རིག་གནས་ཀྱི་ནང་སྙིང་འཚོལ་བ།

༢༠༡༣ ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག་ཨང་གསུམ་པ།

སེར་ལྷོ་བསྟན་འཛིན་བསོད་ནམས།

ཡ་ཐོག་དང་པོའི་མི་ཡི་བྱུང་རབས་དག །
ཇི་ལྟར་བརྒྱུད་མིན་ཇི་བཞིན་བཤད་དཀའ་ལ།།
རྡོ་ཡི་དུས་རབས་ལ་སོགས་མུན་ཁྲོད་དུ།།
ཅི་ཞིག་མྱོང་མིན་ཇི་བཞིན་ཤེས་དཀའ་ཡང་།།

འགྲོ་བ་མི་ཡི་མེས་པོ་གོང་མ་ཚོ།།
འཇུག་ལྡོག་གནས་ལ་རྨོངས་པའི་དུད་འགྲོ་ལྟར།།
རང་རང་ལྟོ་དང་རྒྱབ་ཀྱི་དོན་ཙམ་ལས།།
རིག་གནས་ནོར་གྱིས་ཕོངས་ལ་སུ་ཡིས་བསྙོན།།

མཐོ་རིམ་མི་བུའི་ལྷན་སྐྱེས་ཀླད་ནུས་དེ།།
སྣང་བའི་ཕྱོགས་སུ་གོམ་ཁ་བསྒྱུར་དང་ལྷན།།
རིག་གཞུང་སྨིན་ལེགས་མ་ཡི་འཕྱོར་སྒེག་ཉིད།།
རྡོག་གཟུགས་གོ་ལ་འདི་རུ་སྨིན་འགོ་ཚུགས།།

དེ་ལྟར་སྟོང་ལོ་དུ་མའི་ཡར་སྔོན་ནས།།
འགྲོ་བ་མི་ཡི་ཤེས་རབ་སྟོབས་རྩལ་ལས།།
ཕྱི་དང་ནང་གི་ལྟ་གྲུབ་གཞུང་ལུགས་སོགས།།
སྣ་ཚོགས་རིག་གནས་མྱུ་གུ་འབུས་པར་གྱུར།།

དེ་ལྟར་བྱུང་ནས་ཡལ་བའི་གཟུགས་བརྙན་ལ།།
ད་ལྟ་རི་མོའི་ལམ་ནས་བལྟ་རྒྱུ་ལས།།
ཇི་བཞིན་མྱོང་བ་སྔོན་དུ་མ་སོང་བས།།
འཁྲུལ་མེད་བཤད་མཁན་ས་འདིར་དཀོན་ཚོད་རེད།།

འཛམ་གླིང་རྒྱལ་ཁབ་མི་རིགས་མི་འདྲ་བར།།
ཐམས་ཅད་རང་རང་རིགས་གནས་དར་རབས་དང་།།
རིགས་གནས་སྙིང་པོ་འཛིན་ཚུལ་མི་འདྲ་སོགས།།
ཀུན་མཁྱེན་མིན་པ་སུ་ཡིས་བརྗོད་པར་ནུས།།

འུ་ཅག་མེས་པོ་སྤྲེལ་རྒན་རྒྱུད་པ་འདིར།།
རིག་གནས་སྨིན་ཚུལ་འཕོ་འགྱུར་ཕྱིན་ཚུལ་སོཊ།།
རིག་གནས་ནང་སྙིང་གང་ཞིག་ཡིན་མིན་སོགས།།
ཅུང་ཙམ་གསལ་ཕྱིར་སྨྲ་བྱེད་འདི་ན་འགུལ།།

ཡབ་མེས་བོན་པོའི་བཤད་ཚུལ་སྒོ་བསྟུན་ན།།
སྟོང་ཕྲག་ལོ་ངོ་དུ་མའི་ཡར་སྔོན་ནས།།
གངས་ལྗོངས་འགྲོ་བ་མི་ཡི་བྱུང་རིམ་དང་།།
རིག་གནས་དར་བའི་དུས་ཡུན་རིང་རབས་ཟེར།།

དུས་གསུམ་གཟིཊ་པའི་མངོན་ཤེས་མེད་པ་དང་།།
ལོ་རྒྱུས་གླེགས་བམ་ཀློག་གྲངས་ཉུང་བ་དང་།།
གཞན་ཡང་འུད་བཤད་སྤོབས་པས་ཕོངས་པས་ན།།
འདི་དག་དགག་སྒྲུབ་བཤད་པ་བདག་ལ་མེད།།

འོན་ཀྱང་སྔོན་བྱུང་མཁས་པའི་ཟིན་ཐོ་དང་།།
ད་ལྟ་ཚད་ལྡན་མཁས་པས་གསུང་ཚུལ་སོགས།།
ལེགས་གསུང་འདྲེན་བྱེད་ཡུལ་དུ་གསལ་བ་ལྟར།།
རང་ནུས་ཅུང་ཟད་བཤད་ལ་སུ་ཡིས་འགོག།།

ཡོངས་གྲགས་སྤྱི་ལོ་དུས་རབས་བདུན་པ་ནས།།
གཟེངས་སུ་ཐོན་པའི་འགྱུར་ལྡོག་ཆེན་པོ་བྱུང་།།
གདོང་དམར་བོད་ཀྱི་ལོ་རྒྱུས་རིང་མོའི་ནང་།།
རྒྱལ་ཐོག་ཞེ་གཉིས་གསེར་རིའི་ཕྲེང་བའི་ཁྲོད།།

ལྷུན་པོ་ལྟར་འཕགས་མེས་པོ་སྲོང་བཙན་དེས།།
སྙིང་སྟོབས་འགྱུར་མེད་རྡོ་རྗེའི་གོ་གྱོན་ཏེ།།
ཕྱི་ནང་ཟུང་གི་འཐབ་ཡ་ཚར་བཅད་ནས།།
རིག་པའི་གནས་ཆེན་ལྔ་ཡི་སྒོ་འཕར་ཕྱེས།།

དེ་ལྟར་སྤྲེལ་རྒན་གཙང་མའི་རྒྱུད་པ་ལ།།
སྔོན་མེད་ལོ་རྒྱུས་སྟོང་གི་རི་མོ་བཞག །
ཡབ་ཆེན་ཁོང་གི་མཛད་རྗེས་གཟུགས་མཆིས་ན།།
སྟོང་གསུམ་འཇིག་རྟེན་འདི་ཡང་སྣོད་དུ་ཆུང་།།

རྨོངས་མུན་རྡུལ་གྱིས་ཁེངས་པའི་མུན་ཁྲོད་དེར།།
རིག་གནས་མཁའ་དབུགས་གཙང་མའི་འགྲོ་ལམ་ཞིག།།
བྱེད་པོ་ཚངས་པས་བཟོ་སྐྲུན་མ་ནུས་ན།།
འབད་མེད་སྟབས་ལེགས་བྱུང་བ་ག་ལ་སྲིད།།

ཡབ་ཆེན་སྲོང་བཙན་གཟི་བྱིན་ལས་འཕྲོས་པའི།།
བློན་པོ་ཐོན་མིའི་རྣམ་དཔྱོད་ཤེས་རབ་ཀྱི།།
རྣོ་འབར་རལ་གྲིའི་སོ་ཁ་བརྡར་བ་ཡིས།།
གངས་ལྗོངས་སྨག་མུན་ལྗོན་པའི་རྩ་བ་བཅད།།

ཀ་མེད་སུམ་ཅུའི་དབྱངས་རྟ་སྙན་པོ་དེ།།
བྷོ་ཊའི་ལྷན་སྐྱེས་སྐད་ཀྱི་གདངས་འཛིན་ཏེ།།
དབྱངས་བཞིའི་པི་ཝང་འགྲོས་དང་ལྷན་གཅིག་ཏུ།།
གངས་ལྗོངས་གཞོན་ནུའི་རྣ་བའི་གསོས་སུ་སྨིན།།

ད་ལྟ་འཕེལ་རིམ་རྒུད་པའི་མཐར་ཐུག་ཀྱང་།།
དབྱངས་གསལ་སོ་བཞིའི་ཚེ་སྲོག་ལྷག་མ་ལ།།
འཐམ་བཞིན་ཐོན་མི་བཀའ་དྲིན་ཆེ་འོ་ཞེས།།
བསྟོད་པའི་དབྱངས་སྙན་ཕྱོགས་ཀུན་སྒྲོག་བཞིན་མཆིས།།

འོན་ཀྱང་དུས་ངན་རླུང་འཚུབ་ཆེན་པོའི་ཁྲོད།།
ཁྱོད་ལ་བསྔགས་པའི་བསྟོད་ཚིག་སྒྲོག་མཁན་ཚོ།།
རང་ཉིད་འདུག་ས་བརྟན་པོ་མེད་དང་གཅིག །
དྲག་རླུང་ངེས་མེད་ལྡང་ཤུགས་ཆེ་བས་ན།།

ཁྱོད་ལ་བསྟོད་པའི་དབྱར་རྔ་རྡུང་བའི་སྐབས།།
ཚེ་སྲོག་གཡང་ཁར་ཟག་པའི་ཉེན་ཁ་འདི།།
ཟློག་མེད་སྔོན་ལས་ཤིག་གིས་བཟོས་པ་འམ།།
གཡོ་ཅན་བསམ་ངན་ཞིག་གི་འདུ་འགོད་ཡིན།།

བཙན་པོའི་རྒྱུད་པ་གཞན་འོག་ཚུད་དང་གཅིག །
རིག་པའི་གཞུང་ལ་བཙན་འཛུལ་བྱུང་དང་གཉིས།།
གཞོན་སྐྱེས་བསླུ་བྲིད་རྒྱུ་ལ་རྔམ་དང་གསུམ།།
ལྷན་གཅིག་འབྱུང་འདི་སུ་ཡིས་བཟོད་ནུས་སམ།།

རིག་གཞུང་ལེགས་དང་ཉེས་ཀྱི་ཤན་འབྱེད་དེ།།
མི་ཡི་སྤྱི་ཚོགས་དག་ལ་མཁོ་མིན་ལས།།
ལོ་རྒྱུས་རིང་མིན་པུ་ཏི་མང་ཉུང་མིན།།
ཞེས་པའི་བཤད་ཡམས་འདི་ཀོ་བདེན་སྲིད་ཀྱང་།།

རིག་གནས་རྒྱལ་ཕམ་དབང་ཤུཊ་བཙན་མིན་གྱིས།།
ཐག་གཅོད་བྱས་པ་འཛམ་གླིང་འདི་ན་མང་།།
རང་ཚུགས་ཐུབ་པའི་སྐད་ཡིག་གྲངས་མང་ཞིག།།
ནམ་མཁའི་ཀློང་དུ་ཐིམ་པའི་རྗེས་ལ་ལྟོས།།

བཙན་པོའི་སྙིང་སྟོབས་བློ་ཡིས་དྲངས་པ་དང་།།
མེས་པོའི་རྣམ་ཤེས་ཁྲི་འབུམ་འཁོར་རྟེན་ཏེ།།
དབྱངས་གསལ་སོ་བཞིའི་ད་ལྟའི་གནས་བབ་དེ།།
ལྕགས་ཀྱུས་ཟིན་པའི་ཉ་མོའི་ཚེ་སྲོག་བཞིན།།

མེས་པོས་ཁྲག་གིས་བསྐྲུན་པའི་དབྱངས་གསལ་གཟུཊ།།
ཆོས་ལྡན་བོད་མིའི་སྙིང་ནོར་དམ་པ་སྟེ།།
འཛམ་གླིང་མཐོ་སྒང་གངས་ལྗོངས་རྒྱལ་ཁབ་ཀྱི།།
མེད་ཐབས་མེད་པའི་མཚོན་བྱེད་ངོ་མ་ཡིན།།

འདི་ན་ཁོ་བོའི་དཔྱད་ཞིབ་རིང་མོའི་ཁྲོད།།
ཕྱི་དང་ནང་གི་བཙན་རྒོལ་ཕྲ་མོའི་འོག།།
རང་གི་སྙིང་ནོར་འཁྱེར་བའི་རྐུ་ངན་ཞིག།།
ཚུར་ཚུར་འུ་ཚོའི་འཁྲིས་སུ་ཡོང་བཞིན་འདུག།།

Related Articles