ཕ་ཡུལ་དྲན་པ།

ནགས་ཧ་ཧ་སྐལ་བཟང་།

དཀར་དཀར་གངས་རི་དཀར་པོ་བརྗིད་ཅིང་ཆགས།།
མཐོ་མཐོ་རྫ་རི་སྨུག་པོ་བརྔམས་ཞིང་འགྱིང་།།
ཤང་ཤང་ཆུ་བོ་སྔོ་མོ་དལ་གྱིས་འབབ།།
མཛེས་མཛེས་ཕ་ཡུལ་གངས་ལྗོངས་ལུང་པ་དྲན།།

ལྗང་ལྗང་གཡུ་མདོག་མྱུ་གུ་ཡར་ཡར་རྒྱས།།
ཁྲ་ཁྲ་མེ་ཏོག་སྣ་ཚོགས་རྣམ་པར་བཀྲ།།
སྙན་སྙན་ཁུ་བྱུག་སྐད་ངག་ལྷང་ལྷང་གྲག།།
དུང་དུང་དཔྱིད་ཀྱི་གངས་ལྗོངས་ལུང་པ་དྲན།།

སིམ་སིམ་སྦྲང་ཆར་ཉི་ཤར་ལྷན་དུ་འབབ།།
སིལ་སིལ་དྲོད་འཇམ་རླུང་བུ་གཡོ་དུས་སུ།།
ཤར་ཤར་འཇའ་རིས་སྣ་ཚོགས་མཁའ་ལ་ཤར།།
དྲན་དྲན་དབྱར་དུས་རང་ཡུལ་བོད་དེ་དྲན།།

ཚང་ཚང་བརླན་གཤེར་འཛོམས་པའི་ཞིང་ཁ་རུ།།
ལྡེམ་ལྡེམ་ལོ་ཡག་སྙེ་མའི་མགོ་བོ་གཡོ།།
འཕེལ་འཕེལ་འབྲུ་རིགས་སྣ་ཚོགས་འཕེལ་ཁ་རྒྱས།།
ལྷང་ལྷང་སྟོན་དུས་བསིལ་ལྡན་བོད་ལྗོངས་དྲན།།

འགྲིག་འགྲིག་ཆུ་བོ་སྔོ་མོའི་དར་ཁ་འགྲིག །
ལྷུང་ལྷུང་ཁ་བ་བུ་ཡུག་འབབ་པའི་དུས།།
དཀར་དཀར་ཁ་བ་གངས་རིའི་ཡུལ་ལུང་མཛེས།།
གྲང་གྲང་དགུན་གྱི་ཁ་བའི་ལྗོངས་དེ་དྲན།།

ཡངས་ཡངས་མཚར་སྡུག་ལྡན་པའི་སྤང་ཐང་སྟེང་།།
མང་མང་རྟ་ནོར་ར་ལུག་ཁྱུ་ཚོགས་བཀྲ།།
སྙན་སྙན་རྫི་བོའི་སྐད་ངག་རི་ལུང་ཁྱབ།།
སྤྲོ་སྤྲོ་གངས་རིའི་ལྗོངས་ཀྱི་ཕྱུགས་སྐྱོང་དྲན།།

གཙང་གཙང་སྦྲང་དཀར་རྩམ་པའི་འཚོ་བ་དང་།།
ཞིམ་ཞིམ་ཤ་མར་ཐུད་ཀྱི་ཁ་ཟས་རོལ།།
མངར་མངར་ཀ་ར་བུ་རམ་ནས་ཆང་སོགས།།
ཡང་ཡང་གངས་ལྗོངས་ལྷད་མེད་ཟས་བཅུད་དྲན།།

མཁས་མཁས་གནའ་དེང་རིག་གནས་ཀུན་ལ་མཁས།།
བཙུན་བཙུན་ཕྱི་ནང་སྤྱོད་པ་ཇི་བཞིན་དུལ།།
བཟང་བཟང་ཀུན་ཏུ་བཟང་པོའི་སྤྱོད་པ་ལྡན།།
གུས་གུས་ཁྲིམས་ལྡན་དགེ་འདུན་ཡིད་ལ་དྲན།།

བྱམས་བྱམས་ཉམ་ཐག་རྣམས་ལ་རྟག་ཏུ་བྱམས།།
བརྩེ་བརྩེ་སྐྱེ་འགྲོ་ཀུན་ལ་རིས་མེད་པ།།
འཛུམ་འཛུམ་ཡ་རབ་གཤིས་ཀ་ཡོངས་ལ་ལྡན།།
ལེགས་ལེགས་ཁ་བ་ཅན་རྣམས་ལྷག་ཏུ་དྲན།།

རིང་རིང་ས་ཐག་རིང་བའི་གངས་ལྗོངས་སུ།།
ཆེ་ཆེ་བཀའ་དྲིན་ཆེ་བའི་ཕ་མ་དང་།།
འདྲིས་འདྲིས་བྲལ་ཐབས་མེད་པའི་སྤུན་སྲིང་བཅས།།
དྲན་དྲན་ཁྱེད་རྣམས་དྲན་པས་ལོ་ཟླ་རྫོགས།།

ཆུང་ཆུང་བྱིས་དུས་སྐབས་ཀྱི་རྩེད་གྲོགས་དང་།།
འཛུམ་འཛུམ་རྒོད་སྒྲས་ཁེངས་པའི་ན་ཟླ་དང་།།
སོང་སོང་ཕྱུགས་རྫི་སོང་དུས་རྫི་རོགས་དག །
གསལ་གསལ་བདག་གི་དྲན་ལམ་རྟག་ཏུ་གསལ།།

Related Articles