ནགས་ཤོད་འབྲི་རུའི་གཏམ་དཔེ།

སྡུད་སྒྲིག་པ། ནགས་རྒྱང་འབྲུག

[1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེད་ཀྱང་མི་དུས། ། ༈ ཕྱི་དགྲ་ལྕགས་ནག་མཛེར་པ་ལས། །ནང་དགྲ་ཁང་རྒན་ཐིགས་པ་སྡུག ། ༈ རྟ་ཕོ་ཁྲོམ་ལ་བཏོན་ན། །རིན་ཐང་མི་ཡིས་རྒྱག་ཡོང་། །རྒོད་པོ་གནམ་ལ་འཕུར་ན། །བྱ་ལམ་རིམ་བཞིན་ཆོད་ཡོང་། ། ༈ རྒྱལ་པོ་རང་ཡུལ་གྲགས་ཆེ་ཡང་། །མཁས་པ་ཡུལ་ཁམས་གཞན་དུ་གྲགས་ཆེ། ། ༈ ཁལ་ཆད་ལ་ཁར་སླེབ་དུས་རྫིང་གི་གཡུང་དྲུང་འབྲི། །རྐུ་མ་ཁྲིམས་ཁུག་སླེབས་ན་རྫུན་གྱི་འཁོར་ལོ་སྐོར། ། ༈ བུ་ཤོར་མ་མོས་འབའ་སྒྲ་མེད་པར། །ཤ་བཟས་སྤྱང་ཀིས་ཕོ་ཙག་(ངུ་སྐད་)དགོས་དོན་མེད། ། ༈ ཤ་ཟ་མཁན་རི་སྤྱང་སྔོ་མོ་བྱེད། །ཁག་ངན་པ་འཕར་བ་དམར་མོར་གཡོགས། ། ༈ རག་དཀར་རྫ་ལ་རྫ་ལམ་མེད་པར། །བྲེ་མོ་འབྲོང་ལ་ངན་ཁག་གཡོགས་དོན་མེད། ། ༈ སྐྱེས་ཕོ་རབ་མི་བཟའ་མནའ། །ཁྱི་སྡར་ལུས་མི་བཟའ་ལྕགས། ། ༈ ཆེ་ནས་རྒས་གོག་སྐྱོས་གསུམ་མིན། །ཆུང་ནས་བསམ་བློ་མ་ཟིན་མིན། ། ༈ ཀི་བྲག་ལ་བརྒྱབས་པའི་ལན་མེད་ན། །ཉ་ཆུ་ལ་འཁྱུགས་པའི་རྗེས་ཤིག་གང་དུ་ཡོད། །

༈ རི་ཕར་ཁ་ཡོད་ན་ཚུར་ཁ་ཡོད། །སྟག་ཡ་ཁ་ཡོད་ན་མ་ཁ་ཡོད། ། ༈ ལུས་གར་ན་ས་ལ་ཐུག་གྲངས་མང་། །སེམས་གར་ན་ས་ལ་ལབ་གྲངས་མང་། ། ༈ ཚིག་ཁ་ཤོར་གཏམ་ལ་ཡང་ལོག་མེད། །གཞུ་ལག་ཤོར་མདའ་ལ་བསྐྱར་ལོག་མེད། ། ༈ འགྲོ་བསམ་ཡང་ལ་མོ་གངས་ཀྱིས་འགགས། །བསྡད་ཟེར་ཡང་རྟ་ལ་རྟོད་རྩྭ་མེད། ། ༈ ཁ་མཆུ་འགྲིག་ཁར་ཚིག་མ་ཆེ། །རྩིག་ཁ་ལེན་ཁར་རྡོ་མ་ཆེ། ། ༈ ཚིག་ལ་མཚོན་ཆ་མེད་ཀྱང་མི་སེམས་ཧར་གྱིས་གཅོད། །རླུང་ལ་སྦར་མོ་མེད་ཀྱང་ས་ཆུ་འོབས་ཀྱིས་འདྲེན། ། ༈ ཁ་མཆུ་ཁ་ལས་ལབ་པ་ལས། །དོམ་བུ་ལོན་ལག་པས་སྤྲད་ན་དགའ། ། ༈ གངས་སྟོད་སེང་གེ་འགྱིང་ལོང་ཡོད་ཀྱང་། །རྡོ་ཐོག་ཨབ་ར་ལྟོགས་པ་སྒུག་ལོང་མེད། ། ༈ ཁ་གསལ་ན་གོ་བདེ། །ལམ་ངེས་ན་འགྲོ་བདེ། ། ༈ བདེ་སྐྱིད་ལྷ་ཡིས་མི་གནང་། །སྡུག་བསྔལ་འདྲེ་ཡིས་མི་སྤྲོད། །མི་ལ་བདེ་སྐྱིད་དགོས་ན་རང་གི་སྤྱོད་ལམ་དང་ཡ་རབ་ཚུལ་མཐུན་གཡོ་ཁྲམ་སོགས་མེད་པར་ངག་འཇམ་པོ་དོན་མ་ནོར་བར་ཚིག་འབྲུ་བཟང་པོའི་སྒོ་ནས་འགྲོ་འདུག་སྤྱོད་གསུམ་ལ་འབད་ན། དེ་ལས་ལྷག་པའི་བདེ་སྐྱིད་ཅིག་ལྷ་ཡིས་གནང་སྦྱིན་མི་ཡོང་ཟེར་བའི་དཔེ་དང་། དེ་ལས་ལྡོག་པའི་ལས་ངན་དག་བྱས་ན་སྡུག་བསྔལ་ངང་གིས་འབྱུང་བ་ལས་དེ་ལས་གཞན་པའི་སྡུག་བསྔལ་ཞིག་འདྲེ་ཡིས་སྤྲད་ཀྱི་མ་རེད་ཟེར་བ་རེད། ༈ རང་དོན་འགྲུབ་ན་ཆ་ལུགས་ངན་ནའང་ངན། །འགྲོས་རྒྱུགས་ཡོད་ན་རྐང་ཆུང་འཁྱོག་ན་འཁྱོག ། ༈ རྫ་ཕོར་ཆག་དུས་ཟངས་ལ་འགྱུར། །རང་འཐག་ཆག་དུས་ལྟེ་ནད་སངས། ། ༈ མི་ཕོའི་ན་ཐོག་གི་འཇོན་ཐང་དང་། །རྟ་ཕོའི་རྒྱུགས་ཐོག་གི་མགྱོགས་དར། ། ༈ རྫ་ཁྲ་ཡག་འབྲོང་མོ་ཁོ་ནའི་འགྲོ་ལམ་མིན། །ན་དམར་ཡག་རྐྱང་ཆུང་ཁོ་ནའི་ཁ་ཟས་མིན། ། ༈ རྟ་ཕོ་རྒྱུགས་ཤེད་ཅི་ཡོད་བྱང་ཐང་འགྲིམ་དུས་ཤེས། །མི་ཕོ་འཇོན་ཐང་ཅི་ཡོད་ཁྲིམས་རར་ལྷུང་དུས་ཤེས། ། ༈ རྟ་ནད་ཐམས་ཅད་རྒྱུག་ནད་ཡིན། །མི་ནད་ཐམས་ཅད་བཟོས་ནད་ཡིན། ། ༈ རི་སྤྱང་སྔོ་མོ་ལ་དགུ་འགྲིམས། །དཀའ་ལེ་ཤེས་ཏེ་བསྐོས་ཐང་རེད། །ཐང་དཀར་རྒོད་པོས་མི་ཤ་བཟོས། །བཙོག་ལེ་རེད་དེ་བསྐོས་ཐང་རེད། ། ༈ བྱང་རླུང་བསིལ་བུས་ལུས་ལ་སྡང་། །གངས་བཞུར་ཉི་མས་མིག་ལ་སྡང་། ། ༈ ལམ་ནོར་ལ་ལྡོག་ཤེས་ཡོད། །ཁ་ནོར་ལ་ལྡོག་ཐབས་མེད། ། ༈ མགོ་ཀླད་པའི་དཀྱིལ་ལ་འཁྱག་གཅིག་བརྒྱབས། །འཁྱག་གཏིང་ཉི་མས་མ་དྲོས་པ། །སྙིང་དྲན་པའི་སྟེང་ལ་མཛེར་ཞིག་བརྒྱབས། །མཛེར་གཏིང་སྐམ་པས་མ་ཁོག་པ། ། ༈ ཕྱི་ཆར་པའི་ཆར་ཐག་ཆོད་ནའང་། །ནང་ཐིགས་པའི་ཐིགས་ཐག་མི་ཆོད། ། ༈ ཟངས་དཀར་གང་ལ་ཁོལ་ལོང་ཡོད་དུས། །རྫ་ཕོར་གང་ལ་གྲང་ལོང་མེད་པ་གང་རེད། ། ༈ མི་མགོ་མ་རིག་གོང་ནས་དགྲ་ཀི་ཚག་ཚག །རྟ་མགོ་མ་རིག་གོང་ནས་འཚེར་སྒྲ་ལྷང་ལྷང་། ། ༈ དཔའ་ཁས་ལེན། །མདུང་ཕྲག་ལ་གཟར། ། ༈ རྒྱལ་པོའི་བཀའ་དེ་སྙན་པོ་མེད་ཀྱང་ཉན་དགོས་བྱུང་། །བཟང་འགྲུབ་སྨན་དེ་ཞིམ་པོ་མེད་རུང་བཟའ་དགོས་བྱུང་། ། ༈ ཁ་དཔའ་སྔོན་ལ་བཤད། །སྔོ་ལོ་རྗེས་སུ་གསོག ། ༈ བསམ་པའི་ཟས་ལ་ཆེ་ཆུང་མེད། །མི་དགའི་ཚིག་ལ་མང་ཉུང་མེད། ། ༈ གཞན་དབང་ཅན་གྱི་སྒོ་ཁྱི་བྱེད་པ་ལས། །རྩྭ་ཁ་གང་བཟང་འགྲིམ་པའི་གཡག་གུ་སྐྱིད། ། ༈ ཁ་བཤད་དར་དཀར་གཙང་མ་བྱེད། །ཁོག་བསམ་སོལ་བ་ནག་པོ་བྱེད། ། ༈ ངོ་དམར་རྔུལ་ཚན་འཕྱུར་ན་བཙོག །སུག་ཐུང་སྐྲ་ལོ་རིང་ན་བཙོག །མི་ངོ་མདོག་དམར་པོ་ཅན་དེ་རིགས་ལུས་ལ་ཚ་བ་བྱུང་དུས་གདོང་ལ་རྔུལ་ཆུ་མང་པོ་བྱུང་བ་ན། དེ་ལས་སྡུག་པའམ་དེ་ལས་མདོག་ངན་པ་མེད་པའི་དོན་དང་། རྐང་པའམ་སུག་གེ་ཐུང་ཐུང་ཡིན་པའི་མི་རྣམས་མགོ་ཡི་སྐྲ་རིང་པོ་ཡོད་ན་མདོག་དེ་ལས་ངན་པ་མཐོང་མི་བདེ་བའི་དོན་ཡིན། ༈ཆུ་ཆུང་ཆུང་འབབ་སྒྲ་ཆེན་པོ་དེའི། །ཕུག་དེ་ན་གངས་གཅིག་ཡོད་རྟགས་རེད། །རི་ཆུང་ཆུང་འགྲིག་ཁ་བཙན་པོ་མ། །ནང་དེ་ན་ཀླུ་བདུད་ཡོད་རྟགས་རེད། ། ༈ གངས་དཀར་སེམས་ཀྱི་རྨ་ཁ། །རིན་ཆེན་གསེར་གྱིས་མི་སོས། ། ༈ རྟ་ཁ་སྲབ་ཀྱིས་བསྒྱུར་ན། །མི་འགྲོ་རང་དབང་མི་ཡོང་། ། ༈ ཁ་ཐབས་མེད་པའི་ཁ་རྩ་ལ། གཡག་རྔ་མ་ཆེ་བ་དགྲ། ། ༈ ལས་རླུང་རྟ་དར་དུས་གུད་དུས་ཡོད། །ཆུ་གས་པ་མཐོ་དུས་དམའ་དུས་ཡོད། ། ༈ སྐྱེ་འཆི་དབུ་ནག་མི་ལ་ཡོད། །འདས་གྲོངས་ཉི་ཟླ་གཉིས་ལ་ཡོད། ། ༈ ཆུ་མགོ་ནས་བརྙོགས་ན་མཇུག་ལ་མི་དྭངས། །དགྲ་མགོ་ནས་ཤོར་ན་གཉའ་མི་ནོན། ། ༈ ཤི་མ་མྱངས་དམྱལ་བའི་ལོ་རྒྱུས་དང་། །རྒས་མ་མྱངས་ཕ་ཚེ་བུ་རབས་མ་བཤད། ། ༈ རྒས་པོས་དཔའ་གཏམ་དང་རྒས་མོས་མཛངས་གཏམ། ། ༈ ཆུ་མགོ་ནས་རྙོག་མཁན་ཀླུ་བདུད་བྱས་ན། །མཇུག་ནས་མི་དྭངས་ཤེས་ཤེས་རེད། །སྡེ་མི་སེར་དཀྲུག་མཁན་དཔོན་པོ་བྱས་ན། །འབངས་བདེ་སྐྱིད་མེད་པ་ཤེས་ཤེས་རེད། ། ༈ ཇ་ཞིམ་པོ་དཔོན་གྱིས་སྤྲད་ལེ་རེད། །ཁ་ཕོར་པ་མེད་ན་རང་སྡུག་རེད། །གཏམ་སྙན་མོ་སྒྲུང་པས་བཤད་ལེ་རེད། །དེ་མི་སྙན་ཟེར་ན་རང་སྐྱོན་རེད། ། ༈ ཐུད་ཚོ་ལེ་མར་གྱི་སྐུ་དྲིན་རེད། །མར་མེད་ན་ཕྱུར་བའི་འབོབ་རྡག་ཡིན། ། ༈ ཁྱོད་ཁ་དཀར་རྐྱང་ལ་རྒྱུགས་ཤེད་ཡོད་ན། །ང་བོང་བུ་ནག་པོས་སྒུར་རྒྱུག་བྱེད་ཆོག །ཁྱོད་བྲེ་སེར་འབྲོང་གི་རྭ་ཁ་ཡོད་ན། །ང་རྭ་མེད་ཨ་ཡུས་ཡུ་རྡུང་བྱེད་ཆོག ། ༈ ཕྱི་ལ་མི་གནད་ནང་ལ་གནད་ཆོག་རེད་གདའ།  ། ༈ ལུས་ལ་ན་ཚ་མེད་ན། །གདོང་ལ་དྲི་ནག་ཕོག་དགོས་མེད། ། ༈ སེམས་ལ་ཕོག་ཐུག་མེད་ན། །ཁ་ནས་ཚིག་རྫོབ་བཤད་དོན་མེད། ། ༈ གསོན་ཚེ་ལ་དགེ་སྒྲུབ་མེད་པར་ཤི་ཁར་མ་ཎི། ། ༈ ཉིན་འགྲོས་དཀར་རིལ་མེད་པར། །མཚན་འགྲོས་ནག་རིལ། ། ༈ མི་རྒན་ཤི་ཁ་འདར་སིག་སིག །པུ་གུ་ངུ་ཁ་རྒད་རིལ་རིལ། ། ༈ མ་ཐོབ་ཤན་པ་ལག་དམར་དགྲ་མིན། །མི་ཆོག་གསེར་གྱི་ཕ་བོང་རྒྱུ་མིན། ། ༈ རྐུ་མ་ནང་ལ་འཛུལ། །སྒོ་ལྕགས་ཕྱི་ནས་བརྒྱབས། ། ༈ ལི་ལི་ཤོར་དུས་དཀར་ཁུང་བཀག ། ༈ བོང་བུ་སྔོན་དུ་བཏང་། །ས་ཐལ་རྗེས་ནས་རྒྱག ། ༈ མི་གྱེ་རེས་(གཟུགས་ཐུང་)ས་མཐའ་མི་འཁོར། །རྟ་གྱེ་རེས་བང་རྩལ་མི་ལོང་། ། ༈ ཕོ་ཁ་ལས་མོ་མཆུ་རྣོ། །རལ་གྲི་ལས་ལྟག་སོ་རྣོ། ། ༈ མེ་ལས་ཐལ་བ་ཚ། །མུན་པ་ལས་དུ་བ་ནག ། ༈ གྱོད་ཁ་མཆུ་ནག་པོའི་རྒྱ་ལམ་འཐེན། །རྒྱབ་དཔུང་པ་གཉིས་ཀྱི་རི་བོ་བརྩེགས། །གྱོད་ཁ་མཆུ་བརྒྱབ་ནས་བདེན་དོན་ཡོད་མེད་ལ་མི་ལྟ་བར་མི་ཤེད་རྒྱུ་ཤེད་རྒྱབ་ལང་རོགས་རམ་ཡོད་པའི་སྤྱོད་ངན་གྱི་དོན་ནོ། ། ༈ ཁྱོད་ལ་ལྷ་སྲུང་མ་འདྲ་ལས། །དམར་ཆེན་གཏོར་མ་རྡོ་རྩིག་རྩིག །གསང་དང་གསེར་སྐྱེམས་ཆུ་རྒྱུག་རྒྱུག་བྱེད་དགོས་ཡ་མེད། ། ༈ བུ་ཕས་བསྟོད་མི་དགོས་དགྲ་ཡིས་བསྟོད། །བུ་མོ་མས་བསྟོད་མི་དགོས་སྡེ་བས་བསྟོད། ། ༈ གྲོ་རིལ་མ་ལ་རྒྱུགས་ཡོད་ན། །ཨ་ཆེན་ཐང་ལ་ཐང་རྒྱ་ཡོད། ། ༈ བུ་ལ་བཟི་བ་མེད་ན། །ཆང་ལ་རྫོགས་པ་མི་འདུག ། ༈ རྒྱུ་མེད་ཁྲམ་པ་མི་རྒྱུས་གསོ། །གྲོ་རིལ་ཤ་མེད་རུས་པས་འགྲོ། ། ༈ རྫ་རི་ཁམ་པ་དངུལ་མདོག་སྟོན། །སྦལ་པའི་ཁོག་པ་སྦྲུལ་གྱིས་བརྒྱངས། ། ༈ འབྲོང་བྲེ་མོ་འདྲ་བའི་རྭ་ཤེད་དང་། །རྐྱང་ཁ་དཀར་འདྲ་བའི་བང་ཤེད། ། ༈ རྒྱུ་མ་སྒོར་མོ་ཚིལ་ལུས་བསྐོར། །སྡེ་ཁྲ་ལུ་སྐོར་སྐོར་ཁྲམ་པས་བསྐོར། །དུས་བདེ་མེད་པ་ཤེས་ཤེས་རེད། ། ༈ ཁ་བཤད་ཆུ་ཡི་ལྦུ་བ། །ལག་ལེན་གསེར་གྱི་ཐིགས་པ། ། ༈ ཡུལ་སྟོང་ཕུག་གི་གཏམ་སྟོང་། །ཆུ་ནག་གྲང་མོ་སྒོར་དཀྲུགས། ། ༈ སྦལ་པ་འཁོས་ངན་ནའང་ཀླུ་ཡི་བང་མཛོད། །རྒྱུ་མ་བཙོས་བརྒྱངས་ནའང་མིའི་ཁ་ཟས། ། ༈ ཨ་འགེ་ཟོག་ཡིན་བསམ་པ་དང་། །ནག་དགུ་སྦྲ་ཡིན་བསམ་པ་མེད། ། ༈ གཏམ་ཁ་ལྕེ་བདེ་ན་མིའི་རྒྱན་ཆ། །རྩི་མེ་ཏོག་མང་ན་སའི་རྒྱན་ཆ། ། ༈ མཛོ་ཁྱུང་དཀར་འདྲ་བའི་ཁུར་ཤུགས་མེད་ན་ཡང་། །རྒྱབ་ཁྲ་རིང་ཁུར་བའི་ཁུར་ཤུགས་ཡོད། ། ༈ ཁ་དཔའ་སྔོན་ནས་བཤད། །སྔོ་ལོ་རྗེས་ནས་གསོག ། ༈ ལྐུགས་པ་ངོ་ཤ་མཐུག་ནའང་། །ལྷགས་ཁ་གར་བརྒྱབ་ཚོར། །བྲེ་སེར་སྐེ་ཀོ་མཐུག་ནའང་། །མདའ་མོ་གར་བརྒྱབས་ཚོར་ལེ་རེད། ། ༈ རྫ་རི་མཐོ་ནའང་རྡོག་པའི་འོག །ཆུ་མོ་རིང་ནའང་ཟམ་པའི་འོག ། ༈ ལ་བསོ་འདོད་ལ་རྫས་དར་གྱིས་གཡོགས། །ཆུ་རྒྱག་འདོད་ལྷམ་ཆུང་སྐེད་པ་འཛེར་གྱི་ཡོད་ན། །དགྲ་ཇག་པས་སྒོ་སྐོར་དང་སྒིས་དགོ་པོས་དྭངས་ངོམ་ཞིག་རེད།  །ཚྭ་ཡ་བལ་གྱིས་མ་དོ་ན། །བལ་སྣེ་ཆུར་སྦང་བརྒྱབ་ནས་འགྲོ། །དགྲ་ཡ་དཔུང་གིས་མ་དོ་ན། །དཔུང་གཉེན་རྒྱབ་སྐྱོར་རེ་ནས་འགྲོ། །རྒྱུ་དངོས་པོ་སྟོབས་འབྱོར་གང་གི་ཐད་འདྲ་མཉམ་མམ་མཐོ་བ་ཡོང་བའི་ཐབས་ཤེས་ཞིག་གོ ། ༈ ཝ་མི་བརྒྱལ་ཀ་མེད་ལྷ་འདྲེེའི་འགྲམ་ལྕག་དང་། །ཁྱི་མི་ཟུག་ཀ་མེད་ཇག་པའི་འཇམ་རྒྱུག་རེད། ། ༈ ནམ་ཚོད་ཐིག་ལེ་ཡོད་བསམ་བྱ་ཕོའི་ལུས། །རྒྱུགས་པ་ཆོད་ལེ་ཡོད་བསམ་ཀུ་རུའི་ལུས། ། ༈ བྲག་དཀར་བཞིན་དུ་ཆགས་བསྡད་རེད་མ་གཏོགས། །ཡུལ་ཆུ་བཞིན་དུ་འགྲིམ་འགྲོ་ལེ་མ་རེད། ། ༈ ཨ་རོགས་མདའ་འདྲ་བྱས་ན་མདའ་འདྲ། །ཨ་རོགས་གཞུ་འདྲ་བྱས་ན་གཞུ་འདྲ་བྱེད། ། ༈ འགྲོ་རོགས་གཡུ་ལོ་བྱེད་ན་གཡུ་ལོས་གནམ་འཕང་སྐྱོད། །འགྲོ་རོགས་སྤེན་ནེ་བྱས་ན་གོས་འདབས་ཚག་ཙེ་འདོན།  ། ༈ ཕོ་ཁྲམ་པས་དགོད་བཞིན་དགོད་བཞིན་སླུ། །སྨན་ཁྲམ་མས་ངུ་བཞིན་ངུ་བཞིན་སླུ།  ། ༈ མ་འཆང་ཝ་རྔ་སྦོམ་པོ་མ། །འཆངས་ན་ཅི་ཡོད་ཤེས་ཤེས་རེད། །མ་བརྡུངས་རྡ་ལུ་ངར་མ་དེ། །བརྡུངས་ན་ཅི་ཡོད་ཤེས་ཤེས་རེད། ། ༈ ཐན་ལྟས་ངན་མ་གཏོགས་ཆེ་དགོས། །ནད་མུ་གེ་མ་གཏོགས་མང་དགོས། ། ༈ ཁྲུང་ཁྲུང་ལྷོ་ལ་འཕུར་དུས་ཕག་པས་ཇུས་གཏོགས། །ཐང་དཀར་དགུང་ལ་ལྡིང་དུས་ཁ་ཏས་སྐད་ངན། ། ༈ དཔའ་དུས་དཔོན་ལ་ཕ་ཤ་སྤྲད། །སྡར་དུས་གླུད་ལ་ཕྱག་རྒྱ་བཅའ། ། ༈ ཝ་རྔ་མ་ཤར་ལེ་བྲོས་ལེ་ལས། །སྟག་འཛུམ་དྲུག་ཉིལ་ལེ་ཤི་ན་དགའ། ། ༈ སྤྱང་རྡོ་བརྒྱབ་ནད་ཀྱིས་མ་ཤི་ནའང། །ཡི་མུག་ནད་ཀྱིས་ཤི་ལེ་རེད། ། ༈ གཏམ་དྲང་པོ་བཤད་ན་ཀུན་གྱིས་ཉན། །ཆུ་གཞུང་ལ་འགྲིམ་ན་ཀུན་གྱིས་འཐུང་། ། ༈ ཚོད་བཟུང་ན་ཚ་གྲང་མཚམས་ན་ཟུངས། །མལ་གསོས་ན་བདེ་གཟར་མཚམས་ན་གསོ། ། ༈ སྐེད་རག་དམ་ན་ལྟོ་ཡིན། །ལྷམ་སྒྲོག་དམ་ན་རྟ་ཡིན། ། ༈ སྲིད་པ་ཆགས་པའི་གངས་རྒན་ཡིན་མ་གཏོགས། །མདང་སུམ་ཆགས་པའི་བ་མོ་མིན། ། ༈ ཆུ་མོ་གཞུང་རྒྱ་ཆེ་ནའང་ཟམ་པའི་འོག །རྫ་རི་རྩེ་མོ་མཐོ་ནའང་རྐང་པའི་འོག ། ༈ ལ་དགུ་བརྒྱབ་པའི་སྤྱང་རྒན། །ཀི་ཧོ་ཧོ་ཟེར་ལས་མི་སྐྲག །རྒྱ་ཐང་དགུ་བསྐོར་མཛོ་རྒན། །ཚོང་ཁེ་པོ་བྱུང་ན་མི་འགྱོད། ། ༈ ཁྲ་ཆུང་མིག་གིས་རྒྱུ་མཐོང་ན། །གངས་དཀར་སེམས་ལ་འདྲེ་ཞུགས། ། ༈ ལ་ལ་འཛེམས་ན་གཅོད་པ་མིན། །སྡིག་ལ་འཛེམས་ན་ཤན་པ་མིན། ། ༈ ཕ་མ་རྒྱུ་རྒྱ་ཆེ་ཙམ་མིན་ཡང་། །བུ་རྒྱུད་ཁ་སྒོ་གསལ་པོ་ཡིན། ། ༈ རྟ་བདེ་མེད་དུས་འཕོངས་མདོ་ལན། །མདའ་ཁ་མེད་དུས་ཕུ་ཐུང་ལན། །གཞན་གྱི་ལན་པ་མིན་ན་རང་གིས་འཇོན་ཡོད་མདོག་གི་དོན་ནོ། ། ༈ རྒྱུ་མེད་མགྲོན་རྒྱ་ཆེ་བ། །སྤྲང་པོ་ཆགས་ཀྱི་སྔ་ལྟས། །སྤྲིན་མེད་ཆར་པ་བབས་པ་དེ། །དབྱར་ཐན་འབྱུང་བའི་སྔ་ལྟས་རེད། ། ༈ མགོ་སྐྲ་མེད་རལ་པའི་ཁྲལ་རྒྱག །མི་རྒྱུ་མེད་གསེར་དངུལ་ཁྲལ་རྒྱག ། ༈ ཁྱི་ཚྭ་འདོད་ཚྭ་པའི་རྗེས་ལ་རྒྱུག །ཚོང་འདོད་ཚོང་པའི་རྗེས་སུ་རྒྱུག །རྐང་བུག་ལེ་ཚ་ལེ་སྡུག་གྱོང་། ། ༈ རྒྱུ་མེད་ཀྱང་ཕ་མའི་གཅེས་ཕྲུག་ཡིན། །གོས་མེད་ནའང་འབའ་ལྭས་སིག་སིག་ཡིན། ། ༈ མི་ལེ་མེད་ལ་ལེ་དཀྲི། །ཤིང་འཛེར་མེད་ལ་འཛེར་རྒྱག ། ༈ དཀའ་ཁག་མེད་སའི་སྐེ་ཁུར། །སྨུག་གུ་(ཨི་ཁུང་)མེད་སའི་ལྷན་པ། །དོན་མེད་ཇུས་གཏོགས་མ་བྱེད་བཤད་པའི་དོན་ནོ། ། ༈ རྒྱུ་མ་ཕུ་འདེད་མ་བྱེད། །རྒྱུགས་པ་ལེབ་རྡུང་མ་བྱེད། ། ༈ མགོ་ནག་རྒྱུ་ཡོད་སྨྱོ། །ཟོག་ཚོམ་རྩྭ་ཡོད་སྨྱོ། །རྒྱུ་འབྱོར་ཆེན་པོ་ཡོད་དུས་ལྟ་སྤྱོད་མི་གཞན་དང་མཐུན་པ་བྱོས། སྨྱོན་པ་ལྟར་བག་མེད་མ་བྱེད་ཟེར་བའི་དོན་ནོ། ། ༈ མི་དགའ་དགའ་མདོག་བུ་ཆུང་དམག་ལ་འགྲོ་དུས། །མི་སྡུག་སྡུག་མདོག་སྨན་ཆུང་གནས་ལ་འགྲོ་དུས། ། ༈ བུ་རྒྱུད་ཕ་མའི་ལག་ན་ཡོད། །སྒོ་ཁྱི་བདག་པོའི་ལག་ན་ཡོད། །བུ་རྒྱུད་ཡ་རབ་མ་རབ་གང་བྱེད་པ་ཕ་མའི་བསླབ་བྱ་ལ་རག་ལས་པའི་དོན་ནོ། ། ༈ གྲི་ངན་ལག་ལ་རྣོ། །མི་ངན་རོགས་ལ་སྡང་། ། ༈ མཐོན་པོའི་ལ་ཞིག་མ་བརྒྱབས་ན། །བདེ་མོའི་ཐང་ཞིག་གང་ན་ཐུག ། ༈ རྩྭ་འཇམ་ས་དང་ཆུ་བཟང་ས། ། ༈ རྩྭ་ཁ་མཐོ་ལ་ཆུ་ཁ་དམའ། །མཛོ་རྒན་སྡོད་པའི་གནས་མ་ཡིན། ། ༈ ཨ་རོགས་གཡས་ལྟ་གཡོན་ཉུལ་དང་། །ཁ་མིག་ཕར་ལྟ་ཚུར་ལྟ་བྱེད་དགོས། ། ༈ སོ་སུམ་བཅུ་འཚར་ས་རང་ཡུལ་རེད། །ལྕེ་དམར་མོ་ཐལ་ན་མི་ཡུལ་རེད། ། ༈ ཕྲུག་གུ་སྡིགས་ན་སྡིག་རང་རེད། །མཛུབ་མོ་བཅད་ན་ཁྲག་རང་རེད། ། ༈ སོ་སེན་མོ་གཉིས་ཀྱི་དཀར་ས་དང་། །མིག་རྫི་མ་གཉིས་ཀྱི་ནག་ས། ། ༈ དགྲ་ངར་ནས་བུ་ལུས་མ་འཐབ་ས། །རྒྱུད་ངན་ནས་ཕ་མས་མ་གསོས་པ་མེད། ། ༈ ཆུ་མོ་སྐམ་ནུས་ན། །ཉ་མོ་ཤི་མི་ནུས་པ་གང་མེད། ། ༈ རྒས་པོས་བཟོ་གྲི་བདར་གྱིན་འཛད། །ཕྲུག་གུས་ཨམ་སྣོ་ལྡག་གིན་འཛད། ། ༈ བརྒྱ་ལམ་གཞུང་རྒྱ་ཆེ་ཡང་། །ལྟག་སྒོ་འགྲོ་ཁ་བདེ། །ཝ་ཞྭ་རྒྱང་གཡེར་ཆེ་ཡང། །ཚར་ཞྭ་རྣ་རྩ་དྲོ། ། ༈ སྟོན་ལོ་མཛོ་ཕོས་ཁུར་དུས། །རྒྱ་ལམ་སྐེད་པ་ན་དོན་མེད། ། ༈ མེ་སྟག་ཆུང་ཚེ་མ་བསད་ན། །ནགས་རི་མེ་ལ་སྲེག་ཉེན་ཡོད། །སྤྱང་ཕྲུག་ཆུང་ཚེ་མ་བསད་ན། །ལུག་བརྒྱ་ལྷས་ནས་འཕུད་ཉེན་ཡོད། ། ༈ འབྲོང་བུ་ལ་རྡུང་སློབ་མི་དགོས། །རྐྱང་བུ་ལ་རྒྱུག་སློབ་མི་དགོས། ། ༈ འདོད་པ་ཕ་མས་མི་ཁོག །བྱེ་མ་ལག་པས་མི་ཁོག ། ༈ ཚིག་ཁ་ཐུག་བཤད་པ་དོན་ཐོག་ལ་འགྲོ་དགོས། །ཆར་རྡོ་ཐོག་བབས་པ་ས་ཐོག་ལ་འགྲོ་དགོས། ། ༈ སྐྱིད་ཀྱི་ཆུ་མོ་མཉམ་འཐུང་དང་། །སྡུག་གི་ཁུར་པོ་མཉམ་འཁུར། ། ༈ སྐྱིད་ཀྱི་ཉི་མ་མཁའ་ནས་ཤར། །སྡུག་གི་མུན་པ་མཐའ་ནས་རུབ། ། ༈ ཐེལ་དང་ཐམ་ག་ལག་ན་ཡོད་དུས། །ཐོབ་དང་གོ་ས་ཕྲག་ན་ཡོད། ། ༈ ཕོ་གཏམ་གདོང་ལ་བཤད་ན་ངོ་མི་ཚ། །རྟ་ལྕག་འཕོངས་ལ་གཡུགས་ན་ཡི་མི་མུག ། ༈ གསེར་སེར་པོའི་མནྜལ་བརྡུང་ས་ལ། །རག་སེར་ལྷེབ་མེད་ན་ཐབས་ཆག་འགྲོ་མ་རེད། །གཡུ་བྱུ་རུས་མནྜལ་འབུལ་ས་ལ། །ཤེལ་སྔོ་ཉིག་མེད་ན་ཐབས་ཆག་འགྲོ་མ་རེད། ། ༈ ཚིག་བརྒྱད་བཅུའི་མདོ་དོན། །སྒ་ཨ་ཆེན་རུ་བཞིའི་འཛེར་ཐག ། ༈ རྐྱང་རྔོག་འདྲོག་བྱེད་དུས། །བོང་བུ་སྒམ་འདྲོག་མ་བྱེད། །ཆགས་སྡང་བྱས་ནས་གང་བྱུང་མ་རྒྱུག་རྫོ་རེད། ༈ཁུ་ཚུར་འབག་སྒྲ་གྲགས་ལེ་མི་རྒྱགས། །ངུ་འབོད་སྟོང་སྒྲ་དྲག་པོ་རང་གིས་བརྒྱགས། ། ༈ བོང་བུ་བང་ཤུགས་ཡོད་ན། །མདོ་ཕྲུག་རྟ་ཕོའི་བང་རྩལ་མི་དོ། ། ༈ ཆུང་རྒྱུ་རི་བོང་ཆུང་ན་ཡང། །མགྱོགས་པ་རྟ་ཡིས་དོ་ལེ་མིན། །ཕྲ་རྒྱུ་སྟོན་སྐུད་ཕྲ་ན་ཡང་། །སྔོ་མོ་མཚོན་གྱིས་ཆོད་ལེ་མིན། ། ༈ ཌ་རུ་འདྲ་བའི་ངོ་གཉིས་མ། །དུག་སྦྲུལ་འདྲ་བའི་ལྕེ་གཉིས། །སིན་སིན་འདྲ་བའི་ཁ་གཉིས། ། ༈ རྟ་རྒོད་མ་ཕྱུགས་ཀྱི་གཞི་མ་ཡིན། །སྨན་བུ་མོ་གྱོད་ཀྱི་གཞི་མ་ཡིན། ། ༈ ཡ་མགོའི་ནང་གི་མིག་དང་། །མ་མགོའི་ནང་གི་ལྕེ་ལེ། ། ༈ སྒོ་ངའི་ནང་གི་སེར་རིལ། ། ༈ ཉམ་ཆུང་འདུག་ཤེས་ན། །བཙན་པོས་གཉའ་གནོན་དཀའ། ། ༈ འགྲོ་མཁས་མཁས་ཝ་མོ་ཞུམ་ཞུམ། །འདུག་མཁས་མཁས་རི་བོང་ཙོག་ཙོག ། ༈ ར་ཚེར་འདོད། །ལུག་སྤང་འདོད། །གང་དགའ་གང་འདོད་ཡིན་པའི་དོན་ནོ། ། ༈ ནར་ནར་ལྕེ་དེ་བདག་པོ་མ་བརྒྱབ་ན། །རིལ་རིལ་མགོ་ལ་འོ་བརྒྱལ་བཟོ་ཉེན་ཡོང་། །གང་དྲན་གང་འདོད་བྱེད་ས་མེད་པའི་དོན་ནོ། ། ༈ དར་དཀར་གནམ་ལ་བཀྱག་དུས་ནག་ཐིག་མེད། །དུང་དཀར་ས་ལ་བཞག་ན་འབུ་སྤྲེ་མེད། །སྐྱོན་མེད་ཚད་ལྡན་གྱི་དོན་ནོ། ། ༈ མགོ་ཐོག་ཉི་མ་སུ་ཤར་དང་། །ལྕེ་ཐོག་བདུད་རྩི་སུ་འཐིག་རེད། །བུ་སུ་ཚ་ལས། གཏམ་སྐད་ཆ་བཤད་ནས་གྲོས་མཐུན་བྱེད་ས་མེད་པའི་དོན་ནོ། ། ༈ ར་ཤ་བཟའ་རན་དུས་དགོད་འཛུམ་འཛུམ། །ར་རིན་འཇལ་ཁ་སྡུག་ངོ་ངོ་། ། ༈ སྐྱིད་པོ་རང་གིས་མ་བཏང་ན། །སྡུག་པོ་མི་ཡིས་གཏོང་ལེ་རེད། ། ༈ ཟས་ཞིམ་པོ་རང་གིས་མ་བཟས་ན། །སྤང་དབྱུག་གུ་དྲུད་ན་ཚར་ལེ་རེད། ། ༈ རང་རང་ལྷ་དེ་རང་རང་རེད། །འབབ་རྒྱུ་མེད་ན་སྡུག་གྱོན་རེད། ། ༈ རིགས་མི་གཅིག་རིགས་གསུམ་མགོན་པོ་དང་། །འདྲ་མ་འདྲ་གུ་རུ་མཚན་བརྒྱད། ། ༈ གཞུ་དང་ཞགས་པ་འཁྱོག་ན་དགའ། །གཏམ་དང་མདའ་མོ་དྲང་ན་དགའ། ། ༈ མི་དྲང་སོག་ལེའི་ཁ་འདྲ་འདྲ། །མི་འདོད་སྤྱང་མོའི་གདོང་འདྲ་འདྲ། ། ༈ ཟ་རྒྱུ་གླ་མགོ་ཙམ་མེད་པར། །རྫོ་རྒྱུ་གླ་སྤུ་ལས་མང་བ། ། ༈ འབྲུག་འུར་སྒྲ་ཆེ་ལེ་སྟོང་སྒྲ་རེད། །འཇའ་ཁ་དོག་གསལ་བ་ད་ལྟ་ཡིན། ། ༈ སྟོན་རྒྱུ་མེད་པའི་ཕག་སྒྲ། །ཤི་རྒྱུ་མེད་པའི་ང་རོ། །ཟ་རྒྱུ་མེད་པའི་རུ་ཤས། །དོན་དེ་ཙམ་མེད་པས་འུར་མ་རྒྱག་ཟེར་བ་རེད། ༈སྐུད་པ་རིང་ན་ཆད་འགྲོ། །གཏམ་སྐད་ཆ་མང་ན་ཉོག་འགྲོ། ། ༈ རྒྱལ་པོའི་བཀའ་ལ་ཡར་ལྡོག་མེད། །རི་གཟར་རྦབ་ལ་གྱེན་འགྲིལ་མེད། ། ༈ བོང་བུའི་རྣ་བར་གསེར་བླུགས་ན་ཁྲོག་ཁྲོག་དང་། །རྡོ་བླུག་ན་ཁྲོག་ཁྲོག །བཟང་ངན་གང་བྱེད་ཚོར་བ་མེད་པའི་དོན་ནོ། ། ༈ གཏམ་ཚིག་གསུམ་བཤད་ན་ཁུངས་ལུང་དགོས། །ཆུ་གཙང་པོ་བརྒལ་ན་རབས་ལམ་དགོས། ། ༈ མ་མཐོང་པ་ལ་ལམ་སྟོན་བྱེད་དགོས། །མི་ཤེས་པ་ལ་སློབ་གསོ་བྱེད་དགོས། ། ༈ དཔེ་ཕུ་ཐུང་གཉིས་ལ་འདུང་རྒྱུ་ཡོད་དགོས། ། ༈ བསམ་བློ་མ་བཏང་བའི་སྐད་ཆ་དང་། །དམིགས་པ་མ་བཟུང་བའི་ཕཊ་སྒྲ ། ༈ ལྕེ་དབང་ཉམས་ན་ཁ་ནོར་མང་། །རྣ་དབང་ཉམས་ན་གོ་ནོར་མང་། ། ༈ ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། །མགོ་རུམ་ལ་བརྒྱབ་ན་ལྷགས་ཁ་མེད། ། ༈ དགོན་པ་སྒྲིག་མེད་དུང་དཀར་ཕུ་ཤེད་སུ་ཆེ་འབུད། །བཟའ་ཚང་སྒྲིག་མེད་ཟ་མ་ལག་པ་སུ་རིང་གིས་བཟའ། ། ༈ བཟའ་རན་དུས་ཐང་དཀར་རྒོད་པོའི་སྐེ་འདྲ་འདྲ། །ལས་རན་དུས་མི་བསྐྱོད་རྡོ་རྗེའི་སྐུ་འདྲ་འདྲ། །ཟས་བཟའ་སར་བསླེབས་ཀྱང་ལས་ཀ་བྱ་ས་ལ་མི་ཡོང་བའི་དོན་ནོ། ། ༈ སྙོབ་ཀྱི་ལག་ཆ་སུ་རིང་དང་། །གཏུབ་ཀྱི་གྲི་ཆུང་སུ་རྣོ་མ་བྱེད། ། ༈ དོག་མོ་ས་དེ་རྡིབ་དགྲ་མེད་དེ་ཡང་ཡང་དགོས། །མཐོན་པོའི་གནམ་དེ་ཐུག་དགྲ་མེད་ཀྱང་སྒུར་སྒུར་དགོས། ། ༈ ཁ་ཟས་མེད་སྤྲང་ཕྲུག་འགྲོ་འགྲོ་དང་། །ལུས་གོས་མེད་བར་ལུས་འཁྱམ་འཁྱམ། ། ༈ མི་ངོ་ཚ་མེད་ན་ཁྱི་དང་། །ཁྱི་རྔ་མ་མེད་ན་འདྲེ། ། ༈ ལག་པས་བྱ་འཛིན། །རྐང་པས་ཉ་འཛིན། །འགྲུབ་ཐབས་མེད་པའི་ལས་དོན་གཉིས་མ་བྱེད་ཟེར་བའི་དོན་ནོ། ། ༈ བུ་དཔའ་བོས་མི་གསོད་སྡར་མས་གསོད། །གྲི་རིང་དེས་མི་གསོད་ཐུང་དེས་གསོད། ། ༈ སྐྱེས་པ་ཕོ་ཡི་དགྲ་ལན། །ལོ་གསུམ་འགོར་ཡང་མི་འཕྱི། །ཟ་མ་མོ་ཡི་ཟས་ལན། །ཞག་གསུམ་སོང་ན་ཕྱིས་དྲགས། ། ༈ གདུགས་དང་བ་དན་རྒྱལ་མཚན་གསུམ། །ཨེ་མཐོ་བསམ་ནས་བཙུགས་པ་རེད། །མཁར་དང་སྒོ་མོ་ལྕགས་རི་གསུམ། །ཨེ་བཙན་བསམས་ནས་བརྩིགས་པ་རེད། ། ༈ དཔའ་ཅི་ཡོད་གྲོང་སྟོད་གྲོང་སྨད་རེད། །ཟས་ཅི་ཡོད་ཁྱིམ་མཚེས་རྒན་མོ་རེད། ། ༈ སྤགས་ཁལ་མགོ་ཙམ་ཟ་ཡ་ལ་རྔམ་དུས། །ཕྱེ་དྲི་སྣ་ལ་སྣུམ་ཡ་མེད་པ་ཆགས། །ཟ་རྔམ་དང་འདོད་པ་མ་ཆེ་ཟེར་བའི་དོན་ནོ། །རྩྭ་ཉིན་ལས་བཟས། །ལྕི་བ་སྲིབ་ལ་བཏང། ། ༈ ཕྱི་ལ་བིའུ་རྭ་ཙམ་མེད་པར། །ནང་ལ་གཡག་རྭ་ཙམ། ། ༈ རྟ་ཁ་ལྕག་གིས་བཀངས་དུས་སྡུག་སྐད་མེད་པར། །བ་ཁ་སྦུལ་མ་འདོད་བཟོས་ཡོད་དུས་སྡུག་སྐད། ། ༈ ཡར་ལངས་ཡ་མེད་པ་བ་འདྲ། །མར་ཉལ་ཡ་མེད་པ་རྟ་འདྲ། ། ༈ ཕ་ཐོག་གསུམ་ལ་ལས་བཞག་པ། །བུ་ཐོག་གསུམ་ལ་རྩོད་དགོས་པ་ཅི་གང་མེད། ། ༈ བྱ་རྒྱལ་འཕུར་ཤེས་ན་གཤོག་སྣེ་བྲག་ལ་མི་ཐོགས། །མི་ཕོ་འགྲོ་ཤེས་ན་རྐང་སྣེ་རྡོ་ལ་མི་ཐོགས། ། ༈ རྒྱུ་ཆེ་ལས་སྐྱག་པ་ཆེ་རྒྱུ་མེད། །ཤ་བ་ཆེ་ལས་རིལ་མ་ཆེ་རྒྱུ་མེད། ། ༈ རྒྱུ་སྟོབས་ཕྱུག་པོའི་བུ་ལ་ཡོད་ཀྱང་། །སྙིང་སྟོབས་སྤྲང་པོའི་བུ་ལ་ཡོད། ། ༈ རྟ་བཟང་པོའི་རྒྱབ་ཀྱིས་ཕེར་དུས། །མི་ངན་པའི་རྐུབ་ཀྱིས་མི་ཕེར། ། ༈ མཁོ་ན་འབད་སྤགས་རྟ་དང་རྗེས། །གལ་ཆེ་ན་རྒྱ་གར་ཉིན་སྐོར་རྒྱོབས། །ལག་ཆེ་ཆུང་ལ་བལྟས་ནས་ཐག་གཅོད་དགོས་པའི་དོན་ནོ། ། ༈ བརྙས་ནང་ལ་ནང་བརྙས་སྡུག །སྦོས་ནང་ལ་དར་སྦོས་སྡུག ། ༈ མི་སྐྱོན་མེད་འཛམ་བུ་གླིང་ན་དཀོན། །ཤིང་འཛེར་མེད་རྒྱ་རྫོང་ནགས་སུ་དཀོན། །སྐྱོན་མེད་པའི་མི་སོགས་མེད་པའི་དོན་ནོ། ། ༈ ཤིག་གསོད་བྱེད་སྟ་རེ་མི་དགོས། །དགྲ་འདུལ་བྱེད་ཁབ་ཀྱིས་མི་ལོ། །བྱ་བྱེད་ཆེ་ཆུང་སོགས་ཚད་དང་ལྡན་པ་རན་པོ་དགོས་པའི་དོན་ནོ། ། ༈ མཛོ་ཁྱུང་དཀར་བཟང་ནའང་གླང་གོག་བུ། །དྲེལ་སྨུག་ཆུང་ཡག་ནའང་བོང་བུའི་བུ། །ཕ་རྒྱུད་ངན་ཡང་བུ་རྒྱུད་མི་ངན་པའི་དོན་ནོ། ། ༈ གཏམ་དཔེ་ལེན་དཔེ་འཇོག་སེང་གེ་དཀར་མོའི་ཡ་ཐོད་འདྲ། །དོན་འཇོག་ས་མེད་པ་དྲེད་མོང་ནག་པོའི་ཕྱི་རྟིང་འདྲ། ། ༈ ཟས་ལན་པོ་མེད་ན་ཏྲང་ང་རེད། །གཏམ་ལན་པོ་མེད་ན་ལྐུགས་པ་ཡིན། ། ༈ གྲྭ་པས་དཀོར་འཇུ། །རྨ་བྱས་དུག་འཇུ། ། ༈ རྨ་བྱས་ངོམ་རྒྱུ་སྒྲོ་མདོངས། །ནེ་ཙོས་ངོམ་རྒྱུ་ཡིག་དྲུག །སྤྲེའུས་ངོམ་རྒྱུ་རྐུབ། ། ༈ ཁ་བདེ་ན་སྡེ་པའི་དཔོན་པོ་ཡིན། །ལག་བདེ་ན་སྡེ་པའི་གཡོག་པོ་ཡིན། ། ༈ བུ་བདེ་པོ་མ་གཏོགས་རྟས་མི་རྡེབ། །ཕོ་དཔའ་མ་མ་གཏོགས་དགྲས་མི་གསོད། ། ༈ ཁྲི་ཐོག་བླ་མ་སྨྱོ་ན། ཁྲི་མེད་བན་ཆུང་ལོས་སྨྱོ། ། ༈ མང་པོ་ཁ་བསྡེབས་ན། །མགྲོན་པོ་ཁྱིས་གསོད། །བསགས་བསགས་གྲངས་མང་ན། །ལྡི་ལྡིའི་ལུང་ཆད། །ཆིག་སྒྲིལ་འཆམ་མཐུན་ཡོད་ན་དོན་འབྲས་ཡོད་པའི་དོན་ནོ། ། ༈ ཁག་འབར་གཞི་གླེང་དུས་འབུར་བཞི་ཐོན། །འཕྱི་བ་སློག་དུས་གྲུམ་པ་ཐོན། །དོན་ཆུང་ཆུང་ལ་བསམ་ཤེས་མེད་ན་གནས་ཚུལ་ཆེན་པོ་ལྷག་པའི་དོན་ནོ། ། ༈ རྩེད་མོ་ཁ་མཚར་ཡུལ་གྱི་རྒྱན། །ཡུལ་རྩེད་མོ་མེད་ན་ལྐུགས་པའི་ས། །མེ་ཏོག་སེར་ཆེན་སྤང་གི་རྒྱན། །སྤང་མེ་ཏོག་མེད་ན་ལྐུགས་པའི་ས།  ། ༈ ཕུ་རྫ་ལུང་རག་པའི་ཁོང་གསེང་ལ། །ཕོ་ཁྲམ་པས་ཁྲམ་པ་མི་འདོད། །མདོ་རྒྱ་གྲོང་ཁྲ་མོའི་མཐིལ་ཁུག་ལ། །སྨན་འཕྱོར་མས་འཕྱོར་མ་མི་འདོད། ། ༈ ལ་ཁ་རས་ལུང་པ་གློ་རས། །རྟ་རྒན་རྩོབ་ཤོག་གཡས་གཡོན། །ལ་རྒན་གན་ཟླ་མགོ་སྦྲེལ། །རྒྱུ་འབྱོར་དང་ལ་ལུང་སོགས་འབྲེལ་ཡོད་ཀྱི་དོན་ནོ། ། ༈ སྟོན་ལོ་སྐྱེ་བའི་རེ་བ་མེད། །སྟོན་བསིལ་ལངས་པའི་སྐྲག་འཇིགས་མེད། །གཞན་ལ་རེ་དོགས་མེད་པའི་དོན་ནོ། ། ༈ བྱ་མོན་ཡུལ་ལོག་པ་ནང་བཞིན་དང། །ལྕུང་ཕུག་གངས་ཁུག་ཏུ་བཞག་པ་ནང་བཞིན། །ལས་དོན་གང་ཡང་མ་འགྲུབ་པའི་དོན་ནོ། ། ༈ ཤ་ཞིམ་པོ་ཨ་ཕོ་སྤྱང་ཀིས་བཟས། །ཁག་ངན་པ་ཨ་ཅེ་ཝ་མོར་བཞག ། ༈ ཆུ་མ་ཡོང་གོང་ནས་རགས། །རྐྱེན་མ་ཡོང་གོང་ན་བཟློག་པ། ། ༈ བྱ་བརྒྱ་ཁ་ཡར་སྐོར་དུས། །སྒ་ཕ་ཝང་མར་ཁ་བསྐོར། །རྟ་བརྒྱ་ཡར་རྒྱུག་དུས། །ལྟས་ངན་བོང་བུ་མར་རྒྱུག ། ༈ ཁྱི་ཤི་ཡང་སྣ་རྡོག་མི་སྐམ་པ། །རྐྱང་ཤི་ན་རྔ་རྔོག་བྱང་ལ་མི་སྟོན། །མི་རང་དབྱེ་བ་ཕྱེ་ནས་ཞེན་འཁོན་མ་ཆེ་ཟེར་བའི་དོན་ནོ། ། ༈ སྐྱིད་སྡུག་དགོ་ཕོའི་རྭ་ལ་ཡོད། །དགའ་སྡུག་ལྐུགས་པའི་སེམས་ན་ཡོད། ། ༈ ཆུ་ཚོགས་པའི་སྣོད་ཡོད་ཀྱང་། །གཏམ་ཚོགས་པའི་སྣོད་མེད། ། ༈ གཏམ་ཅི་བཤད་སོ་སོའི་ཁ་ལ་ཡོད། །དོན་ཅི་འགྲུབ་སོ་སོའི་ལག་ན་མེད། ། ༈ རྒྱ་ལ་ཆེན་ནམ་གཅིག་མ་ལངས་ན། །སྒོ་སྒོ་ཆུང་ཕྱེ་དང་མ་ཕྱེ་མེད། །

སྔོན་རབས་གཏམ་ཚོགས་ལྗོན་པའི་མཐའ་བཞིའི་ཕྱོགས། །གཏམ་རྒྱུན་ས་བོན་རིགས་རྒྱུན་མ་ཆད་ཙམ། །ཁྲ་ཚོམ་སྟག་མའི་མེ་ཏོག་ལོ་འབྲས་འགའ། །ཕྱིས་འབྱུང་གཞོན་ནུ་དག་གིས་སྣང་ངེས་ཆེད། །གཞན་གྱི་གཏམ་དང་དཔེ་ལ་མ་ཉན་པར། །རང་ཡུལ་རྒྱུན་སྤྱོད་གཏམ་དཔེ་ཇི་བཞིན་དུ། །ཉེར་གཉིས་དུས་དེབ་ས་མིག་འགོག་ཆེད་ཕུལ། །

 

[1]          སྦྲུལ་ཤད་ཀྱི་གཅོད་མཚམས་འདི་དག་རྩོམ་སྒྲིག་པས་བྱས་པ་ཡིན།

Related Articles