སྙིང་གཏམ་ལྕགས་ཀྱི་མདའ་མོ། །

རེ་རྟོག་གི་གཞུ་མོ་ལས་ཐལ་བའི་སྙིང་གཏམ་ལྕགས་ཀྱི་མདའ་མོ། །

རྩམ་ཟན་བོད་པ་ཚང་གི་བུ་ཕྲུག་རྣམས། ། སྒྲ་འཛིན་བུ་ག་ལན་གཅིག་བདག་ལ་གསོན། །
ཟོལ་སྦྱོར་ཚིག་གི་ངོ་བསྟོད་མ་ཡིན་པའི། །ལར་ཞེན་སེམས་ཀྱི་སྙིང་གཏམ་གླེང་ན་འདོད། །

འཇིག་རྟེན་ཁམས་འདིར་ངུ་ངག་དང་བཅས་ཏེ། ། ཞ་ལོང་ལྐུག་གསུམ་ཚང་བའི་ཤ་རྡོག་དེ། །
སྨྲ་ཤེས་དོན་གོ་འགྲོ་བ་མི་གྲལ་དུ། ། ཚུད་པ་འདི་ནི་དྲིན་ཅན་ཕ་མའི་དྲིན། །

ཅི་འདོད་སྣ་རྒུ་བསྩལ་ཀྱང་མི་མགུ་བའི། ། དབང་ཆེན་བཙན་པོ་ཁྱོད་ཀྱིས་ད་དུང་ཡང༌། །
སྐྱག་གཅིན་ལ་སོགས་མི་གཙང་ཡོད་ཚད་ཀུན། །འདོར་སའི་དྲིན་པོ་ཆེ་དེ་ཅི་ཡིས་ཉེས། །

སུག་བཞི་གོག་ནས་འགྲོ་བ་དུད་འགྲོ་ཉིད། ། མི་གཙང་དྲི་ངན་འཐུལ་བའི་ལུས་འཆང་ནས། །
མི་སྙན་ངུ་སྐད་གནམ་ས་འགེངས་པའི་དུས། ། སྙན་མོའི་ངག་གིས་བསུ་བའི་དྲིན་ཅན་སུ། །

མིག་གིས་མཐོང་དང་རྐང་པ་འདེགས་འཇོག་དང༌། ། ངག་གི་སྨྲ་བརྗོད་ཤེས་ཀྱང་རང་ཉིད་ལ། །
དྲིན་ཅན་ཕ་མའི་བྱམས་བརྩེས་མ་བསྐྱངས་ན། ། ལུས་སྲོག་འཚོ་བའི་ཐབས་ལམ་གང་དུ་འཚོལ། །

དེ་ལྟར་བྱ་དཀའི་བྲན་དུ་བཀོལ་ན་ཡང༌། ། རེག་འཇམ་གོས་དང་ཞིམ་མངར་གཉིས་འཛོམས་ཟས། །
རྩེ་ཕུད་བྱིན་ནས་ལྷད་མེད་བྱམས་བརྩེ་ཡིས། ། སྙིང་ནོར་ཞེས་པའི་དབྱངས་རྟ་སུ་ལ་གྱེར། །

དུས་བཞིའི་ཚ་གྲང་གདུང་ཡང་ཉིན་མཚན་ཀུན།། ངལ་མེད་བརྩོན་པས་ལས་རིགས་སྣ་ཚོགས་ལ། །
ངོམས་མེད་གཡོག་པོའི་ངང་ཚུལ་ཅན་དེས་ནི། ། འཁོ་རྒུའི་འབྱོར་བ་བསྐྲུན་པ་སུ་ཡི་དོན། །

ཟས་ལྷག་གོས་རྙིང་ཙམ་གྱིས་ཆོག་ཤེས་ཤིང༌། ། ཕྱི་ནང་ལས་དོན་ཆེ་ཕྲ་ཅི་མཆིས་ཀྱང༌། །
རང་ཉིད་ཁོ་ནའི་ཕྲག་པར་ཉེར་བླངས་ནས། ། ཞུམ་མེད་སྙིང་སྟོབས་བསྐྱེད་པ་སུ་ཡི་དོན། །

ཁྱེད་ཉིད་འཕྲལ་ཕུག་བདེ་བའི་ཐབས་ལམ་ལ། ། བླང་དོར་ལམ་བཟང་སྩོལ་བའི་ཕ་མ་ཡི། །
རིན་བྲལ་བསླབ་བྱ་ཟབ་མོའི་གསུང་ལེན་དུ། ། ཚིག་རྩུབ་འབྲུག་སྒྲ་མ་སྒྲོགས་ཨ་མའི་བུ། །

ཁྱོད་ཀྱི་དོན་དུ་འཁྱགས་ལྟོགས་ཕམ་ཁ་ཁུར། ། ད་ལྟ་ཡོད་ཚད་ཁྱོད་ཀྱི་ཆེད་དུ་གཏོང༌། །
མ་འོངས་རེ་ལྟོས་ཁྱེད་ལ་བཅོལ་འདུག་ན། ། ཁོང་གི་ཐུགས་རེ་བསྐང་དང་ཕ་བཟང་བུ། །

བསམ་ཞིང་བརྗོད་དུ་མེད་པའི་བཀའ་དྲིན་རྣམས།། མཛུབ་མོ་ནང་དུ་བཀུག་ནས་ཞིབ་མོའི་བློས། །
ལེགས་པར་བརྟགས་ཅིང་ངེས་ཤེས་རྙེད་གྱུར་ན། ། དྲིན་གྱི་ལན་མོ་འཇལ་འདོད་ངང་གིས་སྐྱེ། །

རིན་ཆེན་རྟེན་བཟང་སྐྲུན་པོ་རྣམ་གཉིས་ལ། ། བསྙེན་བཀུར་ཞབས་ཏོག་ཚུལ་བཞིན་སྒྲུབ་པ་འདི།།
ཡ་རབ་གཤིས་བཟང་ཞིང་གི་གནས་མཆོག་ཏུ། ། ཐོག་མར་འཇུག་པའི་སྒོ་མོ་དང་པོ་ཡིན། །

གཞོན་ནུ།
བཅུ་དྲུག་ལོ་ཡི་ན་ཚོད་སྨིན་པའི་ཚེ། ། གནས་ལྔ་རིག་པའི་གཞུང་གི་སྐྱེད་ཚལ་དུ། །
རྟག་གུས་བརྩོན་པའི་འཕུར་ལྡིང་གར་བསྒྱུར་ནས། ། ཤེས་རིག་སྦྲང་རྩི་འཐུང་ལ་ངོམས་མེད་བྱོས། །

ན་ཚོད་སྨིན་ཡང་ཞིང་འབྲོག་ལས་ཀ་ཙམ། ། མགོ་བོ་འཁོར་ནས་ལང་ཚོ་ཡོལ་བའི་ཚེ། །
ཅི་ཡང་མི་ཤེས་དུས་རབས་གསར་པ་ཡི། ། ལུག་རྒན་ཞེས་ནས་སྨད་ཀྱང་འོས་པ་ཡིན། །

རིན་ཆེན་གསེར་ལས་རིན་ཐང་ཆེ་བ་ཡི། ། བློ་རིག་རྣམ་པར་བཀྲ་བའི་དུས་ཐུང་འདིར། །
ཤེས་བྱ་རིག་པའི་གནས་ལ་མ་རེམས་ན། ། ཡ་ཐོད་གཉེར་མས་བཀབ་དུས་འགྱོད་ཀྱང་ཕྱིས། །

དེང་དུས་འཛམ་གླིང་ཤེས་བྱ་རིག་པ་ཡི། ། ཡར་རྒྱས་མཐའ་མེད་འཕེལ་ཡང་ཁྱེད་ཉིད་ནི། །
སྐད་ཡིག་ཙམ་ཡང་མི་ཤེས་རྨོངས་གྱུར་ན། ། དུད་འགྲོ་རྐང་གཉིས་པ་ཞེས་བརྗོད་ཀྱང་ཆོག །

ཕྱི་ཚུལ་རྒྱན་དང་གྱོན་པ་རྫིག་ན་ཡང༌། ། ནང་དུ་སྐྱེས་སྦྱོང་ཡོན་ཏན་མེད་གྱུར་ན། །
རག་གན་གསེར་དུ་བརྫུས་པའི་ངང་ཚུལ་ལ། ། དཔྱད་ན་ཁྱོད་ལ་རིན་ཐང་ཆུང་བ་ཡིན། །

རིན་ཆེན་རིག་པའི་འབྱུང་གནས་སློབ་གྲྭ་རུ། ། ཤེས་རིག་སྣ་དགུ་སྦྱངས་པའི་ཡོན་ཏན་དེས། །
གཞན་ལ་ཕན་པར་འདོད་ན་གཞན་ཕན་གྱི། ། ལྷག་པའི་བསམ་པ་བཟང་པོའི་རྒྱབ་རྟེན་དགོས། །

སྦྱངས་པའི་སྟོབས་ཀྱིས་མི་ཤེས་དགུ་ཤེས་ཤེས།། རང་སེམས་གྱོང་པོ་བྱམས་བརྩེའི་བརླན་དང་བྲལ། །
ཤེས་པའི་ཡོན་ཏན་གཞན་ལ་གནོད་པ་ཡི།། རྒྱུ་རུ་འགྲོ་བ་འཇིག་རྟེན་འདི་ན་མང༌། །

རིག་པའི་གནས་ལ་སློབ་པའི་སྐལ་དམན་བ། ། གྱོན་པའི་གོས་རྣམས་ལྕི་འདམ་དྲི་མས་སྦགས། །
ཤེས་རིག་ནོར་གྱིས་ཕོངས་པའི་ཞིང་འབྲོག་གི། །ཉམ་ཆུང་གཞོན་ནུ་རྣམ་པ་སྡོད་སྐྱིད་ཡག །

སྐྱིད་སྡུག་མ་ངེས་ཁ་ཆར་ལྷག་རླུང་ཁྲོད། ། དགའ་སྐྱོ་འདྲེས་མའི་རྫི་གླུ་ལྷང་ལྷང་ངང༌། །
ཉི་མ་གང་ཤར་ཕྱུགས་དང་འགྲོགས་པའི་མི། ། ཉམ་ཐག་རྫི་བོ་རྣམ་པ་ཟོག་འཚོ་བཟང༌། །

སློབ་གྲྭར་འགྲོ་བའི་གོ་སྐབས་མ་ཐོབ་པས། ། སྦྱངས་པའི་ཡོན་ཏན་ཟེར་བ་སྣ་ཁ་གཅིག །
མེད་པའི་གླེན་པ་བུ་ཁྱོད་རྒྱ་གྲོང་དུ། ། ཁྱི་རྐུན་བཞིན་དུ་འཁྱམ་ཉུལ་མ་བྱེད་ཨ། །

ཕྱི་ཚུལ་སྟག་གཟིག་ངར་མའི་སྤུ་རིས་ཅན། ། ནང་དུ་སྐྱེས་སྦྱངས་ཡོན་ཏན་ཀུན་གྱིས་ཕོངས༌། །
གདུག་པའི་མཚོན་ཆ་རྣོན་པོའི་མཆེ་སྡེར་ཅན།། གླེན་ལྐུག་གཅན་གཟན་གཏུམ་པོའི་ངང་ཚུལ་སྤོངས། །

ལུགས་མཐུན་བོད་པའི་གོས་དང་རྒྱན་གྱིས་མཛེས།། དམ་པའི་ལྷ་ཆོས་དགེ་བཅུའི་སྲོལ་བཟང་དང༌། །
མི་ཡི་ཁྱད་ཆོས་གཙང་མ་བཅུ་དྲུག་སོགས། ། ལྷད་མེད་བོད་པའི་གཤིས་ལ་གོམས་པར་གྱིས། །

ཀུན་སྤྱོད་སྤྲེ་འུའི་བྲོ་གར་འཁྲབ་ལ་བྱང༌། ། རྒྱ་བོད་དབྱིན་གསུམ་འདྲེས་པའི་བརྡ་སྤྲོད་དང༌། །
ཡ་མ་ཟུང་གི་རྒྱན་དང་ཆ་ལུགས་སོགས། ། འདི་གསུམ་གངས་ཅན་བོད་པའི་འཛེམ་བྱ་ཡིན། །

ཡ་རབ་བཟང་པོའི་སྤྱོད་ལ་གོམས་ཤིང་འདྲིས། ། གནའ་དེང་རིག་གནས་ཀུན་ལ་མཁས་པ་དང༌། །
བདེ་སྐྱིད་གཞི་རྩ་སྤུན་ཟླ་ནང་མཐུན་སོགས། ། རྩམ་ཟན་བོད་པའི་ལ་རྒྱ་མ་ཤོར་ཨང༌། །

སྐྱོན་ཡོན་རྣམ་པར་འབྱེད་པའི་བློ་གྲོས་ཀྱིས། ། ཐབས་དང་ཇུས་ཀྱི་ཁ་ཕྱོགས་མ་ནོར་ན། །
ཆོས་དང་འཇིག་རྟེན་བྱ་བ་གང་ཡིན་རུང༌། ། གེགས་མེད་བདེ་བླག་འགྲུབ་པ་དངོས་པོའི་གཤིས། །

མགོ་བོ་བརྩམས་པའི་བྱ་བ་གང་ཡིན་ཡང༌། ། མཐའ་འཁྱོལ་བར་དུ་གཅོད་པའི་ལེ་ལོ་དང༌།།
རྣམ་གཡེང་སྤངས་ཏེ་བརྩོན་པའི་སྟོབས་བསྐྱེད་ནས།། རེ་བའི་དམིགས་གཏད་གང་ཡིན་འགྲུབ་པར་གྱིས། །

ཐམས་ཅད་འདྲིས་འདྲིས་བྱས་པ་ཨ་གསར་ཉིད། ། ཕྲ་མས་དབྱེན་སྦྱོར་དཀྲུག་ན་བརྟན་པོ་མིན། །
དགའ་ཉེ་ཕན་ཚུན་སྣ་ཐག་རིང་བསྲིངས་ཏེ། ། མཐུན་ལམ་མཐའ་རུ་བསྐྱལ་ན་མི་ལེགས་སམ། །

རྐུ་རྫུན་གཡོ་ཁྲམ་འཁྲབ་ལ་མ་འཛེམ་ན། ། འཛམ་གླིང་མགོ་ནག་མི་ཡི་གྲལ་མཐའ་ནས། །
བུད་དེ་མི་མིན་ཁྱི་མིན་རྐང་གཉིས་ཞེས། ། ཁྱི་རྐུན་སྤྱང་ཀི་བཞིན་དུ་ཀུན་གྱིས་སྡང༌། །

ཁ་བདེན་ཁོག་དྲང་ལག་ཟུང་གཙང་བ་དང༌། ། བརྟན་ཅིང་ཏིག་ལ་རང་བཞིན་བཟང་ཞིང་སྒམ། །
མགོ་འཇུག་གཏམ་ལ་འཛུམ་གྱིས་བརྒྱན་པ་སོགས། ། ཡ་རབ་མི་ཡི་སྤྱོད་ལ་གོམས་པར་མཛོད། །

བྱམས་དང་བརྩེ་བ་ཡོན་ཏན་མཆོག་ཡིན་ཀྱང༌། ། མི་མཁས་པ་ཡིས་རང་གི་གཅེས་པའི་བུ། །
ལྐུག་པ་ལུག་གི་སྤུན་ཟླར་བསྒྱུར་བ་འདི། ། བྱམས་བརྩེ་གོ་ལོག་སོང་བའི་རྐང་རྗེས་ཡིན། །

འཁྱམས་པོ།
སྐྱོན་ཡོན་རྣམ་པར་འབྱེད་པའི་མིག་ལོང་ཞིང༌།། རྐང་གཉིས་དུད་འགྲོ་གཡག་གི་འདུ་ཤེས་ཅན། །
རང་རིགས་ནང་འཐབ་བྱེད་པའི་རྐང་འདྲེན་བ། ། མི་ཚེ་བཙོན་དུ་བསྐྱལ་དུས་ཨེ་སྐྱིད་ལགས། །

སློབ་གྲྭར་སོང་ནས་སློབ་སྦྱོང་མ་ཤེས་ཤིང༌། ། རང་ཁ་གསོ་ཕྱིར་རང་ལས་ཀྱང་མི་ལས། །
བདག་མེད་ཁྱི་ཡི་འགྲོ་སྟངས་མཚུངས་པའི་མི། ། གངས་ཅན་བོད་ལ་མེད་ན་དགའ་བ་ཡིན། །

ནང་དུ་ཕ་མ་སྤུན་མཆེད་འཚོ་གོས་ལ། ། ངན་ངོན་གྱུར་ཀྱང་རང་ཉིད་རྒྱ་གྲོང་དུ། །
བག་མེད་ལོངས་སྤྱོད་ངོམ་མེད་བྱེད་པ་ཡི། ། ཁྲེལ་མེད་འདི་དག་ཁྱི་ལས་ལོད་པའི་མི། །

བག་མེད་དུ་ཆང་སྤྱོད་ལ་མི་ངོམས་ཤིང༌། ། ཤོ་སྦག་རྒྱན་ལ་རོལ་བའི་མཐའ་འབྲས་སུ། །
རང་ཁྱིམ་གཙང་མར་བཟོ་པའི་ཕྱག་བདར་བ། ། ནང་མི་སྤྲང་པོར་བསྒྱུར་བའི་བྱས་རྗེས་ཅན། །

མྱོས་འགྱུར་ཆང་གིས་བཅོས་པའི་སྨྱོན་པ་བ།། བག་མེད་འཁྱམས་རྒྱུགས་རྒྱན་འཛུགས་རྩེད་ལ་གཡེང༌། །
དོན་མེད་མི་ཚེ་བསྐྱལ་བའི་ངང་ཚུལ་འདི། ། འདོ་མེད་མགོ་སྟོང་པ་ཚོའི་རྣམ་ཐར་ཡིན། །

ཆོས་དང་སྲིད་ཀྱི་གནས་ལུགས་མ་མཐོང་བར། ། ངའི་དང་ཁོའི་ཞེས་ས་ཆུ་ལ་རྩོད་པའི༌། །
གླེན་ལྐུག་བོད་པ་ཚང་གི་གཡུལ་འཐབ་འདི། ། མི་རིགས་གཞན་གྱིས་མཐོང་ན་ཁྲེལ་བའི་རྒྱུ། །

ལས་བྱེད།
རང་ཡུལ་སྐྱོང་བའི་གཞུང་གི་ལས་བྱེད་ཚོ།། དཔོན་ངན་དབང་གིས་དྲེགས་པའི་ང་རྒྱལ་དང༌། །
ལྐོག་རྔན་ནོར་ལ་ཆགས་པའི་ཕྱོགས་ལྷུང་སོགས། ། ཁྱེད་ལ་འགོ་བར་ཉེན་པའི་ནད་ཡམས་ཤིག །

ཉམ་ཆུང་མི་རྣམས་ཡལ་བར་དོར་བ་དང༌། ། དྲེགས་པ་རེངས་སུ་བཅུག་པ་མ་ཡིན་པར། །
དཀར་ནག་བདེན་རྫུན་ཐང་མར་བརྡལ་བྱས་ནས།། དྲང་པོས་ཁྲིམས་ཀྱིས་ཤན་འབྱེད་མ་ནོར་དགོས། །

ལྷ་ཆོས་དགེ་བའི་སྲོལ་བཟང་ལྟས་ངན་བལྟ། ། མི་ཆོས་མཐུན་པའི་སྲིད་ལ་སློབ་སྦྱོང་མེད། །
མི་སེར་སྡུག་ལ་སྦྱོར་བའི་ལས་བྱེད་འདི། ། ཡུལ་ཕྱོགས་འདི་ནས་གཞན་དུ་བཞུད་པར་ཞུ། །

ཟ་བའི་སེམས་ནི་ནམ་མཁའི་མཐོངས་ལྟར་ཡངས།། ལྐོག་རྔན་རི་ལྟར་སྤུངས་ཀྱང་མི་འགྲང་བའི། །
དམངས་ཀྱི་བདེ་སྡུག་མི་ཤེས་ལས་བྱེད་འདི། ། རྒྱལ་ཁམས་འདི་ནས་གཞན་དུ་གཤེགས་པར་ཞུ། །

སྐུ་དྲག་དཔོན་གྱི་རྫིག་ཉམས་མི་དགོས་ཤིང༌། ། མི་སེར་དཀྱུས་མ་ཚོ་དང་ལྷན་ཅིག་ཏུ། །
སྐྱིད་སྡུག་མཉམ་མྱོང་བྱེད་པའི་འགོ་དཔོན་འདི།། ཡུལ་ཁམས་འདི་ན་བརྟན་དུ་བཞུགས་པར་མཛོད། །

མངའ་འོག་འབངས་ལ་བྱམས་ཤིང་བརྩེ་བ་དང༌། ། རང་བཞིན་དྲང་ལ་ཕོད་སེམས་ལྡན་པ་ཡི། །
ཉམ་ཐག་མི་སེར་སྐྱོང་བའི་འགོ་དཔོན་འདི།། ཡུལ་ཁམས་འདི་ནས་གཞན་དུ་མ་ཕེབས་རོགས། །

ནགས་ཤོད་བློ་བཟང་ཕུན་ཚོགས།

 

Related Articles