ལམ་རིམ་དཔྱད་རྩོམ་བྱང་ཆེན་བགྲོད་པའི་ལམ་བཟང་།

ནགས་ཤོད་སྐལ་རྒྱན།

ཆོས་ཀུན་འགྲོ་འོང་སྐྱེ་འགག་མ་མཆིས་ཀྱང་། །
གང་སྣང་མཁའ་ཡི་འཇའ་ཚོན་ཇི་བཞིན་དུ། །
རྗེན་ཆེར་རྟེན་འབྱུང་རང་དབང་འདོམས་མཛད་པ། །
སྨྲ་མཆོག་ཤཱཀྱའི་གཙོ་ལ་མགོས་ཕྱག་འཚལ། །

ཟབ་རྒྱས་ཆོས་ཚུལ་རྒྱ་མཚོའི་སྙིང་པོ་ཀུན། །
རྒྱལ་ཚབ་མི་ཕམ་རྗེ་བཙུན་འཇམ་དབྱངས་ཀྱི། །
གདམས་པ་སྐྱེས་བུ་གསུམ་དུ་ལེགས་བསྒྲིགས་པ། །
གསལ་མཛད་འཇམ་མགོན་བླ་མ་སྙིང་ནས་འདུད། །

མཁའ་ཁྱབ་འགྲོ་ལ་བརྩེ་བས་རྗེས་ཆགས་པ། །
རྒྱལ་ཀུན་མཁྱེན་བརྩེའི་རྣམ་རོལ་དྲེིན་ཅན་རྗེ། །
སྙིགས་དུས་རྒུད་པའི་སྐྱོ་བས་མི་ངལ་བ། །
བདག་སྙིང་དད་པའི་གུར་ཁང་ལ་བཞུགས་གསོལ། །


ཞེས་ཤིས་པར་བརྗོད་པས་མདུན་བསུས་ནས་གང་གླེང་བར་བྱ་བ་ནི་འཇམ་མགོན་བླ་མ་མི་ཕམ་ཆོས་ཀྱི་མདུན་སར་གཤེགས་ནས་ལོ་ངོ་དྲུག་བརྒྱ་ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་ཞུ་སླད་དུ་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང་ནས་བྱང་ཆུབ་ལམ་རིམ་ཆེན་མོ་དང་འབྲེལ་བའི་མཁས་པའི་བགྲོ་གླེང་གོ་སྒྲིག་དང་འབྲེལ་དཔྱད་རྩོམ་བརྩམ་བསྐུལ་གནང་དོན་བཞིན། སེར་བྱེས་མཁས་སྙན་གྲྭ་ཚང་ནས་གུས་པ་བགྲོ་གླེང་དུ་ཆེད་བཅར་དགོས་པའི་བཀའ་བསྩལ་བྱུང་བའི་དཔྱད་རྩོམ་གྱི་བརྗོད་གཞིར་སྐྱེས་བུ་གསུམ་དུ་གསུང་རབ་ཐམས་ཅད་འདུ་བའི་ཚུལ་དང་། ཞེས་པ་ནས་ཉམས་སུ་ལེན་པ་ལ་ལམ་ལ་འཁྲིད་པའི་གོ་རིམ་ཤིན་ཏུ་གཅེས་པར་སྣང་བས་ཚུལ་དེ་ངེས་པ་བརྟན་པོ་རྙེད་པར་བྱའོ། །ཞེས་པའི་བར་གྱི་སྐྱེས་བུ་ཆུང་འབྲིང་ཐུན་མོང་བའི་སྐོར་དང་བྱང་ཆུབ་ལམ་རིམ་གྱིས་སློབ་མ་ཇི་ལྟར་འཁྲིད་ཚུལ་དང་ལམ་རིམ་གྱི་རྟོགས་པ་དང་པོ་སྐྱེ་བའི་མཚམས་སོགས་ལ་དཔྱད་རྩོམ་ཤོག་གྲངས་དྲུག་བདུན་ལས་མི་ཉུང་བ་ཞིག་དགོས་སྐོར་གསུངས་པ་ཧ་ཅང་སྐལ་པ་བཟང་སྙམ་ནས་དགའ་སྤོབས་ཆེན་པོས་དཔྱད་རྩོམ་འབྲི་བའི་ལས་ལ་འཇུག་པར་བྱའོ། །འདི་ལ་གསུམ། སྤྱི་དོན་སྔོན་འགྲོ་བཤད་པ་དང་། སྐབས་དོན་གཞུང་ལ་དཔྱད་པ། མཇུག་དོན་བསྔོ་བས་བསྡུ་བའོ། །དང་པོ་ནི། དེ་ཡང་འཇིག་རྟེན་གྱི་སྟོང་ཁམས་ཆེན་པོ་འདིར་སྐྱེ་འགྲོ་ཇི་སྙེད་ཅིག་ཡོད་པ་ཐམས་ཅད་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན་མོད། བདེ་བ་སྒྲུབ་སྟངས་དང་སྡུག་བསྔལ་སེལ་སྟངས་ཇི་བཞིན་མི་ཤེས་པའི་དབང་གིས་བདེ་སྡུག་གི་སྐྱོ་གར་སྣ་ཚོགས་ཀྱིས་དབང་མེད་དུ་གཙེས་པ་ནི། སྡུག་སྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག། །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། ཞེས་པ་ལྟར་བདེ་བའི་རྒྱུ་མ་བསྒྲུབས་ན་བདེ་བ་འབྱུང་བའི་གནས་མེད་དེ། དཔེར་ན་གྲོ་སྲན་གྱི་ས་བོན་ལས་ནས་ཀྱི་མྱུ་གུ་མི་འབྱུང་བ་བཞིན་མི་དགེ་བ་ལས་བདེ་བ་འབྱུང་བའི་གནས་ག་ལ་ཡོད། ཆོས་ཁས་བླངས་ཀྱང་རུང་མ་བླངས་ཀྱང་རུང་རྒྱུ་འབྲས་རགས་པའི་གནས་ཚུལ་འདི་མྱོང་ཐོག་ནས་ར་སྤྲོད་ཐུབ་པ་མ་ཟད་ཕྲ་བ་སེམས་ཀྱི་རྒྱུ་འབྲས་ལའང་བརྡར་ཤ་ལེགས་པར་བཅད་ན་རིགས་པ་ཡང་དག་གིས་འགྲུབ་པས་སེམས་ཀྱི་རྒྱུ་འབྲས་འདི་ཁས་མ་བླངས་རང་བླངས་ཡིན་ནོ། །
དེ་ཡང་སེམས་ཀྱི་རིགས་འདྲ་སྔ་མ་སྔོན་སོང་ལས་སྐྱེ་བ་སྔ་མ་དང་ཕྱི་མ་ལས་སྐྱེ་བ་ཕྱི་མ་འགྲུབ་ཚུལ་གྱི་རིགས་པའི་རྣམ་གཞག་འདི་རིགས་པའི་ལམ་པོ་ཆེ་ལྟ་བུ་ཡིན་པས་ཅིས་ཀྱང་ཁས་ལེན་རིགས་སོ། །སྐྱེ་བ་སྔ་ཕྱི་བར་མེད་དུ་བརྒྱུད་པའི་འཁོར་བའི་སེམས་ཅན་རྣམས་ལ་གཅིག་ཏུ་ཐུགས་བརྩེ་ཆེན་པོས་སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་ལས་བསྒྲལ་ཕྱིར་དུ། ཆོས་འཁོར་རིམ་པ་གསུམ་སོགས་ཟབ་རྒྱས་ཀྱི་ཆོས་ཚུལ་མཐའ་ཡས་པ་གསུང་པའི་གདམས་པ། རྗེ་བཙུན་བྱམས་པ་ནས་ཐོགས་མེད་དང་། འཇམ་དབྱངས་ནས་ཀླུ་སྒྲུབ་དང་ཞི་བ་ལྷ་ལ་བརྒྱུད་པ་ཆུ་བོ་གསུམ་འདྲེས་ཚུལ་དུ་ཇོ་བོ་རྗེ་ལ་མངའ། འབྲོམ་གྱིས་ཚོགས་བཤད་མཛད་པ་ལས། བཀའ་གདམས་ལམ་རིམ་པ་དང་། གཞུང་པ་བ། མན་ངག་པའི་གདམས་པ་ཆུ་བོ་གསུམ་འདྲེས་ཚུལ་དུ་རྗེ་རིན་པོ་ལ་མངའ་བས། ཇི་སྐད་དུ། ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ནི། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །ཞེས་པ་སྟེ། རྗེའི་ལམ་རིམ་ཆེན་མོ་ནི་ཆེ་བ་བཞི་དང་ཁྱད་ཆོས་ཆེན་པོ་གསུམ་གྱི་སྒོ་ནས་ཁྱད་པར་འཕཊ་ཤིང་། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ལས་ལེགས་པར་བརྒྱུད་པ་བཀའ་སྡེ་སྣོད་གསུམ་གྱི་གཞུང་བཟང་ཐམས་ཅད་ཀྱི་གདམས་པའི་ཆུ་བོ་ཐམས་ཅད་གཅིག་ཏུ་འདུས་ནས་འཁྱིལ་བའི་ཕྱིར་དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན་ནོ། །
གཉིས་པ་ལ་གཉིས། ལམ་རིམ་གྱི་རྟོགས་པ་དང་པོའི་མཚམས་གང་ཡིན་དཔྱད་པ་དང་། རིམ་པ་ཇི་ལྟར་འཁྲིད་ཚུལ་གཞུང་དོན་བཤད་པའོ། །

དང་པོ་ནི། སྤྱིར་བྱ་བ་ཞིག་སྒྲུབ་པ་ལ་འགོ་མཇུག་གི་རྣམ་གཞག་ཡོད་པ་ལྟར། ས་ལམ་གྱི་རྣམ་གཞག་བཤད་པ་ལ་ཡང་འགོ་གང་ནས་བཙུགས་པ་དང་མཇུག་གང་དུ་བསྐྱེལ་བའི་འགོ་མཇུག་གི་རྣམ་གཞག་ཞིག་ངེས་པར་དགོས་པ་ལྟར། འགོ་བཤེས་གཉེན་བསྟེན་ཚུལ་ནས་མཇུག་མི་སློབ་ཟུང་འཇུག་གི་བར་ཞེས་པ་དང་། རྒྱུ་སྙིང་རྗེ་ཆེན་པོ་ནས་འབྲས་བུ་མི་སློབ་ཟུང་འཇུག་གི་བར་ཞེས་པ་ནི་ཐེག་པ་ཆེན་པོའི་ལམ་འབྲས་ཀྱི་དབང་དུ་མཛད་པ་ཡིན་ནོ། །ལམ་ཉམས་ལེན་སྐབས་སུ་སྒོམ་གྱི་འགོ་གང་ནས་འཛུགས་མིན་དང་། ལམ་རིམ་གྱི་དང་པོའི་རྟོགས་པའི་མཚམས་གང་ནས་ཡིན་མིན་སོགས་ཤིན་ཏུ་གལ་ཆེ་བའི་ཕྱིར་འཇམ་མགོན་བླ་མས་དྲི་བ་ལྷག་བསམ་རབ་དཀར་དུ། སྒོམ་རྣམས་ཀྱི་དང་པོའི་འགོ་རྒྱ་གར་སྐད་དང་འདྲ་བ་དེ་གང་ཡིན་ཞེས་བཀའ་འདྲི་མཛད་པ་ཡིན་ནོ། །པན་ཆེན་བློ་བཟང་ཆོས་རྒྱན་གྱི་དྲི་བ་ལྷག་བསམ་རབ་དཀར་གྱི་དྲིས་ལན་བློ་བཟང་བཞད་པའི་སྒྲ་དབྱངས་ལས། སྒོམ་རྣམས་ཀུན་གྱི་དང་པོའི་འགོ། །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། །ཟླ་མེད་བླ་མ་མཆོག་དེ་བཞེད།། ཅེས་སྒོམ་གྱི་ཐོག་མའམ་འགོ་རང་རྒྱུད་ལེགས་པར་བརྟགས་པ་དེ་ཡིན་ཞེས་བཀའ་ལན་ཕུལ་གནང་བ་དང་། དྭགས་པོ་མཁན་ཆེན་ངག་དབང་གྲགས་པའི་དྲི་བ་ལྷག་བསམ་རབ་དཀར་གྱི་རྣམ་བཤད་དྲིས་ལན་དངོས་གྲུབ་ཀྱི་ཕྲེང་བ་མཁས་པའི་ཁ་རྒྱན་ལས། སྒོམ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ལས། དཔྱད་སྒོམ་གྱི་སྟེང་ནས་རྒྱ་སྐད་དང་འདྲ་བ་དེ་ངོས་འཛིན་དགོས་ལ། དེ་ནི་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་དད་པ་སྒོམ་པ་འདི་ཉིད་ཡིན་ཅིང་། དད་པ་ལའང་དང་བའི་དད་པ་དང་། ཡིད་ཆེས་པའི་དད་པ། དོན་གཉེར་གྱི་དད་པ་སོགས་ཡོད་པའི་ནང་ནས། དད་པའི་དང་བ་སྒོམ་པ་དེ་ཡིན། དེ་ལ་ཡང་ཡུལ་གྱི་སྒོ་ནས་མང་དུ་ཡོད་ཀྱང་། འདིར་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ལ་དམིགས་ནས་དད་པའི་དང་བ་སྒོམ་པ་ཡིན་ཏེ། དེར་སྒོམ་པ་ལས་བཤེས་གཉེན་བསྟེན་པའི་ཕན་ཡོན་ལ་དོན་གཉེར་དད་པ་སྐྱེ། དེ་ཡང་ཕན་ཡོན་འབྱུང་བར་ཡིད་ཆེས་པའི་དད་པ་སྐྱེ། དེ་ལས་བཤེས་གཉེན་ཚུལ་བཞིན་དུ་བསྟེན་པ་འབྱུང་། དེ་ནས་དལ་འབྱོར་སེམས་པ་ནས་བརྩམས་པའི་སྒོམ་ཐམས་ཅད་འབྱུང་བའི་ཕྱིར་ཏེ། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད། །ཅེས་དང་། ལག་པ་ལྟ་བུར་དགེ་སྡུད་རྩ་བ་ཡིན། །ཞེས་སོགས་དད་པ་སྒོམ་པ་དཀར་ཆོས་ཐམས་ཅད་ཀྱི་ཐོག་མའམ་རྩ་བར་གསུངས་པ་འདྲ་བ་གཞན་གང་ལ་མ་གསུངས་པའི་ཕྱིར་རོ། །ཞེས་བཤེས་གཉེན་ལ་དང་བའི་དད་པ་དེ་སྒོམ་གྱི་ཐོག་མ་ཡིན་ཞེས་བཀའ་ལན་ཕུལ་གནང་བ་དང་། ལམ་རིམ་རྣམ་གྲོལ་ལག་བཅངས་ལས། སྒོམ་གྱི་འགོ་ཀུན་སློང་འཆོས་པ་དང་། ལམ་རིམ་གྱི་འགོ་དལ་འབྱོར། ཆོས་ལག་ལེན་གྱི་འགོ་ལས་འབྲས་ནས་ཚུགས་པ་ཡིན། ཞེས་གསུངས་པས་སྒོམ་གྱི་འགོ་ཀུན་སློང་འཆོས་པ་ལ་བཞེད་པས་པན་ཆེན་བློ་བཟང་ཆོས་རྒྱན་དང་བཞེད་པ་མཐུན་ནོ། །
རྒྱལ་བ་དབེན་ས་པས། མདོར་ན་ཉམས་རྟོགས་ཆེ་ཆུང་གང་སྐྱེས་ཀྱང་། །
དད་པ་ཆེ་ཆུང་བསྒོམས་པའི་མཐུ་ཡིན་པས། །དངོས་གྲུབ་རྩ་བ་དྲིན་ཅན་བླ་མ་ཡི། །ཡོན་ཏན་བསམ་ཞིང་སྐྱོན་ནས་མི་ལྟ་བའི། །གདམས་པ་འདི་ཉིད་མཐིལ་དུ་འཛིན་པ་དང་། །དམ་བཅའ་འདི་འདྲ་གེགས་མེད་མཐར་ཕྱིན་ཤོག།།ཅེས་སྒོམ་གྱི་ཐོག་མ་དད་པ་ལ་བཞེད་པའི་ཕྱོགས་ལྟ་བུ་མིན་ནམ་སྙམ། ཇོ་བོ་རྗེས་མདོ་ཀུན་བཏུས་ཀྱི་དོན་བསྡུར། རྟེན་དལ་འབྱོར་གྱི་མདོ་དང་། གཞི་དད་པའི་མདོ་ཞེས་གསུངས་ནས་དཔེ་དོན་སྦྱར་སྐབས་དཔེར་ན་རྩི་ཤིང་དང་སྨན་ལ་སོགས་པ་ཐམས་ཅད་ནི། ས་གཞི་ལ་བརྟེན་ནས་སྐྱེ་བར་འགྱུར་བ་དེ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་གཞི་དད་པ་ལ་བརྟེན་ནས་རྒྱས་པར་འགྱུར་ཏེ། ཞེས་གསུངས་པ་ལ་དཔགས་ན་དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུངས་ཤིང་འཕེལ་བར་བྱེད། །ཅེས་གསུངས་པ་ལྟར་སྒོམ་གྱི་ཐོག་མ་དད་པ་ལ་བཞེད་པ་མིན་ནམ་སྙམ་མོ། །དེ་ལྟར་སྒོམ་གྱི་འགོ་གང་ཡིན་གྱི་ལུང་རིགས་དེ་དག་ལས་ལམ་རིམ་གྱི་རྟོགས་པ་དང་པོའི་མཚམས་གང་ཡིན་ལམ་ཙམ་མངོན་ཏེ། སྒོམ་གྱི་འགོ་ཀུན་སློང་འཆོས་པ་དང་། ལམ་རིམ་གྱི་འགོ་དལ་འབྱོར། ཆོས་ལག་ལེན་གྱི་འགོ་ལས་འབྲས་ནས་ཚུགས་པ་ཡིན། ཞེས་ལམ་རིམ་གྱི་འགོ་དལ་འབྱོར་ནས་གསུངས་པ་ལྟར་ན་དལ་འབྱོར་གྱི་རྟོགས་པ་དེ་ལམ་རིམ་གྱི་དང་པོའི་རྟོགས་པར་འཇོག་པ་འདྲའོ། །གཞན་ཡང་འགོ་བཤེས་གཉེན་བསྟེན་ཚུལ་ནས་འཇུག་མི་སློབ་ཟུང་འཇུག་གི་བར་ཞེས་གསུངས་པ་ལྟར་ན་བཤེས་གཉེན་ལ་དང་བའི་དད་པ་ལམ་རིམ་གྱི་དང་པོའི་རྟོགས་པ་བཞག་ཆོག་སྟེ། སྒོམ་གྱི་འགོ་དད་པ་འཇོག་པ་དང་གནད་གཅིག་གོ།
སྐྱེས་བུ་ཆེན་པོའི་ལམ་གྱི་རིམ་པ་ལྟར་ན་སྐྱེས་བུ་ཆུང་འབྲིང་གཉིས་ཀྱི་ཆོས་སྐོར་སེམས་བསྐྱེད་ཀྱི་ཡན་ལག་ཏུ་སྦྱར་ནས་ལམ་གྱི་སྔོན་འགྲོ་དང་དངོས་གཞི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཉིད་ལ་བཞེད་པ་ལམ་རིམ་གྱི་དགོངས་པ་དངོས་ཡིན་པས། དེ་ལྟར་ན་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ལམ་རིམ་གྱི་དང་པོའི་རྟོགས་པ་འཇོག་དགོས་སམ་སྙམ་སྟེ། ལམ་རིམ་གྱི་དངོས་གཞི་འདི་ནས་འགོ་བཙུགས་པའི་ཕྱིར་དང་། དགོངས་པ་རབ་གསལ་ལས། བདག་ཉིད་དང་ནི་འཇིགས་རྟེན་འདིས། ཞེས་སོགས་ཀྱི་རིན་ཆེན་ཕྲེང་བའི་ལུང་དོན་འགྲེལ་སྐབས་ལུང་འདིས་བྱང་ཆུབ་ཀྱི་རྩ་བ་བསྟན་གྱི་བྱང་སེམས་ཀྱི་རྩ་བ་དངོས་སུ་མ་བསྟན་ཀྱང་། རྩ་བ་ནི་དང་པོའི་དོན་དང་། དེའི་དུས་ཀྱི་བྱང་སེམས་ཀྱི་གཙོ་བོའི་རྒྱུ་གསུམ་སྟོན་པའི་སྐབས་ཡིན་པས། བྱང་སེམས་ཀྱི་གཙོ་བོའི་རྒྱུ་ཡིན་པ་སྐབས་ལས་ཤེས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་སེམས་དེ་སྙིང་རྗེའི་རྩ་བ་ཅན་དང་སྙིང་རྗེ་ཆེན་པོ་རྒྱུད་ལ་སྐྱེས་ན་ཐེག་པ་ཆེན་པོའི་རིགས་སད་པར་འཇོག་པ་དང་སྙིང་རྗེ་ཆེན་པོ་ནས་འབྲས་བུ་མི་སློབ་ཟུང་འཇུག་གི་བར་ཞེས་བརྡ་མཛད་པ་དང་། རིན་ཆེན་ཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལ། །སྙིང་རྗེ་སྔོན་བཏང་སྤྱོད་ཀུན་དང་། །ཞེས་པ་དང་། འཇུག་པའི་རང་འགྲེལ་ལས། བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པའི་ཕྱིར་ན། སྙིང་རྗེ་གཙོ་བོ་ཉིད་དུ་བསྟན་པར་འདོད་པས། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ཞེས་སོགས་གསུངས་པ་དང་། ཕྱི་འགྲེལ་དུ། དེའི་ཕྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ནི་སྙིང་རྗེ་ཉིད་ཡིན་ནོ། །ཞེས་སོགས་ལ་བསམས་ན་སྙིང་རྗེ་ཆེན་པོ་འདི་ཐེག་པ་ཆེན་པོའི་ལམ་རིམ་གྱི་དང་པོའི་རྟོགས་པ་འཇོག་དགོས་པ་ལྟ་བུ་ཡང་འདུག་པས་དེ་གཉིས་གང་བཟུང་ཡང་སྐྱེས་བུ་ཆེན་པོའི་ལམ་གྱི་དབང་དུ་བྱས་ན་འགལ་བ་ཆེར་མེད་སྙམ་མོ། །
གཉིས་པ་ནི། དེ་ཡང་རྗེ་བླ་མའི་ལམ་གཙོར་དལ་འབྱོར་རྙེད་དཀའ་ཚེ་ལ་ལོང་མེད་པ། །ཡིད་ལ་གོམས་པས་ཚེ་འདིའི་སྣང་ཤས་ལྡོག །ཅེས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་སྟེ། ལམ་གྱི་གཙོ་བོ་རྣམ་གསུམ་དུ་གསུང་རབ་ཐམས་ཅད་བསྡུས་ནས་འདོམས་པའི་རྗེ་བཙུན་འཇམ་དབྱངས་ཀྱི་ཐུན་མོང་མ་ཡིན་པའི་མན་ངག་ལ་བརྟེན་པ་དང་། ངེས་འབྱུང་སྒོམ་ཚུལ་ལ་ཡང་ཚེ་འདི་དང་ཕྱི་མའི་སྣང་ཤས་གཉིས་ལས། སྔ་མ་ལྡོག་ཕྱིར་དུ་དལ་འབྱོར་དང་འཆི་བ་མི་རྟག་པ་གཉིས་དམིགས་སྐོར་ཟུང་དུ་སྦྲེལ་ནས་སྒོམ་དགོས་པར་གསུངས་པ་དང་། །ཕྱི་མ་ལྡོག་ཕྱིར་དུ། ལས་འབྲས་མི་བསླུ་འཁོར་བའི་སྡུག་བསྔལ་རྣམས། །ཡང་ཡང་བསམ་པས་ཕྱི་མའི་སྣང་ཤས་ལྡོག །ཅེས་ལས་འབྲས་ཕྲ་ཞིང་ཕྲ་བས་འཁོར་བ་ལས་གཏན་ནས་མ་ཐར་ན་སླར་ཡང་སྡིག་པའི་འབྲས་བུས་འཁོར་བར་འཁོར་བའི་ཕྱིར་དང་། འཁོར་བ་ལས་ལྡོག་པ་ལ་མ་རིག་པས་ཀུན་ནས་བསླངས་པའི་ལས་ཀྱི་མ་རིག་པ་མཐའ་དག་ལྡོག་དགོས་པའི་ཕྱིར་ན། ལས་འབྲས་དང་འཁོར་བའི་སྡུག་བསྔལ་བསམ་པ་གཉིས་ཟུང་འབྲེལ་གྱིས་ཕྱི་མའི་སྣང་ཤས་ལྡོག་དགོས་པར་གསུངས་སོ། །ལམ་རིམ་འདིར་སྐྱེས་བུ་ཆུང་ངུའི་ལས་འབྲས་ཀྱིས་ཚེ་འདིའི་སྣང་ཤས་ལྡོག་པ་དང་། འབྲིང་གི་ལས་འབྲས་ཀྱིས་ཕྱི་མའི་སྣང་ཤས་ལྡོག་པར་གསུངས་པ་ཅུང་མི་འདྲ་ཡང་། དེ་དག་དོན་ལ་འགལ་བ་ཅི་ཡང་མེད་པ་མ་ཟད་དགོངས་པ་གཅིག་ཏུ་འབབ་པས་དམིགས་སྐོར་གཉིས་ཟུང་འབྲེལ་དུ་ཡོད་ཚུལ་ལམ་རིམ་ཆེན་མོར་གསལ་བར་གསུངས་སོ། །
ལམ་རིམ་ཆེ་ཆུང་རྣམས་སུ་དལ་འབྱོར་གྱི་དམིགས་སྐོར་སྔོན་ལ་ཟུར་དུ་མཛད་པ་ནི། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་བཏུས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བསླབ་སྤྱོད་གཉིས་དང་མཐུན་པར་མཛད་པའོ། །དེ་ལྟ་བུའི་ངེས་འབྱུངགི་ཡན་ལག་ཏུ་དལ་འབྱོར་དོན་ཆེ་དང་། མི་རྟག་པ། སྐྱབས་འགྲོ། ལས་འབྲས་སོགས་སྔོན་དུ་འགྲོ་དགོས་པ་དང་། ཡན་ལག་འདི་དག་ཐམས་ཅད་ནི། །
ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱི་ཡན་ལག་ཏུ་ཕར་ཕྱིན་དང་པོ་ལྔ་དང་། སེམས་གནས་དགུ་དང་ཞི་གནས། དེ་ལྟ་བུའི་ཤེས་རབ་དེ་ཞི་ལྷག་གཉིས་ཀྱི་ནང་ནས་ལྷག་མཐོང་ཡིན་པ་བཅས་ཡན་ལག་མང་པོ་སྔོན་དུ་འགྲོ་དགོས་པ་དང་། བྱང་སེམས་ཀྱི་ཡན་ལག་ནི། ལམ་རིམ་ལས། འདིར་སྐྱེས་བུ་ཆུང་ངུ་དང་འབྲིང་གི་ཆོས་སྐོར་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་སེམས་སྐྱེ་བའི་ཡན་ལག་ཏུ་འགྲོ་ལུགས་བླ་མས་ཀྱང་ལེགས་པར་བརྡ་སྤྲད། ཅེས་དང་སྐྱེས་བུ་ཆུང་ངུའི་སྐབས་སུ་རང་ལ་ངན་འགྲོར་སྡུག་བསྔལ་གྱི་གནོད་པ་འབབ་ཚུལ་དང་། འབྲིང་གི་སྐབས་སུ་མཐོ་རིས་ན་ཡང་སྡུག་བསྔལ་ཞིང་ཞི་བའི་བདེ་བ་མེད་ཚུལ་རྣམས་བསམས་ནས་དེ་ནས་གཉེན་དུ་གྱུར་པའི་སེམས་ཅན་རྣམས་ལ་ཡང་རང་གི་ཉམས་ལ་དཔགས་ནས་བསྒོམས་པས་བྱམས་པ་དང་སྙིང་རྗེ་སྐྱེ་བའི་རྒྱུར་འགྱུར་ཞིང་། དེ་ལས་བྱང་ཆུབ་ཀྱི་སེམས་སྐྱེ་བས་ན་ཆུང་འབྲིང་དང་ཐུན་མོང་བའི་བསམ་པ་སྦྱོང་བ་ནི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་སྐྱེ་བའི་ཐབས་ཡིན་གྱི། ལམ་ལོགས་པ་ཞིག་ཏུ་འཁྲིད་པ་མིན་ནོ།།
དེ་བཞིན་དུ་དེ་གཉིས་ཀྱི་སྐབས་ཀྱི་སྐྱབས་འགྲོ་དང་ལས་འབྲས་བསམ་པ་ལ་སོགས་པའི་སྒོ་ནས་བསག་སྦྱང་གི་སྒོ་དུ་མ་ལ་འབད་པ་ནི། བྱང་ཆུབ་ཀྱི་སེམས་ཀྱི་སྔོན་འགྲོ་རྒྱུད་སྦྱོང་བའི་ཡན་ལག་བདུན་པ་སྐྱབས་འགྲོ་དང་བཅས་པ་རྣམས་སུ་ཅི་རིགས་སུ་འགྱུར་བས་དེ་དག་ཀྱང་སེམས་དེ་སྐྱེ་བའི་ཐབས་སུ་གོ་བར་བྱའོ། །ཞེས་གསུངས་པ་ལྟར་ཡན་ལག་དེ་དག་ལས་ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ནི་ལམ་གྱི་གཙོ་བོའི་དོན་ཇི་ལྟར་ཡིན་ཚུལ་ཤེས་པར་འགྱུར་རོ། །རྗེ་རིན་པོ་ཆེས་ལམ་རིམ་ཆེན་མོ་རྩོམ་སྐབས་རྗེ་བཙུན་འཇམ་དབྱངས་ཀྱིས་སྐུ་རྩེད་ཀྱི་རྣམ་པས་ངས་བསྟན་པའི་ལམ་གཙོ་རྣམ་གསུམ་དེས་མི་འགྲིག་གམ་གསུང་པར། དེ་གཙོ་བོ་བྱས་ནས་དེ་ལ་ཡན་ལག་སྦྱར་ནས་ལམ་རིམ་ཆེན་མོ་འབྲི་བཞིན་ཡོད་ཅེས་ཞུས་པ་རེད་གསུངས་པ་ནི་གོང་དུ་བཤད་པའི་ཡན་ལག་འགྲོ་ཚུལ་འདི་དག་ལ་བརྟགས་ན་ཤིན་ཏུ་བདེན་ཚིག་ཏུ་གོ་ནུས་སོ། །
ལམ་རིམ་གྱི་ཆོས་སྐོར་ཉམས་ལེན་བྱེད་སྐབས་ཐོག་མར་བཤེས་གཉེན་གལ་ཆེ་བ་ནི། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པ་ཆེན་པོས་བསྟེན་པར་བྱིན་གྱིས་རློབས། །ཞེས་དང་། དེ་ནས་འདི་ཕྱིའི་ལེགས་ཚོགས་ཇི་སྙེད་པའི། །རྟེན་འབྲེལ་ལེགས་པར་འགྲིག་པའི་རྩ་བ་ནི། །ལམ་སྟོན་བཤེས་གཉེན་དམ་པ་འབད་པ་ཡིས། །བསམ་དང་སྦྱོར་བས་ཚུལ་བཞིན་བསྟེན་པ་རུ། །
མཐོང་ནས་སྲོག་གིས་ཕྱིར་ཡང་མི་གཏོང་བར། །བཀའ་བཞིན་སྒྲུབ་པའི་མཆོད་པས་མཉེས་པར་བྱེད། །ཅེས་དང་། ལམ་རིམ་ཆེན་མོར་བཤེས་གཉེན་བསྟེན་ཚུལ་བུ་འཛངས་པ་ལྟ་བུའི་འདུ་ཤེས་དགུ་སོགས་དང་བཤེས་གཉེན་བསྟེན་པའི་ཕན་ཡོན་མ་བསྟེན་པའི་ཉེས་དམིགས་ལམ་རིམ་རྣམས་སུ་དགེ་བའི་བཤེས་གཉེན་ནི་ཡོན་ཏན་ཀུན་གྱི་གཞི་དང་རྩ་བ་ཡིན་པ་ལུང་རིགས་ཀྱི་མཐའ་རྒྱ་བསྐྱེད་ནས་ནན་ཏན་གྱིས་སྒྲུབ་པར་བྱེད་དོ། །
འཕགས་མཆོག་མི་ཡི་རྣམ་རོལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། དཔལ་ནཱ་ལེན་དྲའི་ཆོས་བརྒྱུད་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ཉམས་ལེན་བྱེད་སྐབས། འགོ་ཚུགས་དུས་ནས་ལམ་གྱི་གཞུང་ཐིག་ལྟ་བུ་བརྒྱབ་སྟེ་སྔགས་བླ་མེད་ཀྱི་རྣལ་འབྱོར་ཉམས་ལེན་བྱེད་པའི་བར་གཞུང་ཐིག་དེའི་ཐོག་འགྲོ་དུས་ཐོག་མར་བླ་མའི་རྣལ་འབྱོར་ཐོན་ཡོང་གི་ཡོད། དེར་བརྟེན་ལམ་རིམ་གསུང་སྐབས་ཀྱང་སྐྱེས་བུ་ཆུང་ངུའི་ལམ་རིམ་མ་ཚུགས་གོང་ནས་འགོ་བཤེས་གཉེན་བསྟེན་ཚུལ་གསུངས་པའི་རྒྱུ་མཚན་དེ་ལྟར་ཡིན། སྐྱེས་བུ་ཆུང་ངུའི་ལམ་རང་མཚན་པ་ཞིག་ཉམས་ལེན་བྱེད་མཁན་ལ་ལམ་རིམ་ནས་གསུངས་པ་ལྟར་གྱི་བཤེས་གཉེན་བསྟེན་ཚུལ་དེ་ལྟར་དགོས་མིན་ཐེ་ཚོམ་ཡིན།ཞེས་གསུངས་པ་ལྟར་འདིར་སྔགས་བླ་མེད་དང་འབྲེལ་བས་བཤེས་གཉེན་བསྟེན་ཚུལ་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །མགོན་པོ་ཀླུ་སྒྲུབ་ཀྱི་མདོ་ཀུན་ལས་བཏུས་པར། སངས་རྒྱས་འབྱུང་བ་རྙེད་པར་དཀའ་བའི་གཏམ། མི་ལུས་ཐོབ་པ་རྙེད་པར་དཀའ་བའི་གཏམ། དལ་བ་དང་འབྱོར་བ་རྙེད་པར་དཀའ་བའི་གཏམ། དད་པ་རྙེད་པར་དཀའ་བའི་གཏམ། བྱང་ཆུབ་ཏུ་སེམས་བསྐྱེད་པ་རྙེད་པར་དཀའ་བའི་གཏམ། སྙིང་རྗེ་རྙེད་པར་དཀའ་བའི་གཏམ། བར་དུ་གཅོད་པའི་ཆོས་སྤོང་བ་རྙེད་པར་དཀའ་བའི་གཏམ། སྒྲུབ་པ་རྙེད་པར་དཀའ་བའི་གཏམ། མྱ་ངན་ལས་འདས་པ་རྙེད་པར་དཀའ་བའི་གཏམ། སྤྱོད་པའི་ཁྱད་པར་རྙེད་པར་དཀའ་བའི་གཏམ། རྒྱ་ཆེན་པོ་ལ་མོས་པ་རྙེད་པར་དཀའ་བའི་གཏམ་བཅས་མདོ་བཅུ་གཅིག་གསུངས་པར་མཉམ་མེད་ཇོ་བོ་རྗེས་དགོངས་པ་འདི་ལྟར་བླངས་ཏེ། དེ་ལྟར་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རྩ་བའམ་རྒྱུ་གང་ཡིན་པ་སྟེ། རྟེན་དལ་འབྱོར་གྱི་མདོ། གཞི་དད་པའི་མདོ། རྩ་བ་བྱང་ཆུབ་སེམས་བསྐྱེད་ཀྱི་མདོ་གསུམ་ནི་རྒྱུ་བྱ་བ་བྱེད་པའི་རིགས་པ། དེའི་མི་མཐུན་ཕྱོགས་བསལ་བའི་སྒྲུབ་པ་ནན་ཏན་སྙིང་པོ་བྱེད་པ་གང་ཡིན་པ་སྟེ། རྐྱེན་བར་ཆད་སེལ་བའི་མདོ། སྒྲུབ་པ་ནན་ཏན་སྙིང་པོར་བྱེད་པའི་མདོ། བློ་ཐེག་པ་གཅིག་ཏུ་སྦྱང་བའི་མདོ་གསུམ་ནི་རྐྱེན་ལྟོས་པའི་རིགས་པ། ལམ་རིམ་བཞིན་བགྲོད་ནས་མཐར་འབྲས་བུ་མངོན་དུ་བྱེད་པ་གང་ཡིན་པ་སྟེ། ལམ་ཆེ་བ་ཡོན་ཏན་གྱིས་བགྲོད་པའི་མདོ་གཅིག་ནི་འབྲས་བུ་ཆོས་ཉིད་ཀྱི་རིགས་པ། དཔེ་བདུན་ནི་འཐད་པའི་རིགས་པ་དང་བཅས་རིགས་པ་བཞིའི་སྒོ་ནས་ལམ་ཉམས་ལེན་གྱི་རིམ་པ་གསུངས་ཡོད། དེ་དག་གི་དོན་ནི་རྟེན་དལ་འབྱོར་རྙེད་པ་ཞིག་ལ་གཞི་དད་པ་དང་ལྡན་པ་ན། དད་པའི་གཞི་དེར་སེམས་བསྐྱེད་ཀྱི་ས་བོན་ནམ་རྩ་བ་ལེགས་པར་བཙུགས་ཀྱང་བར་མ་སྐབས་སུ་རྐྱེན་བར་ཆད་ཀྱིས་ཉམས་པར་བྱེད་ན། མི་ཡི་རྟེན་མཆོག་ལས་ཉམས་ནས་ངན་སོང་དུ་ལྟུང་བ་དང་། ཐེག་མཆོག་ལས་ཉམས་ནས་ཐེག་དམན་དུ་ལྟུང་བ་དང་། བརྩོན་འགྲུས་མཆོག་ལས་ཉམས་ནས་ཐམས་ཅད་མཁྱེན་པ་ལས་རིང་དུ་གྱུར་པ་སྟེ་རང་གཞན་གྱི་དོན་ལས་ཉམས་ནས་ཆུད་ཟོས་ན་མི་རུང་བས། རྟེན་མཆོག་ལས་མི་ཉམས་པའི་ཕྱིར་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དང་སྐྱབས་འགྲོ་ལས་འབྲས་སོགས་ལ་སློབ་པ་དང་། ཐེག་མཆོག་ལས་མི་ཉམས་པའི་ཕྱིར། ཚེ་འདི་དང་ཕྱི་མའི་སེམས་བསྐྱེད་མི་ཉམས་པའི་བསླབ་བྱ་ལ་སློབ་པ་དང་། བློ་ཐེག་པ་གཅིག་ཏུ་སྦྱང་པ་དང་། བརྩོན་འགྲུས་མཆོག་ལས་མི་ཉམས་པའི་ཕྱིར། སེམས་བསྐྱེད་པའི་རྩ་བ་བརྟན་པོར་བཟུང་ནས་སྒྲུབ་པ་སྙིང་པོར་བྱེད་པའོ། །སྒྲུབ་པ་སྙིང་པོར་ཚུལ་བཞིན་བྱས་ནས་ལམ་རིམ་བཞིན་བགྲོད་པའི་མཐར་འབྲས་བུ་མྱང་འདས་མངོན་དུ་བྱེད་ཚུལ་སོགས་དཔེ་དོན་རིམ་བཞིན་བརྗོད་ན།
དང་པོ་ནི། དཔེར་ན་སྲིད་པ་མས་ཆགས་པ་ཐམས་ཅད་ནི་རླུང་གི་དཀྱིལ་འཁོར་ལ་བརྟེན་ནས་མས་ཆགས་པ་བཞིན་དུ་དཀར་པོའི་ཆོས་ཐམས་ཅད་ནི་རྟེན་དལ་འབྱོར་ཕུན་ཚོགས་ལ་བརྟེན་ནས་འབྱུང་བས་ཤིན་ཏུ་དོན་ཆེའོ། །གཉིས་པ་ནི། དཔེར་ན་རྩི་ཤིང་དང་སྨན་ལ་སོགས་པ་ཐམས་ཅད་ནི། ས་གཞི་ལ་བརྟེན་ནས་སྐྱེ་བར་འགྱུར་བ་དེ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་བསྲུང་ཞིང་འཕེལ་བར་བྱེད་པའི་གཞི་དད་པ་ལ་བརྟེན་ནས་རྒྱས་པར་འགྱུར་ཏེ། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་བསྲུངས་ཤིང་འཕེལ་བར་བྱེད། །ཅེས་གསུངས་པས་གཞི་དད་པ་ནི་ཡོན་ཏན་ཐམས་ཅད་སྐྱེ་བའི་མ་ལྟ་བུ་ཡིན་པས་རྙེད་དཀའ་བ་ཡིན་ནོ། །གསུམ་པ་ནི། དཔེར་ན་རྩ་བའམ། ས་བོན་མ་ནོར་བ་ལས་ཡལ་འདབ་ལོ་མ་མེ་ཏོག་དང་། འབྲས་བུ་ཐམས་ཅད་རིམ་གྱིས་རྒྱས་ཤིང་སྨིན་པར་འགྱུར་བ་དེ་བཞིན་དུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་རྩ་བ་ལས་ཐམས་ཅད་མཁྱེན་པའི་འབྲས་བུ་འབྱུང་བར་འགྱུར་གྱི། ཉན་རང་དང་འཇིག་རྟེན་པའི་སེམས་བསྐྱེད་པ་ལས་ནི་རྣམ་མཁྱེན་ཐོབ་པ་མ་ཡིན་ནོ། །དེས་ན་ཕར་ཕྱིན་བཅུ་དང་། ཐུན་མོང་མ་ཡིན་པའི་བྱང་ཕྱོགས་སོ་བདུན། ཚད་མེད་བཞི་སོགས་ཕ་རོལ་ཏུ་ཕྱིན་པ་ཐོབ་པར་འདོད་པས་ཐམས་ཅད་མཁྱེན་པ་ཉིད་སེམས་བསྐྱེད་པའི་རྩ་བ་བརྟན་པོ་བཟུང་བར་བྱའོ། །བཞི་པ་ནི། དཔེར་ན་གྲོ་དང་སཱ་ལུ་ལ་སོགས་པའི་ས་བོན་ལེགས་པར་བཏབ་ཅིང་ལྗང་བུ་དང་སྡོང་བུ་ལ་སོགས་པའི་རྩ་བ་ལེགས་པར་བཙུགས་ཀྱང་བར་མ་སྐབས་སུ་སད་སེར་གྱིས་བར་ཆད་བྱས་ན་འབྲུའི་ཚོགས་མི་སྨིན་ཞིང་། ཟས་ཀྱིས་འཚོ་བའི་ལུས་ཅན་རྣམས་ལ་ཡང་ཕན་འདོགས་མི་བྱེད་དོ། །

Related Articles