རྩོམ་སྒྲིག་པའི་གཏམ།

རང་ཅག་རྣམས་ཀྱི་གནས་ཡུལ་ཁ་བ་གངས་ཅན་གྱི་ལྗོངས་སུ་མི་ཡི་འགྲོ་བ་ཐོག་མར་བྱུང་ནས་ཤིང་ལོ་གོས་སུ་གྱོན་པ་དང༌། ཤིང་འབྲས་ལོངས་སུ་སྤྱོད་པ་ནས་ལོ་ཏོག་སྤོ་འཛུགས་ཤེས་པ་སོགས་འཚོ་བ་དང་ཤེས་ཡོན་སོགས་གང་ས་ཅི་ཐད་ནས་ཡར་རྒྱས་ཀྱི་ལམ་ཁ་བརྒྱུད་དེ་ཡོང་ཡོད། ལྷག་པར་དུ་རྒྱལ་པོ་སྲོང་བཙན་གྱི་སྐབས་སུ་བོད་ཡིག་གི་ལམ་སྲོལ་འདི་ཉིད་གཏན་འབེབས་བྱས་ཏེ་ཁྱིམ་མཚེས་རྒྱལ་ཁབ་རྣམས་ནས་རིག་གཞུང་གི་ལེགས་ཆ་ནང་འདྲེན་བྱེད་པའི་ནུས་སྟོབས་ཆེས་ཆེར་རྒྱས། དེ་ཉིད་རྒྱུན་འཛིན་གྱི་བཙན་པོ་དང་ལོ་པཎ་རིམ་བྱོན་གྱིས་ལེགས་སྤེལ་ཉེས་འགོག་གི་ཐབས་དུ་མ་སྤྱད་དེ་ཆོས་དང་རིག་གཞུང་གཉིས་ཐད་ནས་ཆེས་ལེགས་བྱང་ཕུན་སུམ་ཚོགས་པ་ཞིག་ཏུ་བསྒྱུར། མ་ཚད་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གིས་ཉེ་བར་བསྐྱངས་པའི་དྲིན་ལས་འཛམ་གླིང་མཁས་རྒུ་ཡོངས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེ་ལྟ་བུའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་རིག་གཞུང་དེ་ཉིད་ཉམས་པ་སླར་གསོ་དང༌། མི་ཉམས་རྒྱུན་འཛིན་བྱེད་དགོས་པ་ནི་ཁ་བ་གངས་ཅན་པ་རྣམས་ཀྱི་ཕྲག་ཏུ་བབས་པའི་ལས་འགན་ཞིག་ལོས་ཡིན། དེ་ཡང་ལུང་ཚན་དང་ཚོགས་སྡེ། དེ་བཞིན་མི་རེ་ངོ་རེ་ནས་འགན་འཁུར་དང་བླངས་བྱ་དགོས་པ་སྐབས་སུ་བབས་པ་ཡིན་པས་བོད་ཤར་ཕྱོགས་མདོ་ཁམས་གྱི་ཆུ་ཆེན་བཞིའི་ནང་ཚན་ཆུ་བོ་ཆེན་པོ་རྒྱལ་མོ་དངུལ་ཆུའི་གཞུང་རྒྱུད་དུ་ཆགས་པའི་ནགས་ཤོད་འབྲི་རུ་བ་རྣམས་སེམས་ཤུགས་མཉམ་སྦྲེལ་གྱིས་གནའ་དེང་ཟུང་གི་ཆོས་དང་རིག་གཞུང་སྐོར་གྱི་དྲ་ལམ་ཞིག་གསར་བཟོ་བྱས་ནས་རང་རིགས་རྣམས་ཀྱི་བློ་གྲོས་དང་སྤོབས་པ་རྒྱས་པའི་ཐབས་ལ་འབད་ཡོད།

འདིའི་དམིགས་ཡུལ་གཙོ་བོ་ནི་ནང་ཆོས་ངོ་སྤྲོད་དང༌། ནང་ཆོས་དང་ཚན་རིག་སྐོར་གྱི་བཤད་པ། དེ་བཞིན་བོད་ཀྱི་སྐད་ཡིག་རིག་གཞུང་སོགས་ལ་འགྲེལ་བཤད་དང་སློབ་སྟོན་གྱི་སྒོ་ནས་བོད་ཕྱི་ནང་གང་སར་གནས་པའི་གཞོན་སྐྱེས་གཙོ་བོར་གྱུར་པའི་དོན་གཉེར་ཅན་རྣམས་ལ་ཕན་པའི་ཆེད་དུ་ཡིན། དེང་གི་ཆར་དུས་རབས་ལ་ཁ་གཡར་ནས་མི་ཡི་སྤྱོད་ཚུལ་དང༌། ནང་ཆོས་ཀྱི་བསླབ་བྱ། དེ་བཞིན་ཕན་ཐོག་ཆེ་བའི་རིག་གཞུང་མང་པོ་ཞིག་ལ་བསམ་ཚུལ་འདྲ་མིན་སྤེལ་བཞིན་པ་འདི་དག་ལ་བརྟེན་ནས་རྒྱུ་མཚན་མ་མཐོང་བཞིན་དུ་རི་བོང་ཅལ་འདྲོགས་བྱེད་མཁན་མི་ཉུང་བ་ཞིག་ཡོད་པ་འདི་དག་ལ་གནས་ལུགས་དང་རྒྱུ་མཚན། དགོས་པ་དང་ཕན་ཡོན་སོགས་གོ་བརྡ་འཕྲོད་པ་ཞིག་ངེས་པར་བྱ་དགོས་པར་མཐོང༌། འགའ་ཞིག་སྲོལ་རྒྱུན་གྱི་མུན་ཁུང་ཁོ་ནར་འཛུལ་ནས་དེང་རབས་ཀྱི་ཤེས་བྱའི་གནས་ལ་བལྟ་བའི་བློ་གྲོས་ཀྱི་མིག་ཉམས་ནས་ཅི་བྱེད་ཐམས་ཅད་སྔར་གྱི་གུ་དོག་ཅན་གྱི་ལམ་བུ་དེ་ཉིད་བརྒྱུད་དགོས་པར་འཛིན་མཁན་རྣམས་ལ་དུས་རབས་ཀྱི་རྗེས་སུ་བསྙེག་ཐུབ་པའི་སྐུལ་མ་ཡང་དགོས་པར་མཐོང༌། རྒྱུ་མཚན་དེ་དག་ལ་གཞིགས་ནས་ང་ཚོས་ཐབས་ལམ་འདི་འདྲ་ཞིག་འབད་པ་བྱས་ཡོད། དྲ་ལམ་འདི་བརྒྱུད་ནས་དམིགས་དོན་དེ་དག་གནད་སྨིན་ཐུབ་པའི་རེ་བ་བྱེད་བཞིན་ཡོད། དྲ་རྒྱ་འདི་ཉིད་བཟོ་སྒྲིག་དང་ཇུས་འགོད་སྐབས་འབྲི་རུ་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་མཁས་གྲུབ་མཆོག་ནས་རོགས་ཕན་གང་ཟབ་གནང་བྱུང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། འབྲི་རུ་བ་དཀོན་མཆོག་སྐྱབས་ལགས་ནས་དྲ་རྒྱའི་ས་དམིགས་གསར་ཉོ་སོགས་ཕྱར་གྲུ་མཉམ་འདེགས་གནང་བྱུང་བས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། རྩོམ་སྒྲིག་པས།

Related Articles