ཆར་ཆུ་ཤག་ཤག

ལམ་བཟང་པོས།

གནམ་གྱི་ཆུ་མཛོད་དེང་སང་ཨེ་ཁུང་བུག་བཞག།
ཉིན་དང་མཚན་མེད་ཆར་ཆུ་ཤག་ཤག་འབབ་ཀྱིས།།
འབྲུག་སྒྲ་ཆ་མེད་ཡ་མེད་རྫ་རྡོ་ཉིལ་ཉིལ།།
གློག་འོད་ཞེད་སྣང་ཚ་བོ་སྐར་མདའ་འཕེན་འཕེན།།

ས་ཡི་གདོང་པ་བཀྲུས་བཀྲུས་རྨ་ཤུལ་དོད་འདུག།
ཀ་ཆུ་ལུང་ཆུ་དེ་ཚོའང་འུར་གྱིས་གཤར་དུས།།
སྲང་ལམ་གཞུང་ལམ་འགའ་ཡི་ཁ་ཤ་དབྲལ་གདའ།།
ས་འབུ་གྲོག་སྦུར་རྐང་ལག་ནར་ནར་ཁུར་སོང་།།

སྦལ་པ་འགའ་ནི་ཐང་ལ་པོ་ལོ་འཕར་འཕར།།
བྱིའུ་ཆུང་སྙིང་རྗེ་འཁྱག་འདར་གཤོག་སྒྲོ་སིག་སིག།
ཆར་རླུང་ཁ་བསྡེབས་ཇག་གི་རྒོལ་བ་བཙན་པས།།
ཐང་ཤིང་སྡོང་རྒན་རྩ་བ་ཟིང་ཟིང་བསྒྱེལ་འདུག།

ཚོན་མདོག་འདྲ་མིན་ཆར་གདུགས་འཚང་ཁ་ཆེ་ཞིང་།།
ཇ་ཁང་ཟ་ཁང་སྒོར་མོ་ཐལ་ལ་འབབ་འབབ།།
སྦྱིན་བདག་དགའ་ནས་གད་མོ་སོ་ཡིས་མི་ཁོག།
ཁ་སང་བརླན་པའི་གྱོན་གོས་དེ་རིང་མ་བསྐམས།།

སྐྲ་སེར་ཡུལ་སྐོར་འགའ་ཤས་ངུ་ལ་ཁད་རེད།།
ཤེ་ཋི་སྦེའེ་ཌི་ཟེར་ནས་མ་ཎི་འདོན་འདོན།།
ཁྱིམ་དང་ལས་ཁུངས་གཉིས་ལས་འགྲོ་འདུག་ཉུང་བས།།
ངས་ནི་ཆར་པའི་ཤག་སྒྲ་རྣ་བར་ཉན་བཞིན།།

མར་ཇ་ཚ་བོའི་ཁ་རླངས་གདོང་པ་སྲོ་བཞིན།།
གནའ་དེང་རོལ་དབྱངས་སྙན་པོའི་བྲག་ཆ་འཁོར་སར།།
ཕྱི་གོས་ནང་འཇམ་སྐམ་པོ་སངས་སངས་བྱས་ནས།།
སྒེའི་ཁུང་གསེང་ནས་ཕྱི་རོལ་གློག་བརྙན་ལྟ་གིན།།

བཅུད་ལྡན་ཟས་ཀྱིས་གྲོད་པ་འབུར་འབུར་བཟོས་ཏེ།།
ཡིད་ལ་འཆར་བའི་ཡི་གེ་ཕྲེང་བར་བརྒྱུས་ཡོད།།

Related Articles