མྱ་ངན་ཞུ་ཚིག

ཆེས་མཆོག་ཏུ་བཀུར་བ་འོས་པའི་སྐུ་གཤེགས་དམ་པ་དགེ་བཤེས་སྐལ་བཟང་རྒྱལ་མཚན་ནམ་འབྲི་སྐལ་བཟང་མཆོག་ལ་མྱ་ངན་གུས་འདུད་ཞུ།
ཁོང་ནི་གནའ་དེང་རིག་པའི་གནས་ལ་མཁྱེན་རྒྱ་ཡངས་པ་མ་ཟད་ཁ་བ་གངས་རིའི་བླ་སྲོག་ཏུ་གྱུར་པའི་བོད་ཀྱི་ཆོས་རིག་ལ་དུང་བ་ཤིན་ཏུ་ཟབ་པའི་མཁྱེན་དཔྱོད་དང་།
མེས་པོ་གོང་མ་ལྟ་བུའི་མི་གཞི་དྲང་ཚུགས་བརྟན་པའི་སྒོ་ནས་ནམ་ཡང་ལྷག་བསམ་ལྷད་མེད་ཅན་ཞིག་ཡིན་པ་ཀུན་ཤེས་ལྟར་རེད།
ཁོང་སྐུ་འཚོ་བཞུགས་སྐབས་ཚོགས་སྡེ་སྣ་མང་ལ་བོད་ཀྱི་ཆོས་རིག་ལ་ཕན་པའི་བྱ་གཞག་རླབས་ཆེན་བསྒྲུབས་ཡོད་ལ།
ཁོང་གི་ཕུགས་བསམ་ནི་མི་རིགས་ཤིག་འཚོ་གནས་ཀྱི་སྲོག་རྩ་ནི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་གཞུང་འཛིན་སྐྱོང་གནང་རྒྱུ་འདི་ཁོ་ན་ཡིན།
དེ་ཡང་མཐར་གཏུགས་ན་སྐད་ཡིག་ལ་ཐུག་ཡོད་པའི་དོན་ཀྱི་གནད་འདི་ལྟ་བུ་ལ་དགོངས་ནས་ཕྱི་ལོ་༢༠༠༩
ལོར་བོད་ཀྱི་རིག་གཞུང་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ལ་སྨན་པའི་ལས་གཞི་སྣ་མང་ལས་གྲུབ་པའི་ནགས་ལྷ་རྩོམ་སྒྲིག་ཁང་འདི་གསར་འཛུགས་གནང་ནས་ད་བར་མི་ལོ་ཧྲིལ་པོ་བཅུ་ཡི་རིང་ལ་འགན་འཛིན་རྐང་བཞེས་གནང་ཏེ།
དུས་རབས་ཀྱི་འགྱུར་འགྲོས་དང་འཚམས་པའི་བརྡ་འཕྲིན་གྱི་དྲ་བ་དང་།
དུས་དེབ་རིམ་པས་འདོན་སྤེལ།
བརྡ་སྤྲོད་རིག་པའི་བགྲོ་གླེང་གིས་མཚོན་པའི་བགྲོ་གླེང་དང་ཟབ་སྦྱོང་སོགས་ཀྱི་ལམ་ནས་ན་གཞོན་རྣམས་རྩོམ་རིག་ལ་བསྐུལ་འདེད་དང་།
གནའ་དེང་གི་བློ་གྲོས་གོང་དུ་སྤེལ་བ་སོགས་ཀུན་གྱི་མིག་དཔེར་འོས་པའི་བྱ་གཞག་སྣ་མང་གི་ལམ་ཁ་བཟང་པོ་ཞིག་བསྐྲུན་གནང་མཛད་ཡོད་པ་ནི་ཡི་རང་དང་དགའ་སྤོབས་གྱི་གནས་ཁོ་ན་གྱུར་ཡོད།
འོན་ཀྱང་ད་རེས་ཤིན་ཏུ་ཡིད་ཕམ་པ་ཞིག་ལ་ཁོང་སྐུ་ཚེ་མ་ཟིན་པ་ནི་ཁ་བ་གངས་ཅན་པ་སྤྱི་ལ་ཕོག་པའི་གོད་ཆག་ཆེན་པོ་ཞིག་དང་།
ལྷག་པར་དུ་ཡུལ་ནགས་ཤོད་ལུང་པ་སྤྱི་ལ་མཚོན་ན་བསབ་ཐབས་མེད་པའི་གྱོང་གུད་གནམ་གྱིས་ས་བརྡུངས་པ་ལྟ་བུ་ཞིག་ཕོག་ཡོད།
ཟབ་བརླིང་རྒྱ་མཚོ་ལྟར་མཚུངས་པའི་ཁོང་གི་དགོངས་གཞི་འདི་དག་ཡུན་གནས་ཡོང་ཐབས་སུ་རིག་གཞུང་ལ་ཞེན་པ་དཀར་བའི་སྐྱེ་བོ་སྤྱི་དང་ལྷག་པར་དུ་ནགས་ཤོད་པ་ཡོངས་ཀྱི་ཕྲག་ཐོག་ཏུ་བབ་པའི་འགན་འཁྲི་ལྕི་མོ་ཞིག་ཏུ་གྱུར་ཡོད་པས་སྔར་ལྷག་གིས་འགན་ཁུར་དང་ནུས་པ་གཅིག་ཏུ་སྤུང་རྒྱུ་ནི་ཁོང་གི་ཐུགས་འདུན་ཉག་གཅིག་ཡིན་པ་ཞེ་བློར་བཅངས་པའི་ཐོག་དོན་གྱི་མྱ་ངན་གུས་འདུད་ཞུ་གནང་ཡོང་བའི་ཞེན་བསྐུལ་ཞུ་རྒྱུ་དང་།
མཐའ་དོན་གདུང་ཤུགས་དྲག་པོས་མཆོག་གསུམ་གསོལ་འདེབས་ཀྱིས་དམ་པ་ཁོང་གི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་ནས་སླར་ཡང་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རྟེན་བཟང་རིམ་བརྒྱུད་ཀྱིས་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་ཆེད་མཆོད་འབུལ་གང་གཟབ་དང་སྨོན་འདུན་བཅས།
ནགས་ལྷ་རྩོམ་སྒྲིག་ཁང་ནས། ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་༡ཉིན།