ཡིན་ན་ཡང་།

ནགས་ཀྱི་ཤིང་ལོ་ནས།

གལ་སྲིད་ལྡུམ་ར་འདིར་རེ་དོགས་ཀྱི་རླུང་བུ་འཚུབ་མེད་ན་་་་
ཐོབ་ཤོར་གྱིས་དབེན་པའི་མེ་ཏོག་དག་ནི་ཅི་འདྲའི་ཡིད་དུ་འོང་བ་ཞིག
དེ་བཞིན་དུ་ས་གཞི་འདིར་ཧམ་སེམས་ཀྱི་དུག་ཆུས་སྦགས་མེད་ན་་་་
ཁ་བ་ལས་གྱུར་པའི་གཙང་པོ་དག་ནི་ཅི་འདྲའི་དྭངས་ཤིང་གཙང་བ་ཞིག
ད་རུང་མཚན་མོ་འདིར་ཕྲག་དོག་ཀྱི་སྤྲིན་ནག་འཁྲིགས་མེད་ན་་་་
འོད་ཀྱིས་འཁྱུད་པའི་སྐར་ཚོགས་དག་ནི་ཅི་འདྲའི་མཛེས་ཤིང་སྡུག་པ་ཞིག
དོན་ངོ་མ་གོ་ལ་འདིར་རང་རྒྱལ་གཞན་ཕམ་གྱི་འཐབ་རྩོད་མེད་ན་་་
གཅིག་ལ་གཅིག་རྟེན་གྱི་ཚེ་སྲོག་དག་ནི་ཅི་འདྲའི་རིན་ཐང་དང་ལྡན་པ་ཞིག

ཡིན་ན་ཡང་་་་་
མཛེས་སྡུག་གི་ལྡུམ་ར་འདི་རེ་དོགས་ཀྱི་རླུང་བུས་སྤུར་ཚར་དུས་་་་
ཉམ་ཆུང་གི་རྐང་འཐུང་དག་ནི་ཁ་དོག་གིས་དབེན་པའི་འདབ་ལོ་རྙིང་ཧྲུལ་རེ་རེ།
ས་སྒང་རིལ་བོ་འདི་ཧམ་སེམས་ཀྱི་དུག་ཆུས་སྦགས་ཚར་དུས་་་་
ལྷུང་ལྷུང་དུ་བཞུར་བའི་གཙང་པོ་དག་ནི་རོ་བཅུད་དང་བྲལ་བའི་འདམ་ཁུ་ཞིག
ད་རུང་མཚན་མོ་འདིར་ཕྲག་དོག་གི་སྤྲིན་ནག་འཁྲིགས་ཚར་དུས་་་་
མཁའ་དབྱིངས་སུ་བཀྲ་བའི་སྐར་མ་དག་ནི་གཟི་འོད་དང་བྲལ་བའི་གྲིབ་གཟུགས་རེ།
གནས་སྟངས་ངོ་མ་གོ་ལ་འདི་ཁྱོད་ཤི་ང་གསོན་གྱི་གཡུལ་ས་གྱུར་ཚར་དུས།
ཚེ་སྲོག་ནི་ང་དང་ཁྱོད་ཀྱི་རྐང་འོག་གི་ཐལ་བ་ཉམ་ཆུང་ཞིག


༢༠༡༧—༥—༢༩

Related Articles