སྟོབས་ལྔ།

སེར་ལྷོ་འབྲི་རུ་ལྷ་རམས་པ་ངག་དབང་ཐོགས་མེད།

དལ་བ་དོན་ལྡན་དུ་བྱེད་འདོད་པ་རྣམས་ཀྱི་ཚེ་གཅིག་གི་ཉམས་ལེན་གྱི་སྡོམ་ཆེན་པོ་ཞིག་ཡིན།

བློ་སྦྱོང་རྩ་ཚིག་ལས། མན་ངག་སྙིང་པོ་མདོར་བསྡུས་པ། །སྟོབས་ལྔ་དག་དང་སྦྱར་བར་བྱ། །ཞེས་གསུངས། བླ་མཆོད་ལས། ལམ་སྣ་མ་ཟིན་ཞེས་སོགས་རྐང་པ་བཞི་བྱུང་། དེ་དག་གི་དོན་སྟོབས་ལྔ་ལས། དང་པོ་འཕེན་པའི་སྟོབས་ནི། དགག་ཕྱོགས་ནས་དུས་ད་ནས་བཟུང་སྟེ་རང་གཅེས་འཛིན་དང་བདག་འཛིན་གཉིས་ཀྱི་དབང་དུ་མི་གཏོང་སྙམ་དུ་འཕེན་པ་ཡང་ཡང་གཏོང་བ་དང། སྒྲུབ་ཕྱོགས་ནས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་བར་དུའམ་ཐར་པ་མ་ཐོབ་བར་དུའམ་ཡང་ན་མ་ཤི་བར་དུ་སྐྱབས་འགྲོ་དང་ངེས་འབྱུང་བདེན་བཞི་དང་བདེན་གཉིས་སེམས་བསྐྱེད་དང་བློ་སྦྱོང་སོགས་ཉམས་ལེན་འདི་དང་མི་འབྲལ་བར་བྱའོ་སྙམ་དུ་འཕེན་པ་ཡང་ཡང་གཏོང་བ་ནི་འཕེན་པའི་སྟོབས་ཡིན། གཉིས་པ་གོམས་པའི་སྟོབས་ནི། ཉམས་ལེན་དེ་དག་གོམས་བྱེད་ཀྱི་ཡན་ལག་ཤེས་རབ་དང་ཏིང་འཛིན་ཚུལ་བཞིན་ཡིད་བྱེད་སོགས་དང་མི་འབྲལ་བར་བྱས་ནས་དམིགས་རྣམ་མི་བརྗེད་པར་ཡང་ཡང་གོམས་པ་ནི་གོམས་པའི་སྟོབས་ཡིན། གསུམ་པ་དཀར་པོ་ས་བོན་གྱི་སྟོབས་ནི། ཉམས་ལེན་དེ་དང་དེ་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་རྣམས་མི་ཉམས་པའི་ཆེད་དུ་ཕྱག་འཚལ་བསྐོར་སྦྱོང་སོགས་བྱེད་པ་ནི་མཐུན་རྐྱེན་ཚོགས་གསོག་པ་ ས་བོན་གྱི་སྟོབས་ཡིན། བཞི་པ་སུན་འབྱིན་པའི་སྟོབས་ནི་གཅེས་འཛིན་གཉིས་སྒོ་དུ་མ་ནས་ཉེས་པའི་འབྱུང་ཁུངས་དང་མི་འདོད་པ་ཐམས་ཅད་ཀྱི་ལེ་ལན་བདག་འཛིན་རང་ལ་འདའ་ནས་སྐྱོན་དུ་ལྟ་བ་ནི་སུན་འབྱིན་པའི་སྟོབས་ཡིན། ལྔ་པ་སྨོན་ལམ་གྱི་སྟོབས་ནི། དེ་ལྟ་བུའི་དགེ་རྩ་རྣམས་རང་གི་འདོད་བྱའི་འབྲས་བུ་དེ་མ་ཐོབ་ཀྱི་བར་དུ་མི་འབྲལ་བར་གྱུར་ཅིག་སྙམ་དུ་སྨོན་པ་དང་། དེ་ཐོབ་པས་རྒྱུར་འགྱུར་བར་ཤོག་ཅིག་སྙམ་དུ་སྨོན་པ་ནི་སྨོན་ལམ་གྱི་སྟོབས་ཡིན་ནོ།།

Related Articles