དུས་རབས་ཀྱི་གླིང་བུ།

༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག་ཨང་གཉིས་པ།

སེར་ལྷོ་སྐལ་བཟང་ཐར་འདོད།

ར༵བ་འབྱམས་ཚོགས་གཉིས་བྱེ་བས་བསྐྲུན་པའི་ར༵བ་མཛེས་ཡིད་འོང་གང་གི་སྐུ༵།།
ར༵བ་མང་འགྲོ་བའི་རྨོངས་མུན་སེལ་མཛད་ར༵བ་མཆོག་ཡང་དག་སྟོན་པའི་གསུ༵ང་།།
ར༵བ་ཡངས་མཁྱེན་པའི་བརྩེ་ཆེན་ལས་བྱུང་ར༵བ་གསལ་ཀུན་མཁྱེན་ཡེ་ཤེས་ཐུ༵གས།།
ར༵བ་དཀར་བདག་བློའི་ལྷ་རྫས་པད་ཁ་ར༵བ་འབྱམས་མགོན་གྱི་ཕྱོགས་སུ་གྲོལ།།

ལེགས་ཉེས་བློ༵་གྲོས་རྩལ་གྱིས་རྣམ་པར་འགྱིངས།།
དཔྱད་སྟོབས་རིགས་བཟ༵ང་གད་རྒྱངས་ཕྱོགས་ཀུན་བསྒྲགས།།
གྲ༵གས་པས་མཁས་ཀུན་སྡེར་ཆགས་ཟིལ་གནོན་པའི།།
གངས་ཅན་གཡུ་རལ་བསིགས་པའི་གདོང་ལྔར་འདུད།།

ར༵བ་ཡངས་མཁྱེན་པའི་ཆུ་གཏེར་ལས་འཁྲུངས་ཤིང་།།
ར༵བ་མཛེས་ནོར་མཆོག་ཡིད་འོང་སྨིན་ལེགས་མས།།
ར༵བ་མང་འགྲོ་བའི་སེམས་ཀྱི་མི་ཤེས་མུན།།
ར༵བ་བསལ་མྱུར་མ་དབྱངས་ཅན་དགའ་མས་སྐྱོངས།།

མཁ༵ས་པའི་རྣམ་དཔྱོད་ལྷུན་པོའི་བང་རིམ་མཛེས།།
བཙུ༵ན་པའི་བསླབ་ཁྲིམས་ཉི་གཞོན་མདངས་ཀྱི་གཟིས།།
བཟ༵ང་སྤྱོད་ཁྲིམས་ཀྱི་རབ་མཛེས་ལྷ་རྫས་རྒོད།།
འགྲོ་ཁམས་བུང་བས་དགའ་བདེར་སྤྱི་བོས་མཆོད།།

རྫས་ཚོགས་འཁྲུ༵ག་ཆ༵་དོ༵ད་པ༵ར་སྟོང་པའི་ཁམས།།
གཟའ་སྐར་འཁྲུ༵ག་ཆ༵་དོ༵ད་པ༵ར་ཉི་མའི་ཁྱིམ།།
རླུང་ཁམས་འཁྲུ༵ག་ཆ༵་དོ༵ད་པ༵ར་ས་སྒང་སྟེང་།།
སེམས་ཁམས་འཁྲུ༵ག་ཆ༵་དོ༵ད་པ༵ར་དེང་དུས་ཁྲོད།།

ར༵ང་འདོད་ཕུག་བསམ་དབེན་པའི་བྱིས་པ་ཡིས།།
ར༵ང་སྣང་གང་དྲན་ཤར་བའི་སྐད་ཀྱི་གདངས།།
ར༵ང་བློས་མ་བརྟག་སྐྱོན་དུ་འགྱུར་སྲིད་ན།།
ར༵ང་ནོན་ཅི་མཆིས་མཁས་ཀུན་དབུས་སུ་འཆགས།།

སྣ༵་ཚོ༵གས་འགྲོ་བློ་བཟང་ངན་སེམས་ཀྱི་གཤིས།།
སྣ༵་ཚོ༵གས་སེམས་ཀྱི་གཞི་རྟེན་གཉུག་མའི་ཁམས།།
སྣ༵་ཚོ༵གས་རྙོག་མའི་སྐྱོན་གྱིས་མ་སླད་པས།།
སྣ༵་ཚོ༵གས་བློ་གྲོས་རྒྱས་པའི་གཞི་རྩར་ཚུགས།།

མཛེ༵ས་དཔྱོད་རྣམ་གསལ་ཡིད་འོང་ཚིག་གི་ལུ༵ས།།
ལུ༵ས་མཛེས་རིན་ཆེན་གནའ་བོའི་སྲོལ་གྱིས་བརྒྱ༵ན།།
རྒྱ༵ན་མཆོག་རྟོག་བཏགས་ཙམ་གྱི་ཤེས་པའི་ཁ༵མས།།
ཁ༵མས་མཐུན་ཐ་སྙད་ཀུན་སྤྱོད་རིག་པས་མཛེ༵ས།།

གཏིང་མཐའ་མི་མངོན་སྲོལ་རྒྱུན་ཆུ་གཏེར་ཆེར།།
ཕྱོགས་ཀུན་དེང་རབས་ཚན་རྩལ་རླབས་ཀྱིས་བསྐྱོད།།
སྣ་ཚོགས་རིག་གསར་འཕྲུལ་གྱི་གྲུར་བརྟེན་ནས།།
མཁོ་རྒུའི་ནོར་མཆོག་བརྩོན་པའི་ལས་ལ་བྲེལ།།

མཐའ་མེད་སྦྱངས་བརྩོན་མྱོང་བའི་དྲི་བཞོན་གྱིས།།
བགྲང་ཡས་ཚིག་ཚོགས་སྤྲིན་གྱི་འདབ་མ་གཡོས།།
རབ་ཡངས་རྣམ་ཤེས་དྭངས་གསལ་ནམ་མཁའི་ཁམས།།
ཕྲ་རྫས་དབང་རྩའི་འགུལ་སྐྱོད་རྒྱུ་སྐར་བཀྲ།།

ཟ༵ད་མཐའ་མེད་པར་ཟབ་ཕྲ་གཉུག་མའི་གཤི༵ས།།
གཤི༵ས་ལུགས་རྒྱ་ཆེར་མཁྱེན་པའི་རྣམ་ཤེས་ཁ༵མས།།
ཁ༵མས་ཀུན་དཔྱད་པར་གནས་ལུགས་ངོ་བོའི་ཆ༵།།
ཆ༵་ཤས་མ་འདྲེས་བསལ་བས་ལོག་རྟོག་ཟ༵ད།།

རྙོག་ཅན་དབང་རྩ་དོག་པོའི་ཚང་ཚིང་ནགས།།
རྫས་འགྱུར་གློག་ནུས་སྣ་ཚོགས་གཅན་གཟན་རྒྱུ།།
ཀླད་རྙིང་མཁྲེགས་པས་མི་ཤེས་ལྐུག་པའི་ལུག།།
འགྱུར་འགྲོས་འབྲེལ་མཐུད་ཁམས་མཐུན་སྡེར་ཆགས་ཟས།།

རགས་པ་དབང་པོའི་ཚོར་ཤེས་རྫས་ནུས་ཀྱིས།།
འབྱུང་བར་བཞེད་པས་གསལ་རིག་རྣམ་ཤེས་དོན།།
ཁས་ལེན་མེད་པའི་དེང་གི་རིག་གསར་ལ།།
ཐོགས་མེད་སྐྱེ་བའི་འགྲེལ་བརྗོད་དགོས་པ་ཆུང་།།

ལྷོད་མེ༵ད་བརྩོན་པ་དྲག་པོའི་རླུང་ཤུགས་ཀྱིས།།
གྲངས་མེ༵ད་ལྷག་བསམ་གཡོ་བའི་ཆུ་ཡི་རླབས།།
ངོམས་མེ༵ད་སྦྱངས་སྟོབས་རྫོགས་པའི་གསེར་མིག་ཉས།།
མཐའ་མེ༵ད་རླབས་ཕྲེང་བརྒལ་ལ་རང་དབང་འཕྱོ།།

སྣང་སྟོ༵ང་སྟོ༵ང་སང་རབ་ཡངས་རྒྱ་མཚོའི་གོས།།
ཀུན་རྫོ༵བ་རྫོ༵བ་སྣང་མཚམས་སྤྲིན་མདངས་ཀྱིས་མཛེས།།
གཉུག་སེ༵མས་སེ༵མས་ཀྱི་མཁའ་སྤྲིན་འདབ་མ་འཐོར།།
སྒྱུ་ལུ༵ས་ལུ༵ས་མཆོག་ཟུང་འཇུག་པད་ཁ་གྲོལ།།

ག༵ངས་དཀ༵ར་གནས་སུ་ལྟེ་ཁྲག་འཕོས་པའི་བུས།།
ག༵ངས་དཀ༵ར་འཚོ་བའི་ཕ་གཞིས་སྐད་ཀྱི་གདངས།།
ག༵ངས་རི༵འི་བུ་ཡིས་རང་འཁྲིའི་ཁུར་བོར་ན།།
ག༵ངས་རི༵འི་ཟུངས་ཁྲག་ལྡན་པའི་དོན་གོ་ཆུང་།།

མཁས་ཀུན་དགྱེས་པའི་སྡེབ་སྦྱོར་མེད་ན་ཡང་།།
བླུན་རྨོངས་སུན་པའི་ཚོར་སྣང་ཅི་ལ་སྦྱིན།།
དེང་རབས་མཁས་པའི་གྲལ་དུ་མེད་ན་ཡང་།།
རྨོངས་ཞེན་མཁྲེགས་པའི་རྗེས་སུ་ཅི་ལ་འབྲང་།།

བཏང་སྙོམས་བསྒོམས་པའི་གོམས་འདྲིས་མེད་ན་ཡང་།།
ཕྱོགས་རིས་ཅན་གྱི་རྗེས་སུ་ཅི་ལ་སྙེགས།།
བདག་གཞན་བརྗེ་བའི་བློ་སྤོབ་མེད་ན་ཡང་།།
ཕུག་བསམ་མེད་པར་རང་བདེ་ཅི་ལ་འཚོལ།།

ཚོགས་གཉི༵ས་ལྕུག་ཕྲན་རབ་མཛེས་འདབ་མ་འབུམ།།
བདེན་གཉི༵ས་འཇུག་ལྡོག་ལྗོན་བཟང་རྩ་བ་རྒྱས།།
སྒྲིབ་གཉི༵ས་གྲོལ་བའི་སྣ་མང་འབྲས་བུས་དུད།།
དོན་གཉི༵ས་ཕུན་ཚོགས་ལྗོན་བཟང་རྒྱལ་གྱུར་ཅིག །

ཅེས་པ་འདི་ནི་རང་རིགས་ལ་དུང་བའི་ལྷག་བསམ་དང་རྣམ་དཔྱོད་ཀྱི་ཆ་ཤས་ཡོངས་སུ་རྫོགས་པ།   ནགས་ལྷའི་སྒྲོན་མེ་རྩོམ་སྒྲིག་ཁང་གིས་ཐུགས་ཁུར་ཆེ་བཞེས་ཐོག་དེང་དུས་ཀྱི་རྩོམ་རིགས་ལ་དགའ་བའི་རང་ཁོངས་ཀྱི་གཞོན་སྐྱེས་རྣམས་ལ་ཆེད་དམིགས་ཀྱིས་གནའ་དེང་གི་རྩོམ་རིགས་དག་ལ་བྱང་ཆ་འཐོབ་སླད་རྩོམ་རིགས་འགྲན་སྡུར་གོ་སྒྲིག་ཞུས་པ་བཞིན།   བདག་ལྟ་བུས་རྣམ་དཔྱོད་བློ་གྲོས་ཀྱིས་འཇུག་པའི་བང་རྩལ་འགྲན་པའི་སྤོབ་པ་མེད་ནའང་བདག་ཉིད་ལ་བརྙས་པའི་ལེ་ལོའི་དབང་དུ་མ་བཏང་བར་གོ་སྐབས་ཀྱི་ཆ་ཤས་ལེན་པ་ལ་དགའ་སྤྲོ་དང་བཅས།    རབ་གནས་ཆུ་སྦྲུལ་ཆུ་སྟོད་ཟླ་བའི་དམར་ཕྱོགས་བཟང་པོ་གསུམ་པའི་ཉིན་སེ་རའི་རང་ཤག་ཏུ་འཇུག་གྲུབ་པར་བགྱིས་པའོ།།།།

Related Articles