གྱི་ལྷ་མོ།།
ག་དུས་སྣང་བའི་ཚོར་བ་གསོན་པོ་རེ་བྱུང་ན།།
ང་ཡི་དད་པའི་ལག་ཟུང་དབང་མེད་དུ་ཟུམ་འགྲོ །

ཅ་ཅོའི་ལོང་གཏམ་ལེ་ལོའི་གཡེང་བ་རུ་ཚུད་པའི།།
ཆ་བྱེད་བཅོས་སུ་མེད་པའི་ཚུགས་ཀ་འདི་ངར་བས།།
ཇ་ཡུན་ཙམ་གྱི་དུས་ཀྱང་གསེར་ནག་ལས་ལྷག་ཡང་།།
ཉ་མོ་ཆུ་ལ་དུངས་ལྟར་རྣམ་གཡེང་ལ་རོལ་དུས།།

ཏཱ་ར་དཀར་མོའི་ཐུགས་རྗེའི་ལྕགས་ཀྱུ་ཞིག་ཡོད་ན།།
ཐ་མལ་བདག་གི་སེམས་ཀྱི་ཨ་ལོང་དུ་གཡུགས་དང་།།
ད་ནས་ཟུང་ཏེ་ལེ་ལོའི་གཡེང་བ་ལས་དྲངས་ནས།།
ན་འཆིའི་བར་དུ་བརྩོན་པའི་ལམ་བུ་རུ་འཁྲིད་དང་།།

པ་ཏྲའི་རིས་ལྟར་འཁྱོག་པའི་རྣམ་ཤེས་ཀྱི་སྣེ་མོ།།
ཕ་གིའི་འཇའ་ཚོན་རྫུན་པའི་གཟུགས་བརྙན་ལ་འཁྱུད་པའི།།
བ་གླང་སྤྱོད་པའི་ངང་ཚུལ་ཟ་ཉལ་གྱིས་འཚོ་བ།།
མ་གཅིག་རྗེ་བཙུན་སྒྲོལ་མའི་བརྩེ་བ་ཡིས་སྒྲོལ་མཛོད།།

ཙ་རེ་བ་ཡི་རྣམ་གཡེང་ཆུ་བོ་བཞིན་རྒྱས་ནས།།
ཚ་གྲང་གང་གིས་མི་ཐུལ་བདག་སེམས་ཀྱི་སྤྱོད་པ།།
ཛ་ཡའི་བསྟན་ལ་བརྩོན་པའི་སློབ་གླིང་གི་ནགས་སུ།།
ཝ་སྐྱེས་སྡར་མའི་ཕྱི་བཤོལ་རྗེ་བཙུན་མས་སྐྱོབས་མཛོད།།

ཞྭ་གོས་ཁ་མདོག་སྒྱུར་ཙམ་དལ་འབྱོར་གྱི་མི་ཚེ།།
ཟ་རྒྱག་སྤྱོད་པས་འཛད་པའི་ངང་ཚུལ་ལ་བསམ་ནས།།
འ་འུར་སྐད་ཀྱིས་མ་གཅིག་རྗེ་བཙུན་ཁྱེད་འབོད་ན།།
ཡ་མེད་སྤྱན་གྱིས་མ་གཏོང་ད་ལྟ་རང་གཟིགས་དང་།།

ར་བ་གངས་རིས་སྐོར་བའི་རང་ཡུལ་དེ་སྐྱུར་ནས།།
ལ་ལུང་བརྒྱ་ཕྲག་བརྒལ་བའི་གཞན་ཡུལ་གྱི་གྲོང་ན།།
ཤ་རྒྱས་གཉིད་ལ་རོལ་བའི་མདོ་མེད་ཀྱི་བྱིས་པ།།
ས་མཐའི་འཁྱམ་པོ་བདག་ལ་རྗེ་བཙུན་མས་ཨེ་གཟིགས།།

ཧ་ཧ་རང་གི་མཛུག་གུ་རང་ངོ་ལ་ཀེར་དུས།།
ཨ་མས་སྐྱེས་པའི་བུ་ཞིག་ཨེ་ཡིན་གྱི་འཕྱང་མོ།།
ཧ་ལམ་སྙན་པའི་ཚིག་སྦྱོར་དོད་པོ་ཞིག་མེད་ཀྱང་།།
ཨ་མཚར་མ་ཡིན་མྱོང་བ་ལྷད་མེད་ཀྱི་གནས་ལུགས།།
༢༠༡༦—༡༢—༧

Related Articles