བདག་གི་སྙིང་སྡུག

༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག་ཨང་གཉིས་པ།

སྭ་ར་མཐོ་སློབ་བྱམས་པ་སྒྲོལ་མ།

རིག་པའི་གནས།

མཛེས་སྡུག་ལང་ཚོའི་མེ་ཏོག་ལ།།
མཚར་སྡུག་དྲི་བསུང་འཐུལ་བ་ཡི།།
སྙིང་སྡུག་རིག་གནས་མཛའ་གྲོགས་ཀྱིས།།
བདག་ཡིད་བརྟན་པ་གཅིག་ཅར་ཕྲོགས།།

བཀའ་བསྟན་ཤེས་བྱའི་བང་མཛོད་ན།།
རྣམ་དཔྱོད་གསེར་གྱི་ལྡེ་མིག་གིས།།
སྒྱུ་རྩལ་སྒོ་གླེགས་ཕྱེ་དང་ལྷན།།
རིན་བྲལ་ནོར་བུ་ཐང་མར་བརྡལ།།

འཇིག་རྟེན་མིག་གིས་བསྒྱུར་བ་ཡི།།            
མཁས་པ་དག་གིས་དཔྱད་པ་ཡི།།
གྲུབ་པ་རྣམས་ཀྱིས་བསྒོམས་པ་ཡི།།           
རིག་གནས་སྙིང་གི་འཁྲི་ཤིང་ཡིན།།

སྐལ་ལྡན་བུ་ལ་འདི་ཉིད་གདམས།།        
དཔྱོད་ལྡན་ཡིད་ལ་འདི་ཉིད་འཆར།།
འདོད་ལྡན་སྐྱེས་བོས་འདི་ཉིད་གཉེར།།   
འདི་ནི་འདོད་དགུའི་ཕོ་བྲང་ཡིན།།

ཡར་ཐོན་ས་བོན་འདི་ལས་འཁྲུངས།།
མདུན་སྐྱོད་སོན་རྩར་འདི་ལས་འབུས།།
མཆོངས་ཤིང་ལྡིང་བའི་པཎྟི་ཏ།།
འདི་ཉིད་ཁོ་ནར་བརྟེན་ནས་བྱུང་།།

ཕ་མའི་ཟུངས་ཁྲག་དྭངས་མ་ལ།།
བུ་ཚའི་རྣམ་ཤེས་འདི་ལ་འཁོར།།
རིགས་དང་རུས་པ་མི་གཙོ་བར།།
འདི་ཡིས་རྒྱལ་ཕམ་རུ་ཤན་འབྱེད།།

བསྐལ་པ་ཆགས་པའི་གཉེར་མ་ལ།།
སྲིད་པའི་གྲོང་གི་ཟིན་ཐོ་ལ།།
རྫོགས་སངས་རྒྱས་ཀྱི་ཐེག་པ་ལ།།
འདི་ལས་ལོགས་སུ་མ་མཆིས་སོ།།

སྒྲ་རིག་པ།
ས་འཛིན་དཔལ་དུ་འཇོ་བ་ཡི།།
སྒྲ་ཡི་མཚན་ཉིད་མ་ལུས་ཀུན།།
ལུང་དུ་སྟོན་པའི་རྔ་བོ་ཆེ།།
རིག་གནས་ཀུན་གྱི་སྙིང་བཅུད་ཡིན།།

ཚད་མ་རིག་པ།
མ་རྟོག་ལོག་པར་རྟོགས་པ་་དང་།།
ཐེ་ཚོམ་དྲྭ་བ་མ་ལུས་ཀུན།།
གཅོད་མཛད་རལ་གྲི་རྣོན་པོ་འདི།།
རིག་གནས་ཀུན་གྱི་གོ་ཆ་ཡིན།།

བཟོ་རིག་པ།
ལུས་ངག་ཡིད་ཀྱི་སྟངས་ཀ་དང་།།
ཕྱི་རོལ་ཆོས་ཀྱི་ཉམས་དང་འགྱུར།།
དྭངས་མ་དྭངས་མར་བསྐྲུན་པ་འདི།།
རིག་གནས་ཀུན་གྱི་ཐབས་རྩལ་ཡིན།།

གསོ་བ་རིག་པ།
བེམ་རིག་ལུས་ཀྱི་སྲད་བུ་ཉིད།།
ཡུན་འཚོའི་སྲོག་གི་རྒྱུ་བ་ཡང་།།
མི་ཤིག་གཡུང་དྲུང་གཏམས་པ་འདི།།
རིག་གནས་ཀུན་གྱི་རྟེན་ཕུར་ཡིན།།

ནང་དོན་རིག་པ།
ཆོས་ཅན་མི་བསླུ་རྟེན་འབྲེལ་དང་།།
ཆོས་ཉིད་ཨ་མའི་བཞིན་རས་་དཔལ།།
ཐོས་བསམ་སྒོམ་པའི་ཡང་རྩལ་འདི།།
རིག་གནས་ཀུན་གྱི་དབང་པོ་ཡིན།།

སྙན་ངག་རིག་པ།
སྙན་འཇེབས་ཡན་ལག་དྲུག་ཅུའུ་དབྱངས།།
ཐོས་འཛིན་བུ་གའི་བཅུད་དུ་ལེན།།
མི་ཟད་ཉམས་འགྱུར་རྫོགས་པའི་གླུ།།
རིག་གནས་ཀུན་གྱི་རྒྱན་ཆ་ཡིན།།

མངོན་བརྗོད།
དོན་གཅིག་ཆོས་ཀྱི་གནས་ལུགས་ལ།།
སྣ་ཚོགས་མངོན་པར་བརྗོད་པ་ཡིས།།
ལྷུབ་ལྷུབ་རྒྱན་གྱིས་མཛེས་པར་སྒྲུབ།།
རིག་གནས་ཀུན་གྱི་དོ་ཤལ་ཡིན།།

སྡེབ་སྦྱོར།
ཡང་དང་ལྕི་བའི་གནས་བབ་དག །
མཚུངས་བསྡུར་ངག་གི་འདོད་འཇོ་ལ།།
གོ་སླ་བརྗོད་བདེའི་རང་བྱུང་སྒྲ།
རིག་གནས་ཀུན་གྱི་གཞུང་ཤིང་ཡིན།།

ཟློས་གར།
རང་སྣང་ལྷུན་གྲུབ་རོལ་མོའི་མདངས།།
འཁྱོལ་ཞིང་སྒྱུ་རྩལ་མ་ལུས་ཀྱི།།
རྗེ་བོ་ཟློས་པའི་གར་བསྒྱུར་བ།།
རིག་གནས་ཀུན་གྱི་གཙུག་རྒྱན་ཡིན།།

སྐར་རྩིས།
མུ་ཁྱུད་ནམ་མཁའི་ལྕགས་རི་ཡིས།།
བསྐོར་བ་སྲིད་པའི་གྲོང་ཁྱེར་ན།།
གྲངས་དང་སྲང་སོགས་གཞལ་ནུས་པ།།
རིག་གནས་ཀུན་གྱི་འདྲེན་བྱེད་ཡིན།།

དེང་དུས་རིག་གནས།།
ཤེས་བྱའི་ལྷ་ལམ་དཀྱིལ་འཁོར་དུ།།
འཕུར་ལ་གཤོག་ཟུང་མཆིས་དགོས་ལྟར།།
མདུན་སྐྱོད་ཡར་ཐོན་དཔལ་ཡོན་དག །
སྤེལ་ལ་འདི་ཉིད་གཙིགས་སུ་ཆེ།།

དེ་སྐད་གོ་སླ་སྙན་པའི་རིག་བྱེད་ངག །
མ་བཅོས་ལྟེམ་པ་ཡིད་ཀྱི་མཚོ་མོ་ལས།།
དྲངས་པའི་རླབས་ཀྱི་ཟེགས་མ་འཐོར་བ་ཡིས།།
དུས་རིང་གདུང་བའི་ངལ་བ་ཞི་གྱུར་ཅིག །

མ་འདྲེས་བཅུ་ཕྲག་རིག་པའི་གཞུང་ལུགས་ལ།།
མ་འབད་མཁས་པའི་ཁྲི་འཕང་མི་བགྲོད་ན།།
མ་འོངས་ཁ་བ་གངས་ཀྱི་རིག་གནས་ལ།།
དུང་ཞེན་སྙིང་གི་མེ་ཏོག་འཐོར་བར་མཛོད།།

ས་རཱ་མཐོ་སློབ་ནས་སྤྱི་ལོ༢༠༡༣  ཟླ  ༨  ཚེས   ༡༨  ཉིན་བྲིས་སོ།

Related Articles