ལ་དྭགས་འགྲོ་མ་མྱོང་ན།

ནགས་ཤོད་ཅོང་བརྡ།

མཁའ་ལམ་གཅིག་དང་འཁོར་ལམ་གཉིས་ལས་མེད་པའི་ལ་དྭགས་གླེད་ཀྱི་གྲོང་། །
འགྲོ་འདུག་དེ་ཙམ་བདེ་རྒྱུ་མེད་པའི་བྱེ་མའི་མངའ་སྡེ་ཆེན་པོ་དེར། །
ད་ལོ་དུས་དབང་སྐབས་སུ་གོ་སྐབས་བཟུང་ནས་གནས་དེར་ཐེངས་ཤིག་ཕྱིན། །
ལམ་འགག་འཇིགས་ཤིང་འཚོ་བ་དབེན་པའི་ལ་དྭགས་ཡི་དྭགས་གྲོང་ཁྱེར་ཉིད། །

དབུག་ཐེངས་གཅིག་གིས་ཅུང་ཙམ་འགྲེལ་ན་ལ་དྭགས་ཅེས་པ་འདི་མོ་ཙམ། །
གཡང་གཟར་ཕན་ཚུན་དྲན་གདུང་ཚུལ་དུ་དམ་པོར་འཁྱུད་ནས་འོ་བྱས་པ། །
རི་བོ་རེ་རེས་ང་མཐོ་ཁོ་མཐོ་ཞེས་ཏེ་ཕྱི་རྟིང་གནམ་ལ་ཀྱག །
ཆུ་མོ་འགའ་རེར་ཕྲག་དོག་ལངས་ནས་གདོང་པ་དམར་པོར་གྱུར་ཏེ་རྒྱུགས། །

རླངས་འཁོར་ལམ་བུ་སྤྲིན་གསེབ་རྒྱུ་ཞིང་བྱ་རྒྱལ་རྒོད་ཀྱི་ལྟག་སྤུ་མཐོང་། །
ཀྱག་ཀྱོག་གྱེན་ཐུར་ཁ་ཁུགས་མང་བའི་དོག་པའི་ལམ་དེ་ཨེ་མ་འཇིགས། །
དེ་ཡི་སྣེ་མོ་དེ་ན་ལ་དྭགས་ཅེས་པའི་མྱ་ངམ་ཐང་ཞིག་མཆིས། །
བྱེ་མའི་ལ་དང་བྱེ་མའི་ལ་རྣམས་རྫོགས་རྒྱུ་ལར་ནས་མེད་པ་ཞིག །

བྱེ་ཐང་སྐྱ་སྐྱ་སྐྱེ་སེར་རླུང་བུ་ཧུར་རྒྱུགས་བྱེད་སའི་ཡི་དྭགས་ཡུལ། །
ཁ་མིག་བཤང་གསུམ་བྱེ་རྡུལ་འཚང་ནས་གཅིན་སྐྱག་ལྷོད་ལྷོད་གཏོང་ས་མེད། །
འཚོ་རྟེན་ཞིང་ཁ་ར་འགྲམ་ཙམ་ཞིག་ཆུ་མོའི་ངོགས་སུ་མ་ཤི་ཙམ། །
མ་བཅོས་རྩི་ཐོག་འདོམས་སྤུ་ཙམ་ཞིག་བྱེ་ཐང་དེ་ན་རི་བོང་རྭ། །

གྲྭ་བ་མེད་པའི་དགོན་པ་འགའ་རེ་བྲག་རིའི་རྩེ་ན་ར་བཞིན་འཛེགས། །
བསྟན་པ་འཛིན་སྤེལ་བྱེད་མཁན་མེད་ཀྱང་ལྡེ་མིག་འཛིན་མཁན་རེ་འགའ་ཡོད། །
ནོར་བུ་ལ་སོགས་རྒྱུ་རྙིང་མང་པོ་དགོན་པའི་ནང་དུ་རུལ་གྲབས་འདུག །
མི་རྣམས་རྨོངས་ཞེན་ཆེ་ཞིང་སེར་གཟུགས་མཐོང་དུས་མི་རྟག་བ་སྤུ་གཡོ། །

དེང་རབས་ཤེས་ཡོན་ཡུངས་དཀར་ཙམ་ཞིག་ད་དུང་དེ་ན་སྐྱེ་ས་མེད། །
བླ་མ་ཚོང་པ་རྐུན་མ་གསུམ་པོ་ལ་དྭགས་སོང་དང་བཟའ་རྒྱུ་འདུག །
སྐད་བཅད་མ་བྱས་སྔོན་གྱི་བོད་སྐད་ད་མ་དིག་ཅིག་སྨྲ་བཞིན་འདུག །
མེས་པོ་དག་གིས་རྐང་ལག་འདི་ནས་བརྐྱངས་མྱོང་ཡོད་པ་བདེན་པར་མཆིས། །

༢༠༡༤/༧/༡༨/ལ་གྲུབ།

Related Articles